དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས། (ད་རང་གི་ཆུ་ཚོད་10པ་བར)

政务   2025-01-08 16:22   西藏  


    2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་གི་ཉེ་འཁོར་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད་པ་རེད། ཟླ་1ཚེས་8ཉིན་གྱི་ཆུ་ཚོད་10པའི་བར། ས་ཡོམ་ནང་ཁྱོན་མི་126རྐྱེན་ལམ་དུ་ཤོར་བ་དང་མི་188ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད།

    འདས་པའི་ཆུ་ཚོད་25ཡི་ནང་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་སྤྱི་འདོམས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ནུས་ཤུགས་ཡོད་རྒུས་ཉེན་ཁར་གྱར་བའི་མི་སྣ་འཚོལ་སྐྱོབ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་བཅས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་འཕྲལ་དུ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

    མིག་སྔའི་བར་དཔུང་སྡེ་དང་། སྤྱི་བདེ། དྲག་ཆས་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། མཐའ་མཚམས་དོ་དམ་བཅས་དང་། དེ་བཞིན་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྱོན་14668ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས་ཡོད་པ་དང་ཉེན་ཁར་གྱར་བའི་མི་407འཚོལ་སྐྱོབ་བྱས་ཡོད། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་སྨན་བཅོས་རོགས་སྐྱོབ་དཔུང་ཁག་ཁྱོན་26གི་མི་581དང་མྱུར་སྐྱོབ་རླངས་འཁོར་107མངགས་ནས་སྐྱེལ་འདྲེན་དང་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་ཏེ། རྨས་མ་ཚང་མ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱས་པ་དང་རྨས་སྐྱོན་ཚབས་ཆེན་ཕོག་མཁན་1རང་སྐྱོང་ལྗོངས་རིམ་པའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད། སྟོབས་ཤུགས་གང་ལེགས་བསྐོངས་ནས་གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་ཤར་གཏོང་དང་ཉམས་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཞིང་། ས་ཡོམ་བརྒྱབ་ནས་ལུག་པའི་ལམ་ཚང་མ་ཤར་གཏོང་ཐུབ་པ་དང་ཡོམ་ལྟེ་གྲམ་སོ་དང་། མཚོ་སྒང་། ཆུ་ལྷོ་བཅས་ཤང་དང་གྲོང་རྡལ་གསུམ་གྱི་སྒུལ་བདེའི་དྲ་རྒྱ་དང་གློག་ཤུགས་ཚང་མ་སླར་གསོ་ཐུབ་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། འཕྲལ་དུ་དབོར་ཡོང་བའི་གུར་དང་། ལྟེབ་ཁྲི། ཉལ་ཁྲི། སྲིང་བལ་ཉལ་ཆས། གྲང་འགོག་ལྭ་རིང་། དྲོད་སྲུང་ལྷམ། དྲོད་ལེན་ཡོ་ཆས། གློག་འདོན་འཕྲུལ་འཁོར། ཐབ། འཕྲལ་སྡོམ་གློག་སྒྲོན་བཅས་དང་དེ་བཞིན་བཟའ་བཅའ་དང་སྨན་རྫས་སོགས་མཁོ་ཆས་ཁྱོན་ཁྲི་42.8ལྷག་ཙམ་དང་འབུད་ཤིང་བླུགས་པའི་རླངས་འཁོར་81གཅིག་རྗེས་གཉིས་མཐུད་ངང་གནོད་འཚེ་ཕོག་ཁུལ་དུ་འབྱོར་ཡོད། གནས་སྤོ་བཀོད་སྒྲིག་བྱ་ཡུལ་187བཙུགས་པ་དང་། ཁྱོན་གུར་3705ཕུབ་པ། མི་46525གནས་སྤོ་བཀོད་སྒྲིག་བྱས་པས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཐུབ་ཡོད།

ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

ས་ཡོམ་རྒྱག་ཁུལ་དུ་རླངས་འཁོར་35དང་མི་198རོགས་སྐྱོབ་ལ་བཏང་བ་དང……

དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章