ཟླ་11ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་19ཉིན། ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས་ཞང་ཀང་རྒྱལ་ཁབ་བདེ་སྲུང་ཅུས་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་མཁན་ཞང་ཀང་གི་དཔོན་རིགས་ལ་ཐོངས་མཆན་གྱི་ཚད་བཀག་གསར་པ་བཟོ་རྒྱུ་ཡིན་པ་བསྟན་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
ལིན་ཅན་གྱིས། ཞང་ཀང་དམིགས་བསལ་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་ཁྲིམས་འཛིན་སྒེར་པའི་གྱོད་གཞིར་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་། ཞང་ཀང་གི་ཁྲིམས་སྐྱོང་ལ་གནོད་འཚེ་གཏོང་བ་དང་། གཏོར་བཤིག་གཏོང་བར་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།
ལིན་ཅན་གྱིས། ཨ་རིས་ཀྲུང་གོའི་བདག་དབང་དང་ཞང་ཀང་གི་ཁྲིམས་སྐྱོང་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྩི་སྲུང་ནན་པོར་ཞུ་བ་ལས་བྱ་ཐབས་གང་རུང་ལ་བརྟེན་ནས་ཞང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མི་རུང་ཞེས་ནན་བཤད་བྱས་ཤིང་། ཨ་རི་ཕྱོགས་ཀྱིས་རང་འདོད་ཁེ་སྒྲུབ་བྱས་ཏེ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་ཀྱི་ཐོངས་མཆན་ཚོད་འཛིན་བྱས་ཚེ་ཀྲུང་གོ་ཕྱོགས་ཀྱིས་འགོག་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།