ཉེ་ཆར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་མང་པོ་ཞིག་ཏུ་ཕག་རྒོད་ཐོན་ཡོད་པ་མ་ཟད། མི་དང་སྲོག་ཆགས་ལའང་གནོད་འཚེ་བཟོས་ཡོད་པས་གླེང་གཞི་ཚ་ཤོས་སུ་གྱུར་ཡོད། གཞི་གྲངས་ལས་མངོན་པར། མིག་སྔར་རང་རྒྱལ་གྱི་ཞིང་ཆེན་28དུ་ཕག་རྒོད་ཁྱབ་ཡོད་པ་དང་། གྲངས་འབོར་ཁྲི་200ཙམ་ཟིན་པ་མ་ཟད། ཞིང་ཆེན་མང་པོར་ཁ་གྲངས་མང་དྲགས་ཡོད། དེའི་ནང་གནོད་འཚེ་ཕོག་པའི་ཞིང་ཆེན་26ཟིན་ཡོད་པ་རེད། འདི་ནི་ཅི་ཞིག་བྱུང་བ་ཡིན་ནམ། “སྲོག་ཆགས་ལ་སྲུང་སྐྱོབ”བྱེད་པ་ནས་“སྐྱེ་ཁམས་ཀྱི་སྤྱི་གནོད་”བར་དུ་ཕག་རྒོད་ཀྱིས་བརྒྱུད་རིམ་གང་ཞིག་བརྒྱུད་མྱོང་ཡོད་དམ།
ཉེ་བའི་ལོ་ཤས་རིང་སྲུང་སྐྱོབ་བྱས་པར་ཕན་འབྲས་ཐོན་ཏེ་ཕག་རྒོད་ཀྱི་ཁ་གྲངས་མགྱོགས་མྱུར་ངང་འཕར་ཡོད། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་ད་ལོའི་ཟླ་དང་པོར་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། རང་རྒྱལ་དུ་ཕག་རྒོད་ཁ་གྲངས་ཁྲི་200ཟིན་པ་དང་། གནོད་འཚེ་བཟོས་པའི་ཞིང་ཆེན་26ཟིན་ཡོད་པ་རེད།
མིག་སྔར། གྲོང་གསེབ་ཙམ་མ་ཟད། ཐ་ན་གྲོང་ཁྱེར་ནང་ཕག་རྒོད་ལ་འཕྲད་པའི་གནས་ཚུལ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།
2017ལོ་ནས་བཟུང་། ཅང་སུའུ་ནན་ཅིང་དུ་ཕག་རྒོད་གྲོང་ཁྱེར་དུ་འཛུལ་བའི་དོན་རྐྱེན་ཐེངས་མང་ཐོན་པ་དང་། ནན་ཅིང་གྲོང་ཁྱེར་དུ་ད་དུང་སྟེས་དབང་གིས་ཕག་རྒོད་འཕྲད་པའི་ཕྱོགས་སྟོན་བཟོས་ཡོད་དེ། ལག་བྲིས་ཀྱི་རྣམ་པའི་ཐོག་ནས་ཕག་རྒོད་ནན་ཅིང་དང་དེའི་མཐའ་འཁོར་ས་ཁུལ་དུ་ཐོན་པའི་གཙོ་གནད་ས་ཁོངས་རི་མོ་བཀོད་དེ། ཕག་རྒོད་དང་འཕྲད་སྐབས་ཀྱི་དོ་སྣང་བྱེད་དགོས་པའི་བྱ་བ་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་རེད།
ཉེ་ཆར། ཡུན་ནན་ཀྲའོ་ཐུང་ཡུང་ཧྲན་རྫོང་མོ་ཧན་ཞང་ལྡུམ་ར་གྲོང་ཚོར་བུད་མེད་ཅིག་གིས་གཞུང་ལམ་ཐོག་རླངས་འཁོར་གཏོང་སྐབས། གློ་བུར་དུ་ཕག་རྒོད་6མཐོ་ཚད་སྨི་100ལྷག་ཙམ་ཡོད་པའི་གཡང་གཟར་ནས་གཞུང་ལམ་ཐོག་ལྷུངས་སྟེ། ཕག་རྒོད་4གནས་དེ་རང་དུ་ཤི་བ་དང་ཕག་རྒོད་1ལ་རྨས་སྐྱོན་ལྕི་མོ་ཕོག་ནས་ཤི། ཕག་རྒོད་1ལ་རྨས་སྐྱོན་ཆུང་ཙམ་ལས་མ་ཕོག་པས་ཉེ་འགྲམ་གྱི་ནགས་ཁྲོད་དུ་འཛུལ་སོང་ཡོད།
ཀྲུང་གོ་ནགས་ལས་ཚན་རིག་ཁང་རང་བྱུང་སྲུང་སྐྱོབ་ཁུལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅིན་ཁུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ཞིང་ཆེན་26གི་རྫོང་དང་ཆུས་857དུ་ཕག་རྒོད་ཀྱིས་གནོད་འཚེ་གཏོང་བའི་གནས་ཚུལ་ཐོན་ཡོད། ཕག་རྒོད་ཀྱིས་གནོད་འཚེ་གཏོང་ས་ནི་ཞིང་གྲོང་དུ་གཙོ་བོ་ཞིང་ལས་ལོ་ཏོག་དང་འདེབས་འཛུགས་བྱས་པའི་སྨན་རྫས་དང་ནགས་ཚལ། ཤིང་ཏོག་སོགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་སུ་གཙོ་བོ་ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་འཇིགས་སྐུལ་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པ་བཅས་ཡིན།
ཕག་རྒོད་མང་དུ་ཕྱིན་པའི་རྒྱུ་རྐྱེན་གང་ཡིན་ནམ།
སྐྱེ་དངོས་རིག་པའི་ཁྱད་ཆོས་ནི། ཕག་རྒོད་ལ་སྐྱེ་འཕེལ་ནུས་པ་ཆེ་བ་དང་། འཕྲོད་ཚད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ཁ་གྲངས་མགྱོགས་མྱུར་ངང་འཕར་བ་རེད།
སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཕག་རྒོད་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཚོ་གནས་ཀྱི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་བཟའ་བཅའི་ཡོང་ཁུངས་མཁོ་འདོན་བྱས་ཡོད།
སྲུང་སྐྱོབ་སྲིད་ཇུས་ལག་ཏུ་བསྟར་བ། ཕག་རྒོད་སྔོན་ཆད་“ཡོད་པ་གསུམ་”གྱི་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་བཞག་སྟེ། སྐྱེ་ཁམས་དང་། ཚན་རིག སྤྱི་ཚོགས་བཅས་ལ་རིན་ཐང་ལྡན་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཡིན་ལ། འཛིན་གསོད་ལ་ཚོད་འཛིན་ནན་མོ་བྱས་ཡོད།
གང་དེའི་གཉེན་པོ་ཇེ་ཉུང་དང་འཕར་ཚད་དལ་བ། ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱིས་ས་ཁུལ་ཁ་ཤས་སུ་ཕག་རྒོད་ཀྱི་གཉེན་པོ་སྟེ། དཔེར་ན། སྟག་དང་གཟིག འཕར་བ། སྤྱང་ཀི་སོགས་མེད་པས་ཕག་རྒོད་ཀྱི་གྲངས་ཀ་འཕར་ཚད་མགྱོགས་པོར་སོང་ཡོད།
མི་སྒེར་གྱིས་ཕག་རྒོད་བསད་ཆོག་གམ།
རྒྱལ་ཁབ་ནགས་རྩྭ་ཅུས་ཀྱི་ཕག་རྒོད་ཁྱུ་ཚོའི་ཚོད་འཛིན་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཧྲེ་ཁུན་གྱིས། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་ཚབས་ཆེ་བའི་ས་ཁུལ་དུ། ཕག་རྒོད་སོགས་སྲུང་སྐྱོབ་བྱ་ཡུལ་མིན་པའི་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དེ་ནི་ཐབས་མེད་འུ་ཐུག་པ་ཞིག་ཡིན་མོད། འོན་ཀྱང་དེ་ནི་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་གདོང་ཐུག་ཞི་ལྷོད་དུ་གཏོང་བ་དང་ཆུང་དུ་གཏོང་བའི་ཆེས་ཐད་ཀར་དང་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་པ་དང་། རྩ་དོན་ནི་རྔོན་རྒྱག་ཐལ་དྲགས་མི་ཆོག་པ་དེ་རེད།
གལ་ཏེ་ཕག་རྒོད་ས་གནས་ཀྱི་གཙོ་གནད་སྲུང་སྐྱོབ་མིང་ཐོར་བཀོད་ཡོད་ན། སྔར་བཞིན་རྔོན་འཛིན་སྐོར་གྱི་གཏན་འཁེལ་ལྟར་ལག་ཏུ་བསྟར་དགོས།
ས་གནས་ཀྱི་གཙོ་གནད་སྲུང་སྐྱོབ་མིང་ཐོའི་ནང་ཚུད་མེད་ནའང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས། དཔེར་ན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་གཏན་འབེབས་བྱས་པ་དང་། རི་དྭགས་རྔོན་སྟངས་སྤྱད་མི་ཆོག་དག་བེད་སྤྱོད་བྱས་ནས་རྔོན་རྒྱག་མི་ཆོག དཔེར་ན། དུག་འཕེན་པ་དང་རྔོན་ཆས་སྤྱོད་པ་སོགས་ལྟ་བུ། འདི་དག་གི་ཐད་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བྱེད་དགོས།