ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་བརྩེ་བས་ཁེངས། གཟིགས་དང་།

政务   2025-01-12 19:29   西藏  


    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས། རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ལ། བྱམས་སེམས་ཅན་གྱི་སྐྱེ་བོ་ཁྲི་སྟོང་མང་པོས་ཕྱོགས་བཞི་མཚམས་བརྒྱད་ནས་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་ནས་གཅེས་སེམས་མཚོན་པར་བྱེད་ཀྱི་ཡོད། 



    དེ་ཡང་ཟླ་1ཚེས་12ཉིན་གྱི་སྔ་དྲོ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་བསྟན་འཛིན་ཆོས་གྲགས་དིང་རི་རྫོང་མཚོ་སྒང་ཤང་གཞལ་བྲོད་གྲོང་ཚོར་ས་ཡོམ་གྱི་གནོད་འཚེའི་སྐོར་ལ་བཅར་འདྲིར་སྐྱོད་སྐབས། གྲོང་ཚོ་དེར་སྨུག་པོ་པགས་བྱེར་རམ་གྱུར་དུག(过敏性紫癜)གི་ནད་ཕོག་པའི་གྲོང་མི་ཞིག་ཡོད་པ་དང་། ནད་པས་རྒྱུན་དུ་ཟ་བའི་བོད་སྨན་ད་རེས་ས་ཡོམ་རྒྱག་དུས་བརླགས་ཡོད་པས་ལུས་པོར་ཟ་འཕྲུག་ལངས་ནས་བཟོད་ཐབས་བྲལ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།

    མ་གཞི་གྲོང་ཚོ་དེར་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང་སོགས་ཀྱི་སྨན་དོན་མི་སྣ་རོགས་སྐྱོབ་ཏུ་ཕེབས་ཡོད་མོད། འོན་ཀྱང་ཕྱི་ལུགས་ཀྱི་སྨན་མ་གཏོགས་ཁྱེར་མེད། 

    ནད་པར་སྨན་དུས་ཐོག་ཏུ་ཟ་རྒྱུ་བྱུང་མེད་པས། ནང་མིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།  

    མང་ཚོགས་ཀྱི་དོན་དག་ཡིན་ཕྱིན་ཐམས་ཅད་དོན་ཆེན་རེད། དེར་བརྟེན་གསར་འགོད་པས་དེ་མ་ཉིད་དུ་གྲོགས་ཚོམས་སུ་བོད་སྨན་མཁོ་བའི་གནས་ཚུལ་འདི་སྤེལ་བས། ཆུ་ཚོད་2ཙམ་ཡང་མ་འགོར་བར་ལྷ་སའི་གྲོང་མི་བསོད་ནམས་དབང་འདུས་ཀྱིས་སྨན་ཉོས་ཚར་འདུག

   “བསྟན་འཛིན་ཆོས་གྲགས་ལགས་ཀྱི་སྐད་འཕྲིན་ནས་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་སྨན་དེ་མཁོ་བའི་ཆ་འཕྲིན་མཐོང་བྱུང་། ངས་ལམ་སེང་ནད་པར་འབྲེལ་བ་བྱས་པ་ཡིན། རྣམ་ཀུན་ནད་པས་སྨན་གང་ནས་ལེན་མིན་ཤེས་མ་ཐག ལམ་སེང་སྨན་ཁང་ལ་འབྲེལ་བ་བྱས་པ་ཡིན། དེ་རིང་གཟའ་ཉི་མ་ཡིན་པས་སྨན་ཁང་སྒོ་ཕྱེ་མི་འདུག ཡིན་ནའང་སྨན་དོན་མི་སྣར་ཁ་པར་ནང་ནས་གསལ་བཤད་བྱས་པས། ཁོང་རྣམ་པས་ཀྱང་ལམ་སེང་སྨན་ལེན་པར་ཤོག་ཟེར་གྱི་འདུག”ཅེས་བསོད་ནམས་དབང་འདུས་ཀྱིས་གསར་འགོད་པར་བཤད་བྱུང་། 

    མིག་སྔར། ཁོང་གིས་ནད་པས་མངགས་པ་ལྟར། ཟླ་གཅིག་གི་སྨན་ཉོས་ནས་དིང་རིར་གེགས་སེལ་དངོས་ཟོག་སྐྱེལ་བར་འགྲོ་མཁན་ཞིག་ལ་བསྐུར་ཡོད་པ་རེད།

    ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་བརྩེ་བས་ཁེངས། མིག་སྔར་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་དང་སྤེལ་མུས་ཡིན་པས། དམག་འཐབ་འདིར་གང་མགྱོགས་རྒྱལ་ཁ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།  

    དིང་རི་ཤུགས་རྒྱོབ།  ང་ཚོ་ནམ་ཡང་མཉམ་དུ་གནས་ཡོད།

གསར་འགོད་པ། བསྟན་འཛིན།


ཀྲུང་དབྱང་ནས་དིང་རིའི་ཡོམ་འགོག་གེཊ་སེལ་སྐོར་ལ་བཀོད་སྒྲིག་གནང་དོན

ཀྲུང་དབྱང་ནས་ཏང་དངུལ་སྒོར་ཁྲི་5000ས་ཡོམ་བརྒྱབ་ཁུལ་དུ་སྤྲད་འདུག

པར་འདི་དག་རྫུན་མ་རེད་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章