ཨ་ཕ་དང་རྔམས་མཐུག་པའི་ཁ་བ། བླ་མ་ཀུན་བཟང་།

文摘   2024-11-12 12:56   青海  












ཨ་ཕ་དང་རྔམས་མཐུག་པའི་ཁ་བ།

བླ་མ་ཀུན་བཟང་། ལྷ་ས།

དཀར་གསལ་ཟླ་བ་ཨ་སྔོན་དབྱིངས་སུ་འཕགས་ཤིང་། རབ་དཀར་ཁ་བས་གཡོགས་པའི་ཁོར་ཡུག་ཐམས་ཅད་གསལ་ལྷང་ངེར་མངོན་པ་ལ། རབ་རིབ་ཀྱི་ལྡོག་འོད་ཅིག་ཀྱང་འཚེར་བཞིན་གདའ། ཕྱོགས་བཞི་མཚམས་བརྒྱད་ཁུ་སིམ་མེར་གནས་པས། འབྲོག་ཁྱི་རྒྱ་བོ་དེའི་ཟུག་སྐད་སྔར་ལས་ཀྱང་ཆེ་བར་སྣང་།

ཨ་མ་སྔ་མོ་ནས་རྨི་ལམ་གྱི་ཁམས་སུ་བཞུད་ཟིན་མོད། ཨ་ཕ་གཏན་ནས་གཉིད་ཁུག་གྱིན་མི་འདུག ཁོས་མལ་སའི་ནང་དུ་ཕར་འཁོར་ཚུར་འཁོར་གྱིས་འགྲེ་ལྡོག་འགའ་བརྒྱབ་རྗེས། སྒེའུ་ཁུང་ལས་འཕྲོས་འོངས་པའི་མག་མོག་གི་ཟླ་འོད་དེར་ཅེར་ནས་འདང་རྒྱག་གི་རྒྱ་རུ་ཚུད།

“ད་ལོར་རྩྭ་སྐྱེས་པ་བཟང་རྒྱུ་མེད་ལ། གཟན་ཆས་ཀྱང་མང་པོ་གྲ་སྒྲིག་བྱས་མེད་པས། ད་དུང་མུ་མཐུད་དུ་འདི་ལྟར་ཁ་བ་འབབ་མཚམས་མ་ཆད་ན་ཕྱུགས་ཟོག་ལོ་འཕུད་རྒྱུ་དཀའ་ཐག་ཆོད་རེད།”ཨ་ཕས་ང་གཉིད་མེད་པ་ཚོར་ནས་འདི་ལྟར་ཅུང་ཡིད་སྐྱོ་བའི་ངག་གིས་སྨྲས་བྱུང་། དོན་དངོས་ཀྱང་དེ་ལྟར་ཡིན་ཏེ། བསྟུད་མར་ཉིན་ལྔ་ལ་ཁ་བའི་འདབ་མ་འབབ་མཚམས་མ་བཞག་པས། མ་གཞི་ནས་ཉམ་ཐག་གི་རྩྭ་སྐྱ་དེ་དག་ཁ་བས་ཡོངས་སུ་གཡོགས་འདུག ནོར་ལུག་ལ་རྩྭ་ཟ་རྒྱུ་མེད་པ་དེ་ཉེ་ལམ་གྱི་ཨ་ཕའི་སེམས་ནད་ཆེན་པོ་ཞིག་ཏུ་གྱུར་ཡོད།“དོ་དགོང་ཟླ་འོད་གསལ་ལ་ནམ་མཁར་སྤྲིན་པའང་མེད་པས། སང་ཉིན་ཕལ་ཆེར་ཁ་བ་འབབ་རྒྱུ་མ་རེད།”ངས་ཨ་ཕ་ལ་སེམས་གསོའི་ཚུལ་དུ་དེ་ལྟར་ལབ།“མདང་དགོང་ཡང་འདི་ལྟར་མ་ཡིན་ནམ།”ཨ་ཕས་དེ་ལྟར་བཤད་ཞོར་དངན་པ་རིང་མོ་ཞིག་འཐེན་རྗེས་སླར་ཡང་མག་མོག་གི་ཟླ་འོད་དེར་ཅེར་ནས་བསྡད། ངས་ཀྱང་ཅི་བཤད་དགོས་པ་མ་ཤེས་པར་གཞི་ནས་གཉིད་པར་བརྩམས།

ཕྱི་ཉིན་ཞོགས་པར་ཨ་ཕ་སྔ་མོ་ནས་མལ་ལས་ལངས་ཤིང་རང་ཉིད་ཀྱི་སློག་པ་རྙིང་པ་དེ་རྒྱབ་ལ་གོན་ནས་ཁང་པའི་ཕྱི་རོལ་དུ་བུད་སོང་། ཁོང་གི་ལུས་བོངས་ཧ་ཅང་ཆེ་བས་དེའི་ཚོད་ཀྱི་རྐང་པའང་ཆེན་པོ་ཞིག་ཡོད་ལ། ཉིན་འགར་བརྩེགས་པའི་ཁ་བ་མཐུག་པོ་དེའི་ཁྲོད་དུ་རྐང་རྗེས་ཆེན་པོ་གང་མང་ཞིག་དཔར་བྱུང་། ཁོང་ཕར་གཡོ་ཚུར་གཡོ་ངང་ཁང་པའི་རྒྱབ་ཀྱི་དེའུ་འབུར་དེའི་སྟེང་འགོས་ཏེ་རྒྱང་ལྟ་བྱེད་འགོ་བརྩམས། འཇག་རི་སུམ་མདོའི་སྤང་ལྗོངས་ཡངས་པོ་དེ་ནི་རབ་དཀར་ཁ་བའི་གོས་དཀར་གྱི་ན་བཟའི་འོག་བདེ་བར་གཟིམས་པ་ལྟར་ཁུ་སིམ་མེར་གནས་ཤིང་། རྒྱང་རིང་གི་ན་མཐའ་རུ་འཁྱགས་པས་བསྡམས་པའི་ཆུ་བོ་དེ་འགུལ་མེད་ཀྱི་དར་དཀར་ཡུག་ཅིག་དང་འདྲ་བར་རིང་དུ་འཐེན་ཡོད་ལ། དེའི་ཉེ་འཁོར་དུ་ཁ་བ་མཐུག་པོ་མེད་པར་མ་ཟད་ན་ཁུག་ཏུ་རྩི་ཤིང་རིང་པོ་གང་མང་ཡོད་པ་རྒྱང་རིང་ནས་བལྟས་ཚེ་རབ་དཀར་ཁོར་ཡུག་འདིའི་ཁྲོད་སེར་ལམ་མེར་གནས་ཡོད་པས། ཨ་ཕས་དེ་མཐོང་འཕྲལ་དེ་རིང་ནོར་ལུག་གནས་དེར་འདེད་དགོས་སྙམ་ཞོར་སླར་ཡང་ཕར་གཡོ་ཚུར་གཡོ་སྒོས་དེའུ་འབུར་ལས་བབས་ཏེ་ཁྱིམ་དུ་ལོག

ཨ་ཕའི་སྐྲ་མ་གཞི་ནས་འཇིལ་ལི་ཆགས་ཡོད་པ་མ་ཟད། ཉིན་མང་པོར་བཀྲུས་མེད་པས་ད་ལྟ་ཧ་ཅང་འཛིང་ཆེ་བར་སྣང་ལ། འཇིལ་ལི་ཆགས་པའི་སྐྲ་རིང་པོ་དེའི་གསེབ་ཏུ་སྐྲ་དཀར་གྱི་ཉག་མ་ཁ་ཤས་ལྷང་ངེར་མངོན། ངས་ཁོང་ཕར་གཡོ་ཚུར་གཡོ་སྒོས་ཚུར་འོངས་པར་བལྟས་བསྡད་པ་ན། ཁོའི་རྐང་པ་སྔར་ལས་མི་བདེ་བར་གྱུར་ཡོད་པ་གཞི་ནས་ཚོར། ཨ་ཕའི་རྐང་པ་ནི་ལོ་ན་གཞོན་དུས་རྟ་རྒྱབ་ནས་སར་ལྷུང་སྟེ་རྨས་པ་ཡིན་པས། རྗེས་སུ་གནམ་གཤིས་འཁྱག་དུས་ན་ཟུག་ཇེ་ཆེར་འགྲོ་སྲིད། ད་ལོའི་དགུན་ཁར་གྲང་ངར་ཆེ་ལ། ལྷག་པར་ཉེ་ལམ་ཉིན་འགར་ཁ་བ་འབབ་མཚམས་མ་ཆད་པས་ཨ་ཕའི་རྐང་པར་ན་ཟུག་བཟོད་བླགས་མེད་པ་འབྱུང་བཞིན་ཡོད། འོན་ཀྱང་ཁོས་ཉིན་རྒྱུན་ན་ཟུག་བཟོད་བསྲན་བྱས་ཏེ་ནོར་ལུག་དེད་ནས་རྩྭ་ཆུ་ཅུང་ལེགས་སར་འཚོ་སྐྱོང་བྱེད་དུ་འགྲོ་སྲིད།

དེ་རིང་ཁ་བ་མ་བབས་པ་ནི་ཨ་ཕར་མཚོན་ན་ཡུན་རིང་བྱུང་མ་མྱོང་བའི་དོན་དག་དགའ་འོས་པ་ཞིག་ཡིན། རྟ་བདུན་དབང་པོའི་འཛུམ་ཞལ་ཐོག་མ་ཤར་རིའི་ཕྲག་པ་ནས་མངོན་པ་དང་ཆབས་ཅིག་སེར་ལམ་ལམ་གྱི་ཉི་འོད་འཇམ་པོ་དེ་ཕྱོགས་བཞིར་འཕྲོ་འགོ་བརྩམས་པ་དང་། ཅུང་ཙམ་འགོར་རྗེས་མདུན་ཕྱོགས་སུ་ཕར་གཡོ་ཚུར་གཡོ་སྒོས་འོང་བཞིན་པའི་ཨ་ཕའི་གདོང་ལ་ཕོག་པས། ཨ་ཕའི་རྒས་གཉེར་གྱིས་ཁེངས་པའི་དཔྲལ་བ་འོད་ཡུག་ཡུག་བྱེད་ལ། ཁོང་གི་མིག་ཟུང་གིས་ཉི་འོད་ཀྱི་བཀྲག་མདངས་ལྡོག་མ་ནུས་པར་འབྱེད་མ་བཙུམ་གྱིས་འགྲོ་ལམ་ལ་ལྟ་བཞིན་ཡོད།

“དེ་རིང་ཁ་བ་འབབ་རྒྱུ་མ་རེད། སྔ་མོར་ནངས་ཇ་འཐུང་དང་ངེད་གཉིས་ཕྱུགས་འཚོ་རུ་འགྲོ”ཨ་ཕས་གཟབ་ནན་གྱི་ངང་ང་ལ་དེ་ལྟར་བཤད་མོད། ཁོང་གི་མིག་ཟུང་ཁྲོད་སྤྲོ་བའི་ཉམས་ཤིག་རང་བཞིན་གྱིས་མངོན་ཡོད་པས། ཁ་བ་མ་བབས་པ་ནི་ཨ་ཕར་མཚོན་ན་དངོས་གནས་དོན་བཟང་ཞིག་ཡིན། ཁོས་དེ་ལྟར་བཤད་རྗེས་མདང་དགོང་མ་མོས་ལུ་གུ་བཙས་མེད་དམ་སྙམ་ཞོར་སེར་གས་ཁེངས་པའི་ཕྱག་ཟུང་གིས་ལུག་རའི་སྒོ་ཕྱེ་ནས་ནང་དུ་ཡར་ལྟ་མར་ལྟ་བྱེད་བཞིན་མཆིས།

ནངས་ཇ་འཐུང་རྗེས། ཨ་ཕས་རང་ཉིད་ཀྱི་སློག་པ་རྙིང་པ་དེར་སྐ་རགས་དམ་པོར་བཅིངས་ནས་ནོར་ལུག་ལྷས་ར་ལས་འཕུད་དུ་ཆས། ཁོང་ནི་ཕྱུགས་ཟོག་འཚོ་སྐྱོང་ལ་གོམས་ཤིང་ཕྱུགས་ཟོག་གི་བདེ་སྡུག་ལ་ཆ་རྒྱུས་མངའ་བའི་འབྲོག་མི་རྒན་པ་ཞིག་ཡིན་པས། དེ་རིང་ཕྱུགས་ཟོག་ཇི་ལྟར་འཚོ་བར་སྔ་མོ་ནས་འཆར་གཞི་འཐུས་ཚང་ཞིག་བཀོད་ཡོད་ངེས།

ནོར་ལུག་དང་ཨ་ཕའི་རྐང་རྗེས་ཀྱིས་རབ་དཀར་ཁ་བས་གཡོགས་པའི་ཁོར་ཡུག་འདིའི་ཁྲོད་རྗེས་ཤུལ་རིང་མོ་ཞིག་འཐེན་བྱུང་། ཁོང་གི་བརྗིད་ཆེ་བའི་ལུས་པོ་དེ་ནོར་ལུག་གི་རྨིག་རྗེས་ཁྲོད་མངོན་པར་གསལ་ལ། ཕར་གཡོ་ཚུར་གཡོ་སྒོས་འགྲོ་བའི་རྣམ་པ་ནི་དགོད་བྲོ་བ་ཞིག་ཡིན་ལ་ངུ་བྲོ་བ་ཞིག་ཀྱང་རེད། ཨ་ཕའི་ཨུ་ཚུགས་ཀྱིས་རང་ཉིད་ཀྱི་རྐང་པ་འཐེང་བོར་གཏོང་ལ་ཁད་བྱས་ཡོད་པ་ནི་ཁོས་ཁྱིམ་ཚང་འདིའི་དོན་དུ་དཀའ་སྡུག་གི་རྔུལ་ཁྲག་བཏོན་པའི་མཚོན་རྟགས་ཤིག་ག་ལ་མིན། རྒྱུན་པར་ཁོས་སྨན་ཁང་དུ་སོང་ན་ཡང་འགྲོ་སོང་མང་པོ་གཏོང་དགོས་བསམ་ནས་འགྲོ་ཕོད་ཀྱིན་མེད།

ཉི་འོད་སེར་ལམ་ལམ་ངང་ཕངས་མེད་དུ་ས་གཞིའི་སྟེང་དུ་འཕྲོ་བཞིན་མཆིས་ལ། ཁ་བས་གཡོགས་པའི་ས་གཞི་དེ་ལས་སླར་ཡང་ཚེ་སྲོག་བརྟན་པའི་རྩྭ་ཕྲན་རེ་འགའ་ཕྱི་རུ་མངོན་འགོ་བརྩམས། ཨ་ཕས་གཡའ་དག་པའི་ནམ་མཁར་ལྟ་ཞོར། གཉེར་མས་ཁེངས་པའི་བྱད་བཞིན་ལས་བཅོས་མིན་གྱི་འཛུམ་ཆུང་དྲོན་མོ་ཞིག་ཕྱི་རུ་མངོན། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། གཡང་འབུམ་ཚེ་རིང་།
སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章