ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཟླ་11ཚེས་21ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཨ་རིའི་འཐབ་ཇུས་སི་ལིང་པུའི་མཐོ་རིམ་འཐུས་མི་པུའུ་ཁན་ནན་གྱིས་སྔ་ཙམ་ཞིག་ལ་བསྟན་དོན་ཨ་རིས་ཉིང་རྡུལ་མཚོན་ཆའི་དམག་འཁྲུག་རྒྱག་འདོད་མེད་མོད། འོན་ཀྱང་། གལ་ཏེ་ཉིང་རྡུལ་མཚོན་ཆའི་དམག་འཁྲུག་ལངས་ཚེ། ཨ་རི་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆའི་བང་མཛོད་ཁག་གཅིག་སོར་ཉར་བྱས་ནས་འབྱུང་འགྱུར་གྱི་འགྲན་ཡ་དེར་ཁ་གཏད་གཅོག་རྒྱུན་ཡིན་པ་བཤད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
དེའི་ཐད། མགྲིན་ཚབ་པ་ལིན་ཅན་གྱིས་ཨ་རི་ཕྱོགས་ཀྱི་དཔོན་རིགས་ཀྱི་འབྲེལ་ཡོད་རྣམ་འགྱུར་གྱིས་ཨ་རིས་བཙན་དབང་དོན་གཉེར་དང་འཐབ་ཇུས་ལེགས་ཆ་དོན་གཉེར་བྱེད་པའི་བསམ་བློ་རྙིང་པ་དེ་མཚོན་ཡོད། ཉེ་བའི་ལོ་ཤས་རིང་། ཨ་རི་ཕྱོགས་ཀྱིས“ཕྱོགས་གསུམ་གཞི་གཅིག”གི་ཉིང་རྡུལ་སྟོབས་ཤུགས་རྒྱུན་མཐུད་རིམ་སྤོར་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲིད་ཇུས་ཁྲོད་ཀྱི་ཉིང་རྡུལ་མཚོན་ཆའི་ནུས་པ་ཆེ་རུ་ཕྱིན་པ། མནའ་མཐུན་རྒྱལ་ཁབ་དང་མཉམ་དུ་ཉིང་རྡུལ་མཉམ་སྤྱོད་དང“འཇིགས་གནོན”བཀོད་སྒྲིག་བྱེད་ཤུགས་ཆེ་རུ་ཕྱིན་པ། འབྲིང་འཕེན་འཕུར་མདའ་དང་འཕུར་མདེལ་འགོག་བྱེད་འཕུར་མདེལ་གྱི་མདུན་ཕྱོགས་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ། གོ་ལ་ཧྲིལ་པོའི་འཐབ་ཇུས་དོ་སྙོམས་དང་བརྟན་བརླིང་ལ་གཏོར་བཤིག་ཚབས་ཆེན་བཏང་བ། དམག་དོན་འགྲན་རྩོད་དང་ཁ་གཏད་བྱེད་ཤུགས་ཆེ་རུ་ཕྱིན་པ། ཉིང་རྡུལ་གྱི་ཉེན་ཁ་ཆེ་རུ་ཕྱིན་པ་བཅས་བྱས་ཡོད།
ལིན་ཅན་གྱིས། ཨ་རི་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་བྱེད་པའི་དམིགས་བསལ་དང་། སྔོན་མའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་སྔར་ལས་ལྷག་པའི་ངང་ཉིང་རྡུལ་མཚོན་ཆ་ཉུང་དུ་ཤུགས་ཆེན་བཏང་སྟེ། མཐར་ཕྱོགས་ཡོངས་ནས་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་མཐར་ཕྱིན་པ་བྱ་རྒྱུར་ཆ་རྐྱེན་སྐྲུན་པ་དང་། འཐབ་ཇུས་ཀྱི་ཉེན་ཁ་ཆུང་དུ་གཏོང་བ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བཅས་བྱ་ཆེད་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་བྱས།