ས་ཡོམ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཁྱབ་བསྒྲགས་བྱས་དོན།

政务   2025-01-07 20:16   西藏  


    ཟླ་1ཚེས་7ཉིན་གྱི་ཕྱི་དྲོར། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་དིང་རི་རྫོང་གི“1·07”ས་ཡོམ་གྱི་གནོད་འཚེ་ཕོག་ཚུལ་དང་རོགས་སྐྱོབ་ཀྱི་ལས་དོན་སྤེལ་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་གི་ཉེ་འཁོར་དུ(ཤར་གྱི་གཞུང་ཐིག་ཏུའུ་87.45དང་བྱང་གི་འཕྲེད་ཐིག་ཏུའུ་28.50ཡིན་པ)ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད་པ་རེད། ད་ཐེངས་ས་ཡོམ་ཀྱིས་ཤུགས་རྐྱེན་ཐེབས་པའི་ཤང་དང་གྲོང་རྡལ་གྲས་སུ་དིང་རི་རྫོང་གི་མཚོ་སྒང་ཤང་དང་། ཆུ་ལྷོ་ཤང་། གྲམ་སོ་ཤང་། ཉི་ཤར་ཤང་། རྒྱ་མཚོ་ཤང་། ཤེལ་དཀར་གྲོང་རྡལ་བཅས་དང་། གཏིང་སྐྱེས་རྫོང་གི་ཀོ་ལྕག་ཤང་དང་རྒྱལ་མཁར་གྲོང་རྡལ། ས་སྐྱ་རྫོང་གི་གཤོང་མ་ཤང་། ལྷ་རྩེ་རྫོང་གི་ཆུ་ཤར་གྲོང་རྡལ་དང་། གྲའུ་ཤང་། མང་ཕུ་ཤང་། གཞིས་ཆེན་ཤང་། ལྷ་རྩེ་གྲོང་རྡལ་བཅས་ཚུད་ཡོད་པ་རེད།  
 
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཚོགས་ར།
    
    གྲལ་བཤེར་རགས་ཙམ་བྱས་པ་བརྒྱུད། ཚེས་7ཉིན་གྱི་ཆུ་ཚོད་15བར། ས་ཡོམ་ནང་ཁྱོན་མི་95རྐྱེན་ལམ་དུ་ཤོར་བ་དང་མི་130ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཁང་པར་གཏོར་སྐྱོན་ཕོག་ཚད་བསྡོམས་རྩིས་རྒྱག་བཞིན་ཡོད་པ་རེད། དིང་རི་རྫོང་རོང་ཤར་ཤང་དུ་གློག་ཆད་ཡོད་པ་དང་། མཚོ་ལ་དང་རྒྱ་མཚོ་ལའི་ལམ་ལུག་ཡོད་ཀྱང་རོགས་སྐྱོབ་རླངས་འཁོར་སྐྱོད་ཐུབ་ཀྱི་ཡོད་པ་རེད།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཚོགས་ར།
    
    ས་ཡོམ་བརྒྱབ་རྗེས། གཞིས་རྩེ་གྲོང་ཁྱེར་གྱིས་འཕྲལ་མར་ཡོམ་འགོག་གེགས་སེལ་གྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ་ལས་དོན་ཚོགས་ཆུང་ཡོམ་ལྟེར་མངགས་པ་དང་། མི་སྣ་སྐྱོབ་བཅོས་དང་། དངོས་ཟོག་འགན་ལེན། སྒྲིག་བཀོད་མྱུར་བཟོ་སོགས་ཀྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་དང་། འབྲེལ་ཡོད་སྡེ་ཚན་དང་རོགས་སྐྱོབ་མི་སྣ་བསྟུད་མར་ཡོམ་ཁུལ་དུ་འབྱོར་ནས་གནོད་འཚེའི་གནས་ཚུལ་མཐིལ་བཤེར་དང་། འཕྲལ་སྡོམ་ཐག་གཅོད། མི་སྣ་འཚོལ་སྐྱོབ། ཉེན་གཡོལ། དངོས་ཟོག་གྲབས་གསོག་བཀོད་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་བཏང་བ་དང་། ཞོར་ཐོན་གནོད་འཚེ་བཀག་འགོག་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ཏེ་སྐྱོབ་བཅོས་ལས་དོན་ལེགས་པར་བསྒྲུབས་པ་དང་འབྲེལ། ནགས་ཚལ་མེ་ཟོན་དང་། དྲག་ཆས་ཉེན་རྟོག་པ། སྤྱི་བདེ། དཔུང་སྡེ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་མི་སྣ་3400ལྷག་ཙམ་དང་རླངས་འཁོར་དང་ཡོ་བྱད་150ལྷག་ཙམ་མྱུར་དུ་བསྐོངས་ཏེ་འཐབ་ས་དང་པོར་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བ་དང་། སྨན་དོན་མི་སྣ་340ལྷག་ཙམ་ཡོམ་ཁུལ་དུ་རྨས་མ་དང་ཉེན་གྱར་མི་སྣ་སྐྱོབ་བཅོས་བྱེད་པར་བཏང་བ་རེད། དེ་དང་ཆབས་ཅིག་ས་ཡོམ་རྒྱག་ཁུལ་དུ་སྟབས་བདེའི་འབྲས་ཚལ་དང་། གཏེར་ཆུ། སྟབས་བདེའི་ཐུག་པ། གྲང་འགོག་ལྭ་རིང་། ལྷམ། མལ་ཆས། ཉལ་ཁྲི། གུར་སོགས་གེགས་སེལ་དངོས་ཟོག་ཁག་གཅིག་བྲེལ་བརྩོན་ཆེན་པོས་བསྐྱལ་བ་རེད།

ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།


ས་ཡོམ་རྒྱག་ཁུལ་དུ་རླངས་འཁོར་35དང་མི་198རོགས་སྐྱོབ་ལ་བཏང་བ་དང……

ས་ཡོམ་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章