སྐད་འཕྲིན་གྲོགས་ཚོམས་སུ་གཞན་ལ་འདི་ལྟར་བྱས་པར་ཆད་པ་ཕོག

民生   2024-11-22 16:31   北京  

    ཉེ་ཆར། ཀོང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མིང་གྲགས་ཐོབ་དབང་གི་རྩོད་གཞིའི་གྱོད་གཞི་ཞིག་ཞིབ་གཅོད་མཇུག་སྒྲིལ་ནས། སྐད་འཕྲིན་གྱི་གྲོགས་ཚོམས་སུ་ལས་གྲོགས་ལ་ངན་སྨྲས་བྱེད་མཁན་ཞུ་སྦྱོར་ཕྱི་མས་གྲོགས་ཚོམས་ཀྱི་ནང་དོན་དེ་བསུབ་པ་དང་། དགོངས་དག་ཐུགས་བདེན་ཞུ་དགོས་པ་མ་ཟད། ཞུ་སྦྱོར་སྔ་མའི་སེམས་ཁམས་ལ་གནོད་འཚེ་བཏང་བས་གུན་གསབ་དངུལ་སྒོར་ཁྲི་2སྤྲོད་རྒྱུའི་ཆད་པ་བཅད། 

   ཞའོ་ལི་དང་ཞའོ་ཧྥང་གཉིས་ཀས་ཀུང་སི་ག་གེ་མོར་སྡེ་ཁག་མི་འདྲ་བའི་སྤྱི་གཉེར་བའི་འགན་ཁུར་ཡོད། 2023ལོར་ཞའོ་ཧྥང་གིས་འཚོ་བ་དང་ལས་ཀ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཞའོ་ལི་ལ་སེམས་གཏིང་ནས་མ་དགའ་བར་འགལ་བ་བྱུང་། དེ་ནས་ཟླ་གཅིག་ལྷག་བསྟུད་མར་མོ་རང་གི་གྲོགས་ཚོམས་སུ་ཞའོ་ལི་ལ་དམའ་འབེབས་དང་ངན་སྨྲས་གཏོང་བའི་ནང་དོན་དོན་ཚན་40སྤེལ་ཡོད་པ་དང་། ཞའོ་ལི་དང་སྐྱེས་པའི་མཉམ་པར་དང་ཞའོ་ལིའི་ལག་ཐོགས་ཁ་པར་ཨང་གྲངས་སོགས་ཀྱི་པར་རིས་ཀྱང་བསྐུར་ཏེ། ཞའོ་ལི་ལ་འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་ཡོད་པ་ཤུགས་ཀྱིས་བསྟན།

   ཞའོ་ཧྥང་གི་སྐད་འཕྲིན་གྱི་གྲོགས་པོའི་ནང་ཀུང་སི་དེའི་འགོ་ཁྲིད་དང་ལས་གྲོགས་མང་པོ་ཡོད་པ་དང་། ཞའོ་ལི་ཡིས་ཞའོ་ཧྥང་གིས་སྤེལ་བའི་གོང་གསལ་གྱི་གྲོགས་ཚོམས་ནང་དོན་ཁྱབ་བསྒྲགས་བྱས་པ་ཤེས་རྗེས། སེམས་ངལ་ཆེན་པོ་ཐེབས་ནས་སྨན་ཁང་དུ་སེམས་ཁམས་སྨན་བཅོས་བྱེད་པར་ཕྱིན། སྨན་པས་ཞའོ་ལི་ལ་ཡི་མུག་ནད་ཡོད་པ་ངོས་བཟུང་བ་དང་། གཟའ་འཁོར་གཉིས་ལ་ངལ་གསོ་བྱེད་དགོས་པའི་རེ་བ་བཏོན།

   ཞའོ་ལིའི་འདོད་ཚུལ་ལྟར་ན། ཞའོ་ཧྥང་གི་ཆ་འཕྲིན་རྫུན་མ་བཟོས་ཏེ་གྲོགས་ཚོམས་སུ་རང་ཉིད་ལ་ངན་སྨྲས་བྱས་པའི་ཡི་གེ་དང་པར་རིས་སྤེལ་བ་དང་། བྱ་སྤྱོད་འདི་རིགས་ནི་མིང་གྲགས་དང་སྣང་བརྙན་ལ་དམའ་འབེབས་ཚབས་ཆེན་བྱས་ཏེ་མིང་གྲགས་ཀྱི་བདག་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས། ཁྲིམས་ཁང་ལ་ཞུ་གཏུག་བྱས། ཞའོ་ཧྥང་ལ་འཕྲལ་དུ་དབང་གནོད་བྱ་སྤྱོད་མཚམས་འཇོག་དང་། ཡོངས་གྲགས་སུ་དགོངས་དག་ཐུགས་བདེན་ཞུ་དགོས་པར་མ་ཟད། སེམས་ཁམས་ལ་གནོད་འཚེ་བཏང་བའི་གུན་གསབ་འཇལ་རྒྱུའི་རེ་བ་བཏོན།

    ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་ཆུས་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ཆད་བཅད་དོན། ཁྲིམས་ཆད་བཅད་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ་ཞའོ་ཧྥང་གིས་སྐད་འཕྲིན་གྲོགས་ཚོམས་སུ་དོན་ཚན་40ཚང་མ་མེད་པར་བཟོ་བ་དང་། སྐད་འཕྲིན་གྲོགས་ཚོམས་སུ་ཉིན་བཅུའི་རིང་བསྟུད་མར་ཞའོ་ལི་ལ་ཡོངས་གྲགས་སུ་དགོངས་དག་ཐུགས་བདེན་ཞུ་དགོས། གལ་ཏེ་ལག་བསྟར་མ་བྱས་པ་དང་ནར་འགྱངས་ལག་བསྟར་བྱས་ཚེ། ཁྲིམས་ཁང་གིས་གྲོང་ཁྱེར་རིམ་པའི་སྨྱན་སྦྱོར་ཚན་པར་བཅད་ཁྲའི་ནང་དོན་གཙོ་བོ་འགོད་རྒྱུ་ཡིན་པ་དང་འགྲོ་གྲོན་ཞའོ་ཧྥང་གིས་གཏོང་དགོས་པ་མ་ཟད། ཞའོ་ཧྥང་གིས་ཞའོ་ལིའི་སེམས་ཁམས་ལ་གནོད་འཚེ་བཏང་བས་གུན་གསབ་དངུལ་སྒོར་ཁྲི་2སྤྲོད་རྒྱུའི་ཆད་པ་བཅད། 

   ཞའོ་ཧྥང་མ་འཐད་པར་གོང་གཏུག་བྱས། ཀོང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་གཉིས་པས་གོང་གཏུག་ཕྱིར་སློག་བྱས་ཏེ། ཐོག་མའི་དཔྱད་མཚམས་སོར་བཞག་བྱ་རྒྱུའི་ཐག་བཅད། 


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章