བུ་ཆུང་ཆུང་འདིས་ཉེན་རྟོག་པར་གུས་འདུད་ཞུ་དོན་གང་ཡིན་ཟེར་ན།

政务   2025-01-15 10:19   西藏  



    “པར་འདི་ནི་ངས་དིང་རི་རྫོང་མཚོ་སྒང་ཤང་སྐྱིད་འོང་གྲོང་ཚོ་ནས་བརྒྱབ་པ་ཡིན། པར་འདིའི་ནང་གི་མི་དམངས་ཉེན་རྟོག་པ་ནི་ང་ཚོའི་ལས་རོགས་བུ་ཚེ་རིང་རེད། ཟླ་1ཚེས་9ཉིན་ཁོང་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་སྐོར་གཡེང་རྒྱག་སྐབས་ཕྲུ་གུ་ཞིག་འཕྲད་པ་དང་། ཁོང་གིས་སོ་སོའི་བཏུང་བྱ་ཟླ་བ་བཀྲ་ཤིས་ཟེར་བའི་ཕྲུ་གུ་དེར་སྤྲད་རྗེས། ཕྲུ་གུ་དེས་ཁོང་ལ་ནན་ཏན་ངང་གུས་འདུད་ཞུས་སོང”ཞེས་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་འཕྲལ་སྡོམ་རོགས་སྐྱོབ་ཡན་ལག་རུ་ཆུང་གི་རུ་མི་ཀའོ་ཅིང་གིས་བཤད།

    ཟླ་1ཚེས་7ཉིན་གྱི་ཞོགས་པར། ས་ཡོམ་རྒྱག་སྐབས་གཏིང་སྐྱེས་རྫོང་དུ་ཡོམ་ཚོར་ཤུགས་ཆེ་ཙམ་བྱུང་ཡོད།

    “དིང་རི་རྫོང་མཚོ་སྒང་གྲོང་ཚོར་རོགས་སྐྱོབ་ལ་འགྲོ”ཞེས་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་འཕྲལ་དུ་བཀོད་སྒྲིག་བྱས་ཏེ་མི་54ལས་གྲུབ་པའི་འཕྲལ་སྡོམ་རོགས་སྐྱོབ་ཡན་ལག་རུ་ཆུང་ཞིག་མཚོ་སྒང་ཤང་དུ་ཐོན།

    ལམ་བར་དུ། ས་ཡོམ་གྱིས་རྐྱེན་པས་གས་རྡིབ་ཤོར་བའི་ལམ་མཐོང་མ་ཐག འཕྲལ་སྡོམ་རོགས་སྐྱོབ་ཡན་ལག་རུ་ཆུང་གིས་འགྲོ་མཚམས་བཞག་ནས་ལམ་བྱང་འཛུགས་ཀྱིན་ལམ་ངོས་མྱུར་བཟོ་བྱས། “དུས་རྒྱུན་སྐར་མ་40ལས་མ་འགོར་བའི་ལམ་ཐག་ལ་ད་རེས་ཆུ་ཚོད་གཅིག་ལྷག་ཙམ་འགོར་སོང”ཞེས་ལོ་ན་ཕྲ་བའི་ཉེན་རྟོག་པ་པ་སངས་ཚེ་རིང་གིས་སྐབས་དེ་དུས་ཀྱི་གནས་ཚུལ་གླེང་།

    རུ་མི་ཚོས་མཚོ་སྒང་ཤང་གི་གྲོང་ཚོ་5ཡི་ཁྱབ་ཚུལ་ལ་གཞིགས་ནས་ཚོགས་ཆུང་5ལ་བགོས་ཏེ་ཕྱོགས་ཡོངས་ནས་རོགས་སྐྱོབ་ལས་དོན་སྤེལ། མང་ཚོགས་མིག་མདུན་དུ་མཐོང་སྐབས་རོགས་སྐྱོབ་གོ་རིམ་ལྡན་པ་དང་ནུས་ཤུགས་དེ་བས་ཆེ་བ་འདོན་དགོས་ཀྱི་ཡོད་ཅིང་། “ང་ཚོས་ཞིག་རོའི་ཁྲོད་ནས་མི་གཅིག་རྗེས་གཉིས་མཐུད་ངང་བསྐྱབས་པ་དང་ད་དུང་ནོར་ལུག་ཀྱང་འབོར་ཆེན་བསྐྱབས་པ་ཡིན། དུས་ཡུན་ག་ཚོད་སྔོག་མིན་ཤོད་རྒྱུ་མི་འདུག་ལ། ངལ་དུབ་ཀྱི་སྣང་བའང་མི་འདུག”ཅེས་རུ་མི་བསྟན་དར་གྱིས་ཕྱིར་དྲན་བྱེད་བཞིན་བཤད།

    འཚོལ་སྐྱོབ་དང་། གནས་སྤོ། བཀོད་སྒྲིག་བཅས་བྱེད་སྐབས། ཡོམ་འཕྲོ་ཡང་སེ་བརྒྱབ་ཀྱང་རུ་མི་ཚོས་ལས་མཚམས་གཏན་ནས་འཇོག་མ་ཕོད། ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཡོལ་ཙམ་ལ་ཁོང་ཚོས་སྟབས་བདེའི་ཐུག་པ་རེ་སྦངས་པ་དང་དེ་ནི་ས་ཡོམ་བརྒྱབ་རྗེས་ཁོང་ཚོའི་ལྟོ་ཐུན་དང་པོ་དེ་ཡིན་པ་གཞི་ནས་དྲན།

    མཚན་མོར། ཁོང་ཚོ་འགྲུལ་སྐྱེལ་རླངས་འཁོར་ཐོག་ངལ་གསོ་ཆུ་ཚོད་གསུམ་ཙམ་ལས་རྒྱག་ཁོམ་མ་བྱུང་བར་མུ་མཐུད་རོགས་སྐྱོབ་ལས་ལ་གཞོལ།

    “ཉིན་གཉིས་པར། འཚོལ་སྐྱོབ་ཀྱི་འཕེལ་རིམ་དང་བསྟུན་ནས་ང་ཚོས་རོགས་སྐྱོབ་ཡན་ལག་རུ་ཆུང་སླར་ཡང་ཚོགས་ཆུང་གཉིས་ལ་བགོས་ཏེ་གནོད་འཚེ་ཚབས་ཆེ་བའི་གཞལ་བྲོད་གྲོང་ཚོ་དང་སྐྱིད་འོང་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གུར་རྒྱག་རོགས་དང་རོགས་སྐྱོབ་དངོས་ཟོག་དབོར་རོགས་ལ་ཕྱིན་པ་ཡིན”ཞེས་རུ་མི་ཟླ་ཆུང་གིས་བཤད།

    ཟླ་1ཚེས་9ཉིན། དྲོད་འཇམ་ཉི་འོད་གཟུགས་པོར་འཕྲོས་ཤིང་། གུར་སྔོན་པོ་སྟར་པ་རེ་རེ་དང་དངོས་ཟོག་དབོར་བཞིན་པའི་རླངས་འཁོར་རེ་རེ་མཐོང་སྐབས་མི་རྣམས་ཀྱི་སྐྱོ་སྣང་དང་འཇིགས་སྣང་གི་སེམས་པ་ལྷོད་ལ་ཅུང་བབས།

    མཚོ་སྒང་ཤང་གཞལ་བྲོད་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ། རུ་མི་ཚོས་དུད་ཚང་རེ་རེ་བཞིན་བརྟག་དཔྱད་བྱེད་སྐབས། ཨ་མ་རྒན་མོ་ཞིག་གིས་ཁོང་ཚོར་མཐེ་བོང་སྒྲེང་བཞིན་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    དེ་ནས་ཐག་མི་རིང་བའི་སར་གནས་པའི་སྐྱིད་འོང་གྲོང་ཚོར། ཕྲུ་གུ་ཞིག་གིས་ལས་རོགས་བུ་ཚེ་རིང་ལ་གུས་འདུད་ཞུ་བའི་རྣམ་པ་དེ་རུ་མི་ཀའོ་ཅིང་གིས་པར་དུ་བླངས།

    མི་སེམས་དྲོ་བའི་པར་འདི་མཐོང་བ་དང་བབ་ཆགས་པའི་གཏམ་རྒྱུད་འདི་འདྲ་ཐོས་སྐབས་སེམས་འགུལ་མི་ཐེབས་ཅི་ལ་སྲིད། གསར་འགོད་པས་བུ་ཚེ་རིང་ལ་བཅར་འདྲི་བྱེད་སྐབས། ཁོང་གིས“ཚང་མས་ལས་ཀ་འདྲ་འདྲ་བྱེད་ཀྱི་ཡོད། ང་ལ་བཅར་འདྲི་བྱེད་མི་དགོས། བཅར་འདྲི་བྱེད་དགོས་ན་ང་ཚོའི་ཡན་ལག་རུ་ཆུང་གི་ཁོངས་མི་ཚང་མར་བྱེད་རོགས”ཞེས་བཤད།

    ཚེས་10ཉིན་གྱི་ཉིན་དགུང་བར། གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཡོམ་འགོག་གེགས་སེལ་གྱི་རོགས་སྐྱོབ་ཐད་རིམ་རྩིས་བརྒྱབ་ན་ཉེན་རྟོག་པ་མི་ཐེངས་170བཏང་ཞིང་། མི་51སྨན་ཁང་དུ་སྐྱེལ་རོགས་བྱས་པ་དང་། མང་ཚོགས་855གནས་སྤོ་བྱས་པ། སྒོ་ཕྱུགས་མགོ་གྲངས་95བསྐྱབས་པ། གུར་120བརྒྱབ་པ། དངོས་ཟོག་རླངས་འཁོར་800ལྷག་ཙམ་ཕབ་པ། དུད་ཚང་178ལ་སྐོར་སྐྱོད་གྲལ་བཤེར་བྱས་པ། མང་ཚོགས་ལ་དཀའ་གནད་སེལ་རོགས་ཐེངས་27བྱས་པ་རེད།


ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གནས་སྐབས་བཀག་སྡོམ་བྱ་རྒྱུ་རེད་འདུག

དིང་རིའི་ས་ཡོམ་ཁྲོད་མི་265གྲོངས་འདུག་ཟེར་བ་དཀྲོག་གཏམ་རེད་འདུག

ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་རིམ་པ་སྤོར་བའི……




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章