ལོ་འཁོར་འཆར་གཞི་དང་དེ་བཞིན་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཟླ་11པའི་ཟླ་སྨད་ནས་ཟླ་12པའི་ཟླ་དཀྱིལ་བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་རྒྱུད་འཐབ་ཁུལ་གྱིས་དམག་ཤུགས་བཏང་ནས་ཕ་ཁི་སི་ཐན་དུ“དཔའ་རྒོད-8”ཞེས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱ་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་མཉམ་འབྲེལ་ནང་སྦྱོང་ནང“མཉམ་འབྲེལ་འཇིགས་རྒོལ་གཙང་བཅོམ་རྡུང་རྡེག་བྱ་སྤྱོད”བརྗོད་གཞིར་བྱས་ནས། ཕྱོགས་གཉིས་པོས་རིམ་པ་མང་བ་དང་ཆེད་ལས་མང་བའི་མཉམ་བསྲེས་ནང་སྦྱོང་བྱས་ཏེ་དམག་འཐབ་ཀྱི་འཕེལ་རིམ་དངོས་ལ་གཞིགས་ནས་མཉམ་འབྲེལ་དམག་དཔུང་སྒྲིག་འཛུགས་ཀྱིས་འཆར་འགོད་དང་། དམག་དངོས་ཀྱིས་ནང་སྦྱོང་བྱ་རྩིས་ཡོད་པ་རེད། འདི་ནི་ཀྲུང་ཕ་དམག་དཔུང་གཉིས་ཀྱིས་རིམ་སྤེལ་ནང་སྦྱོང་ཐེངས་8པ་དེ་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དམག་དཔུང་གཉིས་པོའི་དངོས་སྒྲུབ་སྤེལ་རེས་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་འབྲེལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཀྱི་ནུས་པ་ཞིབ་བཤེར་དང་མཐོ་རུ་གཏོང་ཆེད་ཡིན་པ་རེད།