དགེ་བཤེས་འཇམ་དབྱངས་ཆོས་འཕེལ་མཆོག་གི་རྣམ་ཐར། བིས་པ་མཆོག་སྤྲུལ།

文摘   2024-12-11 10:02   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


༄༅། །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་ཆོས་འཕེལ་མཆོག་གི་རྣམ་ཐར་མདོར་བསྡུས་པདྨ་དཀར་བོའི་ཆུན་པོ།


འཇ༵མ་དབྱ༵ངས་མི་ཡི་རྣམ་རོལ་ཙོང་ཁ་པའི། །

ཆོ༵ས་ཚུལ་འཆད་རྩོད་རྩོམ་པའི་མཐུ་སྟོབས་ཀྱིས། །

ཕྱོགས་འདིར་བཤད་སྒྲུབ་འཕེ༵ལ་བའི་ཟླ་བཞིན་མཛད། །

མཚུངས་མེད་དགེ་བའི་བཤེས་ལ་གསོལ་བ་འདེབས། །

   ཞེས་ཐོག་མ་དང་ཐ་མ་ཀུན་ཏུ་དགེ་བའི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་པདྨ་དཀར་བོའི་ཆུན་པོ་དད་གུས་ལག་ཟུང་སྙིམ་པའི་མཐིལ་དུ་བཟུང་སྟེ་གང་གླེང་བར་བྱ་བའི་སྙིང་བོ་ལ།

    དེ་ཡང་མདོ་སྨད་བསྟན་པའི་འབྱུང་གནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་རོང་བོ་དཔལ་གྱི་དགོན་ཆེན་གྱི་མཁས་གྲུབ་གསེར་རིའི་ཕྲེང་བ་རིམ་པར་བྱོན་པའི་ཁྲོད་ན། དུས་འདིར་རྒྱུ་སྐར་དབུས་ན་ཟླ་བ་བཞིན་མངོན་པར་འཕགས་པ། ༧གོང་ས་༧ཤར་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གི་བཤད་སྒྲུབ་འཕྲིན་ལས་ཀྱི་གདུགས་དཀར་གྱེན་དུ་འདེགས་པའི་གཞུང་བརྒྱ་སྨྲ་བའི་དབང་བོ། བྱང་ཆུབ་ལམ་གྱི་རིམ་པའི་དགོངས་དོན་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ། བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དོན་གྱི་སླད་དུ་མཚན་ནས་སྨྲས་ན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་བཙུན་བླ་མ་འཇམ་དབྱངས་ཆོས་འཕེལ་དཔལ་བཟང་བོ་མཆོག་ནི། མདོ་སྨད་ལྷོ་རྒྱུད་ཀྱི་སའི་ཆ་ཤས་གཅན་ཚ་སྐྱ་ནག་ཤོག་ཁ་གཉིས་ཀྱི་ནང་ཚན། སྐྱ་རྒྱའི་ཕ་གཞིས་སྡེ་བ་ཞེས་བྱ་བར་ཡབ་བསོད་ནམས་རབ་བརྟན་དང་ཡུམ་ཨ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་སྣ་ཚོགས་དབྱིག་ཅེས་པ་ཤིང་སྦྲུལ་ཏེ་ཕྱི་ལོ་གཅིག་དགུ་རེ་ལྔ་ལོའི་ཟླ་བཅུ་བའི་ཚེས་ལྔ་ཉིན་སྐུ་འཁྲུངས་ཤིང་མཚན་ལ་སངས་རྒྱས་ཐར་ཞེས་གསོལ། དགུང་གྲངས་དགུའི་སྟེང་སློབ་ཆུང་འགྲིམས་ཏེ་ཡོན་ཏན་གྱི་གཞི་མ་ཡི་གེའི་འབྲི་ཀློག་དང་ཕྲལ་སྦྱོར་སོགས་ཀྱི་རྨང་གཞི་བཏིངས། བར་སྐབས་ཤིག་ཏུ་ཡུལ་དེའི་རི་ཁྲོད་པ་དཔལ་བཟང་མཆོག་གིས་རྗེ་འདིའི་ཡབ་ལ་བུ་འདིས་སྨན་ལ་སྦྱངས་ན་མ་འོངས་པར་རྩེར་སོན་ཞིག་ཡོང་ངོ་ཆེ་ཞེས་གསུངས་པའི་རྐྱེན་བྱས་ཏེ། ཕྱོགས་འདིར་གྲགས་པ་ཆེ་བའི་འཚོ་བྱེད་པ་ཨ་ཁུ་འཕྲིན་ལས་ཀྱི་འཁྲིས་སུ་བསྐྱལ་བས་རྩ་རྒྱུད་བློར་བཟུང་སྟེ་སྨན་གྱི་སྐོར་ཅུང་ཙམ་ལག་ལེན་གནང་ཡང་། དམ་པ་ཁོང་གིས་ད་དུང་སློབ་གཉེར་རྒྱ་ཆེན་ཞིག་གནང་འདོད་ཀྱིས་དགུང་ལོ་བཅོ་ལྔའི་སྟེང་རྒྱུགས་སྤྲད་དེ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་འགྲིམས་ཤིང་། སྐབས་དེར་སྦྱང་གཞི་རྒྱ་ཡིག་དང་རྩིས་རིག་སོགས་ཀྱི་ཐད་ནས་སྐབས་རེར་ཨང་དང་བོ་བླངས་ཤིང་ཨང་གསུམ་པ་མན་ལ་ལྷུང་མ་མྱོང་བར་ལོ་གསུམ་ཙམ་གྱི་ཡུན་ལ་ཕེབས། སྐབས་དེ་ཙམ་ན་རྐྱེན་སྣ་ཚོགས་ཤིག་གི་དབང་གིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་འདོད་ཀྱི་ཐུགས་དགོངས་བཟློག་ཏུ་མེད་པ་འཁྲུངས་ཏེ། དགུང་གྲངས་བཅོ་བརྒྱད་པ་ཆུ་ཁྱི་སྟེ་ཕྱི་ལོ་གཅིག་དགུ་གྱ་གཉིས་ལོའི་སྟོན་དུས་སུ་ཁོང་དང་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་གཉིས་བླ་བྲང་དགོན་པར་ཕེབས་རྩིས་ཀྱིས་ལམ་ལ་ཆས་ཀྱང་། རླངས་འཁོར་ལ་མ་འཕྲོད་པས་ཞབས་སོར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ལ་བསྒྱུར་ཏོ།།

      དེ་ནས་མདོ་སྨད་བསྟན་པའི་འབྱུང་གནས་ཨ་མདོ་དབུས་གཙང་གཉིས་པ་རོང་བོ་དགོན་ཆེན་དུ་ཕྱགས་བཏེགས་ཤིང་། དགོན་ནང་དུ་ཕེབས་པ་དང་མཉམ་དུ་ཚོགས་དུང་འབུད་པ་དུས་འགྲིག་པ་བྱུང་བས་འདི་ཉིད་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བ་ཞིག་ཏུ་ངེས་སོ།། དེ་ནས་བསྟན་འགྲོའི་དཔལ་མགོན་དམ་པ་རྫོང་ཆུང་གསེར་ཁྲི་རིན་པོ་ཆེའི་གསེར་ཞལ་ཐོག་མར་མཇལ་ཞིང་། ཁོང་གིས་གཞན་དུ་མི་འགྲོ་བར་གདན་ས་འདིར་བཞུགས་དགོས་པའི་བཀའི་མེ་ཏོག་བདེ་ཆེན་འཁོར་ལོའི་རྒྱན་དུ་བཀོད་པ་ལ་བརྟེན་ནས་རོང་བོ་དགོན་ཆེན་དུ་བཞུགས་པ་འདི་བྱུང་ལ། དཔག་པར་དཀའ་བའི་ཡོན་ཏན་གྱི་བང་མཛོད་དམ་པ་དགེ་བའི་བཤེས་གཉེན་ཆེན་མོ་འཇའ་མོ་ཨ་ཁུ་ཚང་རྗེ་དགེ་འདུན་ཆོས་འཕེལ་དཔལ་བཟང་བོའི་སྤྱན་སྔར་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབས་ཏེ་མཚན་ལ་འཇམ་དབྱངས་ཆོས་འཕེལ་ཞེས་གསོལ། དེ་ནས་མང་དུ་ཐོས་པ་འཚོལ་བའི་གོ་ཆ་བརྟན་པོ་བདག་གིར་བཞེས་ཆེད་མཁས་གྲུབ་བྱེ་བའི་བསྟི་གནས་རོང་བོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཞུགས་གནང་ཞིང་། ལུང་རྟོགས་ཡོན་ཏན་གྱི་དབང་ཕྱུག་དམ་པ་འཇའ་མོ་ཨ་ཁུ་ཚང་རྗེ་དགེ་འདུན་ཆོས་འཕེལ་མཆོག་གི་ཞལ་སྔ་ནས་ཚུལ་བཞིན་བསྟེན་ཏེ་བསྡུས་གྲྭའི་དཔེ་ཁྲིད་ལ་རིམ་པར་ཕེབས། སྐབས་དེར་འབྱོར་བ་ཞན་ཅིང་བཞུགས་གནས་ཀྱང་དཀོན་པས་ལྷ་སྡེའི་ཁྱིམ་ཚང་ཞིག་གི་སིལ་ར་གཡར་ནས་དེར་བཞུགས་ཏེ། སློབ་གཉེར་ལ་བརྩོན་པ་རྨད་དུ་བྱུང་བ་གནང་བས་མཐོ་དམན་ཀུན་གྱིས་དགའ་གུས་ཡི་རངས་བྱ་བའི་གནས་སུ་གྱུར། བར་སྐབས་ཤིག་ནས་གཞན་གྱིས་མཚམས་སྦྱོར་གྱི་གྲོགས་དན་ལ་བརྟེན་ནས་ལེགས་ཚོགས་ཀྱི་མངའ་བདག་བྱིངས་འདྲེན་ཆེན་མོ་ཨ་ཁུ་དགེ་ལེགས་རྒྱ་མཚོ་མཆོག་ལོ་ངོ་དུ་མའི་རིང་ལ་གནས་ཀྱི་སློབ་དཔོན་དུ་བསྟེན་ཏེ་བཞུགས་པས་འདི་བ་ཁོང་ལ་བཀའ་དྲིན་མཆོག་ཏུ་ཆེ་བའི་བཤེས་གཉེན་དུ་གསུངས།གནས་ལྔ་རིག་པའི་དབང་ཕྱུག་ཡོངས་འཛིན་སྐུ་གཞོན་འཇིགས་མེད་ཐེག་མཆོག་ལས་ཀྱང་རིག་གནས་ཀྱི་དཔེ་ཁྲིད་ཞུས་ཤིང་། སློབ་དཔོན་ཆེན་མོ་ཐ་སྙད་པ་འཇམ་དབྱངས་གྲགས་པ་མཆོག་ལས་ཀྱང་། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་མཁས་པའི་དཔལ་ལྡན་བླ་མ་དམ་པ་འདི་དང་།ལེགས་པར་བཤད་པའི་བདུད་རྩིའི་ཟེགས་མ་འཛིན་པ་ལ་བློ་གྲོས་ཀྱི་འབབ་སྟེགས་དང་ལྡན་པའི་བཤེས་གཉེན་དམ་པ་རོང་བོ་བློ་བཟང་སྙན་གྲགས་གཉིས་ལྷན་ཕེབས་ཀྱིས་སྙན་ངག་སོགས་གསན་པས་ཐུན་མོང་བའི་རིག་གནས་སྐོར་ལའང་དེ་ལུགས་ཀྱིས་གསན་སྦྱོང་དཔྱིས་ཕྱིན་པར་མཛད་དེ་ཐ་སྙད་གཙུག་ལག་གི་འོ་མས་རྣམ་དཔྱོད་ཀྱི་ལུས་སྟོབས་ཆེས་ཆེར་རྒྱས། འཛིན་གྲྭ་རྣམ་འགྲེལ་ཞོལ་མར་ཕེབས་པ་དང་མཉམ་དུ་སྡེ་སྣོད་རྒྱ་མཚོའི་དགོངས་དོན་ལ་དབང་འབྱོར་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་འཛིན་རྒན་པ་རྗེ་དགེ་འདུན་བསྟན་འཛིན་མཆོག་ལས་ཀྱང་བློ་རྟགས་གྲུབ་མཐའ་ས་ལམ་སོགས་གཞུང་ཆེན་བཀའ་པོད་ལྔ་དང་། སྔགས་ཕྱོགས་རྒྱུད་སྡེ་བཞིས་མཚོན་པའི་རྒྱ་བོད་མཁས་པའི་གཞུང་འགྲེལ་སྤྱི་ཐལ་མང་བོའི་དཔེ་ཁྲིད་རིམ་པར་གསན་ཏེ་རིགས་ལམ་ཕྲ་མོ་དང་བཅས་པར་གསན་སྦྱངས་མཐའ་ཆོད་པར་མཛད་ཅིང་། ཉིན་མཚན་ཀུན་ཏུ་གུས་རྟག་གི་སྦྱོར་བ་གནང་བའི་རྣམ་པར་ཐར་པ་རྣམས་ནི་ཁོང་གི་རྒྱུན་བཞེས་ཀྱི་ཉམས་ལེན་ལྟ་བུར་གྱུར་ཡོད་དོ།། དགུང་གྲངས་ཉེར་གཅིག་པ་ཤིང་གླང་སྟེ་ཕྱི་ལོ་གཅིག་དགུ་གྱ་ལྔ་ལོར་གསེར་ལྗོངས་ཡངས་པའི་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་རྫོང་ཆུང་གསེར་ཁྲི་རིན་པོ་ཆེ་རྗེ་མཁས་བཙུན་འཇིགས་མེད་ལུང་རིགས་རྒྱ་མཚོའི་སྤྱན་སྔར་ཚོགས་ཆེན་འདུ་ཁང་ནང་དུ་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས། སྐབས་དེ་ཤེད་ཅིག་ནས་རིགས་སྨྲའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་བསྟན་པ་ཆོས་འཕེལ་སོགས་རིགས་པ་སྨྲ་བའི་དབང་བོ་དོན་གཉེར་ཅན་ཁག་ལ་དཔེ་ཁྲིད་ཀྱང་གནང་མགོ་བརྩམས།

      དེ་ལྟར་གཞུང་ཆེན་ཁག་ལ་སྦྱང་བ་རྡོ་རུས་ཐུག་པ་གནང་ཞིང་ཚོགས་བཞེངས་སྐབས་ནམ་ཡོད་ལ་ཚོགས་བཞེངས་ཀྱང་གནང་། སྐབས་ཤིག་བཞི་བའི་དམ་བཅའ་ཆེན་མོར་བཞེངས་ཏེ་རྩོད་པའི་རྣམ་དཔྱོད་གློག་ལྟར་འཁྱུག་པ་ཞིག་གི་ཚེ་ན། བདེ་སྟོང་མཆོག་གི་ཉམས་རྩལ་རྫོགས་པའི་རྫོང་ཆུང་གསེར་ཁྲི་རིན་པོ་ཆེ་ཚང་གིས་གཟིགས་ཏེ་རྗེ་འདིའི་ཀུན་སྤྱོད་དང་ཐུགས་གཤིས། བརྒལ་ལན་གནང་ལུགས་གང་ཅིའི་ཆ་ནས་ཐུགས་དགྱེས་པའི་ཚུལ་གནང་བཞིན་ཕྱིས་འབྱུང་དང་མཐུན་པའི་བསྔགས་བརྗོད་བླ་མེད་གནང་བས་མཚན་གྱི་སྙན་པ་ཕྱོགས་སུ་རྒྱས།བར་སྐབས་དེ་དག་ལ་ལྗོངས་འདིའི་བསྟན་སྲིད་ཀྱི་མངའ་བདག་ཏུ་བཞེངས་པའི་ཁྲི་ཁ་སོ་རིན་པོ་ཆེས་རྒྱུགས་ལེན་སོགས་འཆད་ཉན་འཕེལ་རྒྱས་ཀྱི་ཐབས་ཚུལ་མི་དམན་པ་གནང་སྐབས་རྣམས་སུ། འཛིན་གྲྭའི་ནང་གི་དང་བོ་བཞེས་མྱོང་བའི་ངང་ཚུལ་གྱི་གཏམ་ད་དུང་མ་ནུབ་པར་གནས། རྣམ་འགྲེལ་གོང་མའི་སྐབས་ཤིག་ནས་འཇམ་མགོན་བསྟན་པའི་སྲོག་ཤིང་ཆེན་པོ་མཁས་པའི་དབང་བོ་སྐྱབས་རྗེ་ཤར་གདོང་རིན་པོ་ཆེ་མཆོག་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཏུ་བསྟེན་འདོད་ཀྱིས་བྱ་ཁྱུང་དུ་ཕེབས་ཏེ། བླ་བྲང་གི་ཇ་མ་ཆུ་ལེན་ལྟ་བུའི་ཚུལ་གྱིས་རྒྱུན་ཞུགས་ཀྱི་སྒོ་ནས་དྲང་ངེས་འཇུག་ངོགས་དང་སྤྱོད་འཇུག་ཆེན་མོ། རྟེན་འབྲེལ་བསྟོད་པའི་བཤད་ལུང་སོགས་གཟབ་རྒྱས་སུ་གནང་བ་ཐུགས་ཀྱི་མཁའ་དབྱིངས་མཛེས་པའི་རྒྱན་དུ་བཞེས་ཤིང་། དམ་པ་འདིའི་སྐུ་ཡོན་གྱིས་ཁོང་གི་ཐུགས་ཡིད་ཤིན་ཏུ་མཉེས་པ་བྱུང་བས། ཁོང་དང་རོང་བོ་བློ་བཟང་སྙན་གྲགས་རྣམ་གཉིས་མདུན་ན་འདོན་ནང་མའི་གྲས་སུ་ཚུད་དེ་དམ་པའི་གཟིགས་བཟོས་ཟབ། མཚུངས་མེད་ཐར་པའི་ས་མཁན་ཆེན་མོ་མཆོག་རི་བོ་རྩེ་ལྔ་སོགས་སུ་གནས་གཟིགས་སུ་ཕེབས་སྐབས་ཀྱང་ཞབས་གྲས་སུ་ཕེབས་དགོས་པའི་བཀའ་གནང་བ་ལྟར། ཁོང་དང་ལྷན་དུ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཏེ་དམ་པ་དེ་ཉིད་ལས་འཇིགས་བྱེད་ཀྱི་དབང་གསན་ཅིང་། དེ་ནས་ཚུར་པེ་ཅིན་དུ་ཕེབས་ནས་སངས་རྒྱས་ཀྱི་ཚེམས་གདུང་མཆོད་རྟེན་ལ་མཇལ་བའི་གོ་སྐབས་བྱུང་བ་སོགས་ཐུགས་བརྩེས་མི་དམན་པ་གནང་། བར་སྐབས་ཤིག་ནས་མདོ་སྨད་བསྟན་པའི་བདག་པོ་༧གོང་ས་༧ཤར་སྐྱབས་མགོན་བརྒྱད་པ་ཆེན་མོ་མཆོག་གི་བཀས་བཟང་བོ་ནོ་མོ་ཧན་མཆོག་གི་སྤྲུལ་བའི་སྐུ་གང་གི་ཡོངས་འཛིན་དུ་བཞུགས་ཏེ། ཐབས་མཁས་ཐུགས་རྗེ་གཞན་དང་མི་འདྲ་བའི་མཛད་པ་བདག་གིར་བཞེས་ནས། སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས་ཞེས་པ་དང་། ཐོན་མིའི་ཞལ་ལུང་། བློ་གསལ་འཇུག་ངོགས། སྙན་ངག་སྤྱི་དོན། ཚངས་སྲས་བཞད་སྒྲ་སོགས་ཀྱི་སྟེང་ནས་ཐུན་མོང་བའི་རིག་པའི་གནས་ཀྱི་སྐོར་དང་། བསེ་བསྡུས་གྲྭའི་རང་ལུགས་ཡོངས་རྫོགས་ཀྱིས་མཚོན་རིམ་པར་ཐུན་མོང་མ་ཡིན་པའི་སྐོར་སོགས་ཀྱི་དཔེ་ཁྲིད་རྒྱ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་ཕུལ་པ་སོགས་གཅེས་སྐྱོང་གཞན་ལས་མི་དམན་པ་གནང་།

      དེ་ལྟར་རྒྱ་བོད་ཀྱི་རིག་པའི་གཞུང་ལུགས་ཐམས་ཅད་མ་ཚང་བ་མེད་པར་ཐད་ཀ་ཐད་ཀའི་གཞུང་དང་གུང་བསྒྲིགས་ཏེ་དཔྱད་པ་གཏོང་བ་ལས་བམ་བཤད་དང་། འོལ་ཚོད་ཙམ་མ་ཡིན་པར་དོན་གྱི་འགངས་དང་མཐུན་པར་དཔེ་གཟིགས་དོགས་གཅོད་རྒྱ་ཆེར་མཛད་པའི་དཀའ་ཐུབ་གནང་མུས་ཀྱི་སྒོ་ནས་གཅིག་དགུ་གོ་ལྔ་ལོའི་སྟོན་གྱི་དུས་སུ། ད་དུང་ཐོས་པ་ལ་ངོམས་པ་མེད་པར་རྣམ་དཔྱོད་གཞལ་མེད་ཁང་ཆེན་པོ་མང་ཐོས་ནོར་བུའི་གཏེར་གྱིས་ཡོངས་སུ་གང་བ་ཞིག་འབྱུང་བའི་ཆེད་དུ། དབུས་སུ་ཕེབས་འདོད་ཀྱིས་དགེ་བའི་བཤེས་གཉེན་རྣམས་ལ་དགོངས་བསྟུན་བགྱིས་ཏེ་བཀའ་ཁྲོལ་བ་ལྟར་ལྷ་ལྡན་ཞིང་དུ་ཕེབས་ཤིང་། སྐབས་དེའི་སྲིད་འགྱུར་སོགས་ཀྱི་དབང་གིས་བཞུགས་མ་བདེ་བ་སོགས་སྔ་ཕྱིར་དབུས་ཕེབས་ལན་གཉིས་ཕེབས་དགོས་བྱུང་ཞིང་། དེའི་ཚུལ་གཟིགས་བདེ་ཕྱིར་དཀྱུས་གཅིག་ཏུ་གུང་བསྒྲིགས་ཏེ་བཀོད་ན། སྔ་ཕྱིར་དེར་བཞུགས་རིང་སེ་རར་ཕེབས་ཏེ་སྙན་པའི་གྲགས་པ་གངས་ཅན་རི་བོའི་ཁོངས་ལས་བརྒལ་ཞིང་། རྟེན་འབྲེལ་ཟབ་མོའི་གནས་ལུགས་མངོན་དུ་གྱུར་པའི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ངག་དབང་ཟླ་གྲགས་ཚང་གི་སྤྱན་སྔར་དབུ་མར་གསན་སྦྱོང་རྒྱས་པ་གནང་ཞིང་། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དམ་པ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ཡེ་ཤེས་བྱམས་པ་མཆོག་གི་སྤྱན་སྔར་འདུལ་བ་ལ་གསན་སྦྱོང་རྒྱས་པར་གནང་། ཁོམ་སྐབས་ནམ་ཡོད་དང་བསྟུན་ཏེ་སེ་ར་རྩེ་སོགས་སུ་ཕེབས་ནས་ཐུགས་འཛིན་གནང་སྟེ། ཉིན་མཚན་ཁོར་མོ་ཡུག་ཏུ་ཐོས་བསམ་སྒོམ་པ་ལྷུར་བཞེས་ཤིང་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། སྐབས་འགར་དེང་སྐབས་རྭ་སྒྲེང་ཚང་གི་ཡོངས་འཛིན་དུ་བཞུགས་པའི་དྲན་དབང་དམ་པ་དགེ་བཤེས་ཕྱོགས་གླང་མཆོག་དང་ལྷན་དུ་གནས་དབེན་པར་སྐྱོར་སྦྱངས་དང་གོ་བ་བོགས་ཆོད་དུ་སྟེར་བའི་དོགས་གཅོད་སྣ་ཚོགས་མཛད་པས་ཐུགས་བསྐྱེད་བསམ་གྱིས་མི་ཁྱབ་པ་ཐོན་པར་སྣང་། ཡང་སྐབས་ཤིག་བྲག་ཡེར་བ་ནས་དཔེ་གཟིགས་དང་ཐུགས་དམ་ངོས་སྡེ་སྣོད་འཛིན་པ་དཔྱི་སའི་དགེ་འདུན་དར་རྒྱས་མཆོག་ལ་དབུ་མའི་དཔེ་ཁྲིད་རྒྱས་པར་གནང་སྟེ་དགའ་སྤྲོ་ཟད་མི་ཤེས་པའི་དཔལ་ལ་བཀོད། ལྷ་སར་བཞུགས་རིང་འཇང་དགུན་ཆོས་ལ་སྔ་ཕྱིར་ཕེབས་ཏེ་དམ་བཅའ་དང་བགྲོ་གླེང་མང་དུ་གནང་ཞིང་། ལྷག་པར་དུ་དམ་བཅའ་ཐེངས་རྗེས་མར་བཞུགས་སྐབས་ལེའུ་གཉིས་པའི་སྐབས་ནས་དམ་བཅའ་གནང་བས། དེའི་སྐབས་ཀྱི་འབྲས་དཀར་སྤུངས་པའི་དཔེ་ཆ་བ་རྩེ་གྲས་དགེ་བཤེས་དཀོན་མཆོག་ཉི་མ་སོགས་སེ་འབྲས་དགེ་གསུམ་གྱི་དཔེ་ཆ་བ་དང་དགེ་བཤེས་གང་བཟང་རྣམས་ཀྱིས་ལུང་རིགས་གསེར་གྱི་ཐང་མར་བརྡལ་ཀྱང་། ལན་གྱི་ཕྲེང་བ་ཐོགས་མེད་དུ་སྤེལ་བ་གནང་སྟེ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པས་མཁས་མང་འདུས་པ་རྒྱ་མཚོས་བསྔགས་བརྗོད་ཀྱི་མེ་ཏོག་མངོན་པར་སྟོར་ཞིང་། ཨ་མདོའི་རྒན་འཇམ་དབྱངས་དཀར་བོ་ཚང་ཞེས་མཁས་པའི་སྙན་པ་ཕྱོགས་སུ་ཁྱབ། དེར་བཞུགས་རིང་ཞབས་ཐང་གིས་ལྷ་མོའི་བླ་མཚོར་གནས་གཟིགས་དང་ཇོ་བོའི་མདུན་དུ་ཕྱག་གྲངས་མེད་བཅས་གནང་ཞིང་། དེང་དུས་རྒྱ་ཡུལ་དུ་བསྟན་པ་སྤེལ་བའི་རྭ་ཐབས་སྤྲུལ་བའི་སྐུ་རིན་པོ་ཆེ་རྒྱལ་མཚན་ཕུལ་བྱུང་སོགས་ལུང་རིགས་སྨྲ་བའི་དོན་གཉེར་ཅན་དུ་མར་དཔེ་ཁྲིད་ཀྱང་གནང་། ཁོང་ནི་བླ་མའི་གསུངས་རས་སུ་མི་བོར་བར་ཅི་གསུང་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་པ་གཙོ་བོར་འཛིན་པས། ཉིས་སྟོང་ལོར་འདི་ཕྱི་གཏན་གྱི་སྐྱབས་གནས་རྗེ་དགེ་འདུན་བསྟན་འཛིན་མཆོག་གིས་དབུས་ནས་ཕྱིར་ཕེབས་ཏེ་རོང་བོར་རྒྱུན་བཞུགས་གནང་དགོས་པའི་བཀའ་ཕེབས་པ་ལྟར་ཟླ་བརྒྱད་པའི་ནང་དུ་ཕྱིར་དབུས་འགྱུར་ཚལ་གྱི་དུམ་བུ་འདིར་ཕེབས་ནས་སྔར་འཕྲོའི་དཔེ་ཁྲིད་སོགས་ཆུ་བོའི་རྒྱུན་བཞིན་གནང་ངོ་།།

      ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ། གོ་བདུན་ལོའི་ཟླ་བཅུ་གཉིས་པའི་ཟླ་སྨད་ལ་བསོད་ནམས་ནོར་གྱི་འབྱུང་གནས་དམ་པ་གླིང་རྒྱའི་ས་དཀར་ཤར་དགོན་པས་གདན་འདྲེན་གནང་བ་ལྟར་དགེ་རྒན་དུ་ཕེབས་ཏེ་དགུན་བཞུགས་མཛད་ཅིང་། བཟང་བོ་ནོ་མོན་ཧན་གྱི་སྤྲུལ་བའི་སྐུ་དང་མང་ཐོས་བསམ་གཏན་པ་དཔྱི་སའི་དགེ་བཤེས་དགེ་འདུན་དར་རྒྱས་རྣམ་གཉིས་ལ་སྐབས་བབ་ཀྱི་དཔེ་ཁྲིད་རྒྱས་པ་དང་། གྲྭ་ཚང་ལ་ལམ་རིམ་ཚིགས་བཅད་མའི་སྐྱེས་བུ་ཆུང་འབྲིང་གཉིས་ཆ་ཚང་། བློ་གསལ་གཞོན་ནུའི་ཚོགས་ལ་སུ་ཏིའི་འགྲེལ་ཆེན་གྱི་དཔེ་ཁྲིད་གནང་བ་སོགས་དེར་འདུས་གདུལ་བྱ་མ་ལུས་པ་མཁས་པ་མགུ་བའི་ལེགས་བཤད་ཀྱིས་ཚིམ་པར་མཛད། གོ་བརྒྱད་ལོར་རིག་གྲོལ་ཡོན་ཏན་གྱི་བདག་ཉིད་ཅན་མང་བོའི་བསྟི་གནས་དམ་པ་དར་ཞིང་དགོན་བདེ་འཛོམས་དགའ་ཚལ་གླིང་གིས་གདན་ཞུས་ལྟར་དགེ་རྒན་དུ་ཕེབས་ཤིང་ལམ་རིམ་ཚིགས་བཅད་མའི་དཔེ་ཁྲིད་ཀྱི་ཆུ་བོ་ཐུགས་རྗེའི་རལ་ཀླུང་ལས་ཕབ། ཉིས་སྟོང་གཅིག་ལོར་རྗེ་ཤར་གདོང་རིན་པོ་ཆེ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བར་ཆེད་དུ་ཕེབས་ཏེ་གསན་ཅིང་། དེ་སྐབས་སྔགས་ཀྱི་དཔེ་ཁྲིད་གནང་དགོས་ཀྱི་ཞུ་བ་ཐེངས་མང་བོར་ཕུལ་ཀྱང་ཁོང་གིས་ལོ་ན་རྒན་པས་དཀའ་གསུངས་ནས་ཞལ་བཞེས་མ་གནང་ལ། སྐབས་དེར་གངས་རིའི་ལྗོངས་ཀྱི་ཐོན་མི་གཉིས་པ་རྗེ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་སྐུ་དོན་སྐོར་ཞིག་ནང་མའི་གསུང་མཆིད་ཀྱི་ཚུལ་གྱིས་གསུངས་པ་སོགས་གསུང་རུས་པ་ཅན་མང་དུ་གནང་ཞིང་། ཁོང་ལ་རྗེས་སུ་སྤྲུལ་བའི་སྐུ་དེ་ཉིད་ལ་དཔེ་ཁྲིད་སོགས་གནང་དགོས་པའི་བཀའ་ཕེབས། ཉིས་སྟོང་གཉིས་ལོར་ད་ལྟའི་གྲྭ་ཤག་འདི་ལས་གྲུབ་སྟེ་གཅིག་ནས་གཅིག་ལ་སྤར་དགོས་པའི་སྔར་གྱི་དཀའ་ངལ་མེད་པར་གྱུར། སྐབས་ཅིག་ན་མདོ་སྨད་བསྟན་པའི་བདག་པོ་༧གོང་ས་༧ཤར་སྐྱབས་མགོན་བརྒྱད་པ་ཆེན་མོ་མཆོག་དང་ཁྲི་རིན་པོ་ཆེ་ཁ་སོ་ཚང་རྣམ་གཉིས་ཀྱིས་བཀའ་བགྲོས་ཀྱི་སྒོ་ནས་ནོར་འཛིན་ཕོ་བྲང་དུ་འབོད་པ་གནང་སྟེ། ཟླ་བྲལ་རིགས་པའི་དཔའ་བོ་རྗེ་ཚེ་ཏན་ཞབས་དྲུང་མཆོག་གི་སྤྲུལ་བའི་རིན་པོ་ཆེ་ལ་དཔེ་ཁྲིད་སོགས་གནང་དགོས་པའི་བཀའ་བསྒྱུར་པར་བརྟེན།ཁོང་གིས་ཆེན་པོ་ལ་འོས་པའི་བསུ་བ་དང་བཞུགས་གྲལ་གྲ་སྒྲིག་གནང་སྟེ། བཞུགས་ཤག་ཏུ་བསུས་ཤིང་མཆོག་སྤྲུལ་ཁོང་གཙོ་བོར་བྱས་པའི་བློ་གསལ་གཞོན་ནུའི་ཚོགས་ཁ་ཤས་ལ་ཆོས་འབྲེལ་གྱི་ཐོག་མར་རྭ་བསྡུས་ཀྱི་དབུ་ནས་དཔེ་ཁྲིད་གནང་སྟེ་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། སྐབས་འདི་ཞིག་ཏུ་བསྟན་པའི་རྩ་ལག་དམ་པ་རྫོང་ཆུང་གསེར་ཁྲི་རིན་པོ་ཆེ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་གང་གིས་རྗེ་འདི་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པར་ཁོང་གིས་ཀྱང་བརྩི་མཐོང་རྒྱ་ཆེན་མཛད་བཞིན་དཔེ་ཁྲིད་དང་བསླབ་བྱ་སོགས་རིམ་བཞིན་རྒྱས་པར་གནང་སྟེ་ལུང་རིགས་བདུད་རྩིའི་དཔལ་གྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད། 

      ཡང་སྐབས་འདི་ཤིག་ཏུ་ཀུན་ཕན་ཚེའི་རིག་བྱེད་འཛིན་པ་གསང་སྒྲོག་སྤྲུལ་བའི་སྐུ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་སྔ་ཕྱིར་གདན་འདྲེན་ཞུས་ཤིང་། ཁྲི་ཟུར་ཁ་སོ་ཚང་གིས་བཀའ་འཁྲོལ་བ་ལྟར་ཉིས་སྟོང་གསུམ་ལོའི་དབྱར་དུས་སུ་ཆོས་སྤྱོད་བཅུའི་ཉམས་ལེན་ལ་གཞོལ་བའི་གསང་སྒྲོག་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགེ་རྒན་དུ་ཕེབས་པ་ནས་ད་ལྟའི་བར་སྐབས་རེར་དབྱར་གནས་ལའང་བཞུགས་ཏེ་ལམ་རིམ་ཆེན་མོའི་ཞི་ལྷག་གི་བར་རྒྱས་ཁྲིད་གནང་ཞིང་། སྔ་ཕྱིར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གཞི་གསུམ་ཆོ་ག་དང་ལམ་རིམ་འབྲིང་བ།ལམ་རིམ་ཆུང་ངུ་དང་བླ་མ་མཆོད་པའི་ཁྲིད། ཐར་མདོའི་ལུང་དང་བསླབ་བྱའི་སྐོར་སོགས་ཟབ་ཆོས་མཐའ་ཡས་པ་གནང་མུས་སུ་ཡོད་པ་འདི་བཞིན་ཕྱོགས་དེར་ཕན་བདེའི་སྒོ་བརྒྱ་ཆེས་ཆེར་ཕྱེས། ཉིས་སྟོང་ལྔ་ལོར་ཐོས་བསམ་གླིང་གི་དགེ་བསྐོས་ཀྱི་ལས་འགན་ཁུར་ཞིང་། སྐབས་དེར་ཁུལ་ཨུའི་ཧྲུའུ་ཅི་ལིས་ཞོན་ཧྲིན་མཆོག་དགོན་པའི་འདུ་ཁང་ནང་དུ་གཟིགས་སྐོར་དུ་ཕེབས་སྐབས་དགོན་པར་རེ་བ་གང་ཡོད་ན་ཤོད་ཅེས་བཤད་སྐབས་སུ། ཁོང་གིས་ཐོས་བསམ་གླིང་གི་ཆོས་གྲྭ་འདི་ཡུལ་འདིའི་མཁས་པ་དང་གྲུབ་པ་ཐམས་ཅད་ཀྱི་གསན་སྦྱོང་གནང་སའི་གནས་གཙོ་བོ་ཡིན་ཞིང་། ད་ལྟ་རྙིང་ཧྲུལ་ཡང་ཆེ། དེ་བས་དུས་ཚིགས་བཞི་གར་བེད་སྤྱོད་ཡོད་པའི་ཁང་ཀླད་ཡོད་པ་ཞིག་ཡོད་ན་མཆོག་ཏུ་གྱུར་ཚུལ་གྱི་གྲོས་གཞི་ཐོག་མར་བཏོན་པས་རིམ་གྱིས་ད་ལྟའི་འདི་འདྲ་བ་བྱུང་ངོ་།། སྐྱབས་མགོན་མཆོག་གི་བཀའ་ལྟར་སློབ་གཉེར་ཚོགས་པ་གསར་འཛུགས་ཀྱི་གྲ་སྒྲིག་གི་ཐུགས་འགན་བཞེས་ཏེ་ཐོག་མའི་ལས་རིམ་མང་བོའི་གཞི་བཏིངས། སྐབས་འདི་ཤིག་ནས་བཟུང་སྟེ་ཐུགས་རྗེའི་བདག་ཉིད་འཇའ་མོའི་ཨ་ཁུ་ཚང་གི་ཐུགས་དགོངས་ལྟར་བསྒྲུབ་བྱ་མང་བོ་བསླབ་པ་ལ་བཀོད་དེ་སྐལ་ལྡན་མ་ལུས་པའི་སྙིང་ལ་དགའ་བའི་གཏེར་ཁ་བརྡོལ་པ་ལྟ་བུར་གྱུར། ཉིས་སྟོང་དྲུག་ལོར་གོང་སའི་བཀའ་ལྟར་སློབ་གཉེར་འཛིན་སྐྱོངས་ཚོགས་པ་སྐབས་དང་བོའི་གྲས་སུ་ཐུགས་འགན་བཞེས་པར་མ་ཟད། ལྷ་བཤོས་ལ་རྒྱན་དང་མཆོད་མེ་ལ་མར་ཁུའི་ཚུལ་དུ་གླེང་རི་བའི་རླབས་ཆེན་གྱི་ཕྱག་ལས་མང་བའི་གྲོས་མགོ་གནང་བ་ད་དུང་རྗེས་སུ་དཔོག་ཐུབ་པར་ཡོད་དོ།།

       འདི་ལོའི་སྟོན་གྱི་དུས་སུ་ཁྲི་ཟུར་ཁོ་སོ་ཚང་གི་ཐུགས་བཞེད་ལྟར་ཀློག་སྤོང་ལས་ཀྱིས་བྲེལ་བའི་རྫོང་དམར་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་རྒན་དུ་ཕེབས་ཤིང་། སྔ་ཕྱིར་རྫོང་དཀར་སྤྲུལ་བའི་སྐུ་རིན་པོ་ཆེའི་ཡོངས་འཛིན་མདོ་སྔགས་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་འཇིགས་མེད་བཟང་བོ་སོགས་ཕྱོགས་འདུས་གདུལ་བྱ་དང་བཅས་པར་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ཁྲིད་རྒྱས་པ་དང་། ཡབ་རྗེའི་མཛེས་རྒྱན་རྣམ་གསུམ། གནས་ལྔ་ཀུན་གཟིགས་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་མཛད་པའི་སྐྱབས་འགྲོའི་བསླབ་བྱ།དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མ། པཎ་ཆེན་བདེ་ལམ། ཤར་ཡོངས་འཛིན་རྗེ་དགེ་འདུན་བསྟན་འཛིན་མཆོག་གིས་མཛད་པའི་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་། ལམ་རིམ་ཚིགས་བཅད་མ་སོགས་ཀྱི་དཔེ་ཁྲིད་གནང་བཞིན་པ་འདི་ལྟར་བཀའ་དྲིན་གྱི་དཔལ་དུ་ཆེ་བས་ད་ལྟ་དགོན་འདི་ཡང་སོས་ཀྱི་ལྗོན་ཤིང་བཞིན་གོང་འཕེལ་གྱི་དགེ་མཚན་བླ་ན་མཐོ། ཉིས་སྟོང་བདུན་ལོར་གདན་ས་ཆེན་མོའི་ཆོས་ཁྲིམས་ཀྱི་མངའ་བདག་ཚོགས་ཆེན་ཞལ་ངོ་ལ་བཞུགས་ཤིང་ལོ་དེར་གོང་སའི་བཀའ་ལྟར་སྐྱེ་དགུའི་ཡོན་གནས་བླ་ན་མེད་པ་འགར་རྩེ་དགོན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་དགེ་རྒན་དུ་ཕེབས། དེར་སྔ་ཕྱིར་དབྱར་ལ་བཞུགས་ཤིང་། གཞི་གསུམ་ཕྱག་ལེན་གྱི་ཁྲིད་དང་། ལམ་རིམ་ཚིགས་བཅད་མ། བཅའ་ཡིག་ཆེན་མོ།བླ་མ་མཆོད་པའི་ཁྲིད། བརྡ་སྤྲོད་ཀྱི་སྐོར་སོགས་སྔ་ཕྱིར་དཔེ་ཁྲིད་མང་དུ་གནང་བ་འདི་བཞིན་གླིང་འདིའི་བསྟན་པ་འདི་ལ་རིན་ཆེན་སྲོག་གི་ཆད་མཐུད་ལྟ་བུའི་བཀའ་དྲིན་གྱིས་ངེས་པར་བསྐྱངས། ཉིས་སྟོང་དགུའི་ལོར་བསྟན་པའི་མཛེས་རྒྱན་སྒོ་དམར་སྤྲུལ་བའི་སྐུ་རིན་པོ་ཆེས་གོང་ས་མཆོག་ལ་ཞུས་པས་ཁོང་གི་བཞེད་དགོངས་ལྟར་མཁའ་སྤྱོད་གྲུབ་པའི་གནས་མཆོག་སྒོ་དམར་དགོན་དགའ་ལྡན་ཕུན་ཚོགས་གླིང་གི་དགེ་རྒན་དུ་ཕེབས་ཏེ། ལམ་རིམ་མྱུར་ལམ་དང་། ལམ་རིམ་ཚིགས་བཅད་མ། སྡོམ་གསུམ་བསླབ་བྱ་སོགས་ཀྱི་དཔེ་ཁྲིད་དང་། སྒར་གྲོང་ཐུན་མོང་ལ་ཁྲིད་དང་ལུང་སོགས་ཀྱང་མང་དུ་གནང་བཞིན་པ་འདི་ལྟར་བཀའ་དྲིན་སྨྲ་བརྗོད་ཀྱི་ཡུལ་ལས་འདས། སྐབས་འདི་ཙམ་ཞིག་ནས་མཁས་བཙུན་གྲུབ་པའི་ཡོན་ཏན་གྱི་བདག་ཉིད་དམ་པ་གོང་སའི་སྐུ་མཆེད་འདན་ཆོས་འཁོར་མཁན་པོ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ལ་ཕར་ཕྱིན་གྱིས་མཚོན་པའི་མདོ་ཕྱོགས་དང་། རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་དང་སྐྱབས་མགོན་ཆོས་ཀྱི་རྒྱལ་བོ་ནས་བརྒྱུད་པའི་ཕྱག་ཆེན་སོགས་ཀྱིས་མཚོན་པའི་སྔགས་ཕྱོགས་བཅས་ཀྱི་དཔེ་ཁྲིད་སོགས་འདི་ག་ལྟར་གནང་སྟེ་ལུང་རྟོགས་ཡོན་ཏན་གྱི་མྱུ་གུ་ཐོགས་མེད་དུ་བརྡོལ་པར་མཛད། ཉིས་སྟོང་བཅུ་གཅིག་ལོའི་དྲུག་པའི་ནང་དུ་དགེ་ལྡན་སྙན་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་བསེ་རྡོ་རྗེ་འཆང་གིས་གོང་ས་མཆོག་ལ་ཁོང་གཙོས་དགོན་པའི་དགེ་རྒན་དུ་གནང་དགོས་ཚུལ་ཞུས་པ་ལྟར། སྐྱབས་མགོན་མཆོག་གིས་བཀའ་གསུང་ཕེབས་པ་སྤྱི་བོར་བཞེས་ཏེ་བསླབ་གསུམ་འོ་མའི་རྒྱ་མཚོར་རོལ་པའི་མཁས་མང་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་རྣམས་ཀྱི་བསྟི་གནས་གཙོས་དགའ་ལྡན་ཆོས་གླིང་གི་དགེ་རྒན་དུ་ཕེབས། དེར་སྔ་ཕྱིར་བསྡུས་གྲྭ་དང་བློ་རྟགས། རྣམ་འགྲེལ། ཕར་ཕྱིན།དབུ་མ། འདུལ་བ། གཞི་གསུམ་ཆོ་ག  རྒན་གྲས་རྣམས་ལ་ལམ་རིམ་ཆེན་མོ་དང་ལམ་གཙོ་སོགས་ཀྱི་དཔེ་ཁྲིད་མུར་བྱས་ཏེ་གནང་བ་སོགས་ཆེས་གཞལ་དུ་མེད་པའི་བཀའ་དྲིན་གྱིས་འདི་ལྟར་སྐྱོང་བཞིན་པའི་དགེ་མཚན་བླ་ན་མཐོ་བ་ཕལ་བའི་བློ་གྲོས་ཀྱི་ཡུལ་ལས་འགོངས།

      ཉིས་སྟོང་བཅུ་གཉིས་ལོར་མཁས་གྲུབ་བྱེ་བའི་གཙུག་རྒྱན་བསེ་རྡོ་རྗེ་འཆང་གི་བཀའ་ལྟར་ཕྱོགས་འདུས་ཀྱི་བསྙེན་རྫོགས་སྒྲུབ་མཁན་སུམ་བརྒྱ་ལྷག་གི་གསང་སྟོན་སློབ་དཔོན་ཡང་མཛད་པས་དགྱེས་པའི་གསུང་གི་བདུད་རྩིས་ཐུགས་ཡིད་བུམ་བཟང་ཆེས་ཆེར་གཏམས་ཤིང་། སྔ་ཕྱིར་གསོལ་ཇ་ལྷན་དུ་བཞེས་པ་དང་ཐུགས་སྣང་གཤིན་པའི་གསུང་གླེང་ཤིན་ཏུ་དམར་བ་མཛད། ཉིས་སྟོང་བཅོ་ལྔ་ལོ་ནས་གོང་སའི་བཀའ་ལྟར་ཐོས་བསམ་གླིང་གི་བླ་མ་སློབ་ཆུང་བའི་མཚན་བཞེས་གནང་སྟེ་བརྩི་བཞག་རྒྱས་པར་གནང་ཞིང་། དམ་པ་ཁོང་གིས་བསྟན་འགྲོའི་ལས་གང་བསྒྲུབས་ནའང་དེ་བྱས་འདི་བཙུགས་ཀྱི་གྲགས་སྐམ་ལ་དོན་གཉེར་མི་བྱེད་པར། མཚམས་མི་མཚམས་དང་། དུས་སུ་བབ་མིན། དགོས་པ་དང་དགག་བྱའི་སྐོར་བཅས་ལ་མ་བསམས་པར་གྱ་ཚོམ་དུ་མི་འཇུག་ཅིང་། གང་སྒྲུབ་པ་རེ་རེ་ལ་མ་ནོར་བའི་ཐུགས་ཀྱི་གཏད་སོ་རེ་ཡོད་ངེས་པས། སྐབས་འདི་དུས་ཀྱང་གཞུང་དོན་ལ་ངེས་ཆ་གཏོང་བ་དང་།གོ་རིགས་གཉིས་འཛོམས་སུ་འགྱུར་བ། སློབ་གཉེར་ལ་བརྩོན་པ་འཕེལ་བ་བཅས་ཀྱི་ཐབས་སུ། གོང་འོག་གི་བར་མཚམས་འོས་ཤིང་། གྲིམ་ལྷོད་རན་པ། རྒྱུན་འཁྱོངས་ཐུབ་པའི་ད་ལྟའི་རྒྱུགས་སྤྲོད་ལམ་སྲོལ་འདི་སྐབས་དེའི་བླ་མ་ལས་སྣེ་བཀའ་བགྲོས་གཅིག་མཐུན་གྱིས་སྐྱབས་མགོན་མཆོག་གི་དགོངས་བཞེད་ལྟར་གསར་དུ་བཙུགས་ཏེ་འཆད་ཉན་ལ་ཐུགས་ཁུར་བླ་ལྷག་གནང་། སྐབས་ཤིག་གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་ཆེད་ཞུས་ཀྱིས་ཐོས་བསམ་གླིང་དུ་སེར་སྐྱ་ཁྲི་ཕྲག་མང་བོར་སེམས་བསྐྱེད་མཆོད་པ་གནང་བའི་སྦྱོར་དངོས་རྗེས་གསུམ་ལ་ཞབས་འདེགས་བླ་མེད་དུ་གནང་སྟེ། གོང་སའི་འཕྲིན་ལས་ཀྱི་ཉི་མའི་འོད་ཟེར་ཕྱོགས་སུ་འགྱེད་པའི་སྐྱ་རེངས་གསར་བ་ཐོག་མར་དྲངས། ཉིས་སྟོང་བཅུ་བདུན་ལོའི་ལྔ་བའི་ནང་དུ་གོང་ས་མཆོག་གི་བཀས་སྐྱེ་དགུའི་འདྲེན་པ་བདེ་ཆེན་པཎྜི་ཏ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་ཡོངས་འཛིན་དུ་བཞུགས་ཏེ། ཐབས་མཁས་ཐུགས་རྗེ་གཞན་དང་མི་འདྲ་བའི་མཛད་པས་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ནས་སྤྱན་འབྲས་ལྟར་གཅེས་སྐྱོང་ཚད་མེད་པ་གནང་བཞིན་པའི་ངང་ཚུལ་འདི་ག་ལགས། སྐབས་འདི་དུས་ཤིག་ལ་དྲང་སྲོང་དགྱེས་པའི་གནས་མཆོག་ཡར་ནང་འགར་རྩེ་དགོན་གཡུ་ལུང་དཔལ་གྱི་དགོན་པ་དགའ་ལྡན་བྱམས་པ་གླིང་གི་འདུས་སྤྱི་ནས་ཞུས་པ་བཞིན། དགོན་དེ་ཉིད་ཀྱི་རྒན་པའི་ཚོགས་ལ་དབྱར་དགག་གཉིས་ཀྱི་ཕྱག་བཞེས་ཞིབ་ཁྲིད་གནང་སྟེ་གསར་དུ་བཙུགས་ཤིང་། དབྱར་གྱི་རིང་དགེ་སྦྱོར་ལ་ཇི་ལྟར་བརྩོན་ཚུལ་སོགས་ཀྱི་ཐུགས་བཀོད་རྒྱས་པར་གནང་སྟེ་རྒྱལ་བའི་བསྟན་པ་ལ་སྲི་ཞུ་བླ་ན་མེད་པ་བསྒྲུབས། ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་དབྱར་གྱི་དུས་སུ་སྒྲུབ་པའི་དགའ་ཚལ་དམ་པ་གླིང་རྒྱ་དགོན་པའི་འདུས་ཚོགས་ཡོངས་ལ་ཡོན་ཏན་གཞི་གྱུར་མའི་ཁྲིད་གནང་སྟེ་རེ་བའི་པདྨོ་རྒྱས་པར་མཛད། ཕྱི་ལོ་ཉིས་སྟོང་ཉེར་གཅིག་ལོར་དགེ་འདུན་རིག་པ་འཛིན་པ་མང་བོའི་བསྟི་གནས་བདེ་ཆེན་དགོན་བདེ་ཆེན་བཀྲ་ཤིས་ཆོས་གླིང་གིས་གདན་འདྲེན་གནང་བ་ལྟར་དགེ་རྒན་དུ་ཕེབས་ཤིང་། དེར་སྔ་ཕྱིར་བདེ་ཆེན་པཎྜི་ཏའི་སྐྱབས་འགྲོའི་ཁྲིད་ཡིག་དང་། གཞི་གསུམ་ཕྱག་ལེན་སོགས་ཀྱི་དཔེ་ཁྲིད་མུར་བྱས་ཏེ་གནང་ཞིང་། དེར་དགེ་ཚུལ་སློང་མང་དུ་བསྒྲུབས་ཏེ་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་རྨང་ནས་གསོས་པའི་བཀའ་དྲིན་མཆོག་ཏུ་ཆེ། ཉིས་སྟོང་ཉེར་གསུམ་ལོར་སྐྱབས་མགོན་ཆོས་ཀྱི་རྒྱལ་བོའི་འཕྲིན་ལས་དཔག་བསམ་གྱི་ལྗོན་ཤིང་ཆེན་པོའི་ཡལ་འདབ་འབའ་ཡུལ་བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་དུ་ཕེབས་ཏེ་བླ་གྲྭ་ཡོངས་ལ་འདི་ཕྱི་གཉིས་ཕན་གྱི་བསླབ་བྱའི་རིམ་པ་རྒྱས་པར་གནང་སྟེ་ཡིད་ཀྱི་ཞིང་ས་རུ་དད་ཤེས་འབྲུ་དྲུག་གི་སྙེ་མ་སྨིན་པར་མཛད། ཉིས་སྟོང་ཉེར་བཞི་ལོར་མདོ་སྨད་བསྟན་པའི་བདག་པོ་༧གོང་ས་ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གིས་རྩེ་ཁོག་དམེ་ཤུལ་གསེར་གཞོང་རྩྭ་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ཉི་ཤུ་བ་གནང་སྐབས་སུ་དམ་པ་འདི་བ་དགེ་སློང་རྡོ་རྗེ་འཛིན་པའི་དབང་སྟེགས་ལ་བཞུགས་སུ་བཅུག་སྟེ་སྲས་ཀྱི་གཙོ་བོར་རྗེས་སུ་བཟུང་བའི་ངོ་མཚར་གྱི་སྙན་པ་ཚངས་པའི་ཡུལ་ནའང་རྒྱན་དུ་ཆེ། ལམ་ཞུགས་ཁྲི་སྟོང་མང་བོའི་བསྟི་གནས་གདན་ས་ཆེན་མོ་འདིར་ཡང་དམའ་ཁ་དོག་དཀར་དམར་ནས་མཐོ་འདུལ་རྙིང་བར་གྱི་འཛིན་གྲྭ་བཅུ་གཉིས་ལ་དཔེ་ཁྲིད་ཞིབ་རྒྱས་དང་། ལམ་རིམ་ཆེན་མོ་སོགས་ཀྱི་བཤད་ལུང་། སྔགས་ཕྱོགས་དང་ཐུན་མོང་རིག་གནས་སྐོར་ཀྱི་དཔེ་ཁྲིད། བཀའ་དང་བསྟན་བཅོས་སོགས་ཀྱི་བཀླགས་ལུང་བཅས་ཀྱིས་འདི་ལྟར་དུས་འདའ་བར་མཛད་ཅིང་། ཕྱོགས་སོ་སོ་ནས་ཕེབས་པའི་དམ་པའི་སྐྱེས་རབས་ཀྱི་ཕྲེང་བས་མཛེས་པའི་བླ་མ་སྤྲུལ་སྐུ་དང་། རྒྱན་དྲུག་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན།རྨད་བྱུང་ལུང་རིགས་སྦྲང་རྩིའི་གཏེར་ཆེན་དུ་གྱུར་པའི་དཔེ་ཆ་བ། དལ་འབྱོར་དོན་ཡོད་དུ་བགྱི་བའི་ཐབས་ལ་རྩེ་གཅིག་ཏུ་གཞོལ་བའི་བྱ་བཏང་བ། མཁས་པ་དགྱེས་པའི་རོལ་མོ་བསྒྱུར་པ་ལ་མཆོག་ཏུ་གྱུར་པའི་བརྡ་སྤྲོད་སྙན་ངག་སྨྲ་བ། རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པའི་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན། བཀའ་གཏེར་ཟབ་མོའི་ཆོས་ཀྱི་བརྒྱུད་པ་འཛིན་པའི་སྔགས་འཆང་། བསོད་ནམས་རྒྱ་མཚོའི་འབྲས་བུ་མངོན་དུ་གྱུར་པའི་དད་ལྡན་མང་ཚོགས་བཅས་རིས་སུ་མ་མཆིས་པའི་གདུལ་བྱའི་ཚོགས་མཐའ་དག་ལ་ཟབ་ཆོས་སྣ་ཚོགས་པས་སྙིང་གི་བུམ་བཟང་ཆོས་ཀྱི་བདུད་རྩིས་འགེངས་པར་མཛད་པ་འདི་ག་ལྟར་ལགས་ལ།ཐ་ན་གླེང་མོལ་གྱི་ཚུལ་དུ་གང་གསུངས་ཕལ་ཆེ་བའང་སྤྱི་སྒེར་མ་ལུས་པའི་ཡིད་ཀྱི་གསོས་སྨན་དང་། གདུང་བ་སེལ་བའི་བདུད་རྩི། ཐེ་ཚོམ་གཅོད་པའི་རལ་གྲི། བློ་གྲོས་འབྱེད་པའི་ལྡེ་མིག་ལྟ་བུར་འགྱུར་བ་ཡིན་པས་གཞན་གྱི་བདེ་རྩར་སྨིན་པ་ཤ་སྟག་ཏུ་ཟད། མདོར་ན་དམ་པ་གང་གིས་སྔ་ཕྱིར་ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོ་མཆོག་དང་། མདོ་སྨད་བསྟན་པའི་བདག་པོ་༧གོང་ས་༧ཤར་སྐྱབས་མགོན་བརྒྱད་པ་ཆེན་མོ། མཁས་དབང་ཚེ་ཏན་ཞབས་དྲུང་། རྫོང་ཆུང་གསེར་ཁྲི་རྗེ་མཁས་བཙུན་ལུང་རིགས་རྒྱ་མཚོ། ལ་མོ་ཡོངས་འཛིན་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ། ཤར་གདོང་རིན་པོ་ཆེ་རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ། གཡེར་གཤོང་ཆོས་པ་རིན་པོ་ཆེ་རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ། བསེ་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན། གནས་ཀྱི་སློབ་དཔོན་བཀའ་དྲིན་ཅན་དགེ་ལེགས་རྒྱ་མཚོ། ཡོངས་འཛིན་རྗེ་དགེ་འདུན་བསྟན་འཛིན།འདུལ་འཛིན་བྱེ་བའི་གཙུག་རྒྱན་རྗེ་དགེ་འདུན་ཆོས་འཕེལ། བྱང་རྩེ་མཁན་རིན་པོ་ཆེ་རྗེ་དགེ་འདུན་བཟང་བོ།སེར་བྱེས་རྗེ་ངག་དབང་ཟླ་གྲགས།སེར་བྱེས་རྗེ་ཡེ་ཤེས་བྱམས་པ། བཀའ་འགྱུར་བ་རྗེ་དགེ་འདུན་བསམ་གཏན། བཀའ་འགྱུར་བ་རྗེ་བསྟན་པའི་རྒྱལ་མཚན། ཡོངས་འཛིན་རྗེ་འཇིགས་མེད་ཐེག་མཆོག་སོགས་མཚན་ལྡན་གྱི་བླ་མ་བཅུ་ཕྲག་ལྷག་བསྟེན་ཏེ་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་དང་ཡབ་རྗེའི་གསུང་འབུམ་སོགས་ཀྱི་ལུང་དང་། ལམ་རིམ་ཆེན་མོ་དང་ལམ་ཁྲིད་འཇམ་དཔལ་ཞལ་ལུང་། ཕྱག་ཆེན་གྱི་ཁྲིད་སོགས་བཤད་ཁྲིད་དང་། དཔལ་གསང་བ་འདུས་པའི་འགྲེལ་བ་བཞི་སྦྲགས། མི་ཏྲ་རྡོར་ཕྲེང་། བདེ་གསང་འཇིགས་གསུམ་དང་དུས་འཁོར་སོགས་ཀྱིས་མཚོན་མདོ་སྔགས་ཀྱིས་བསྡུས་པའི་དབང་ལུང་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བདག་གིར་བཞེས་ཏེ། དེང་གི་དུས་འདིར་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་འཕང་མཐོན་པོར་མངའ་བརྙེས་ཤིང་འཆད་རྩོད་རྩོམ་གསུམ་གང་ལའང་དབང་འབྱོར་བའི་སྙན་པའི་གྲགས་པ་དཀར་བོ་ཕྱོགས་སུ་མཆེད་པ་འདི་བཞིན་ལ། སྤྱིར་མི་ཡི་ལུས་ལ་ལུག་གི་བློ་ཅན་གྱི་ཁོ་བོ་ཅག་ན་ཚོད་ཀྱི་མེ་ཏོག་ཁ་མ་ཕྱེ་བ་ནས་དམ་པ་འདི་ཉིད་ཀྱི་ཞབས་པད་སྤྱི་བོས་བསྟེན་ཏེ་ལེགས་པར་བཤད་པའི་ཞིམ་མངར་ཟས་ཀྱིས་བསྐྱངས་པ་ནས་ད་ལྟའི་བར། རང་གིས་མཐོང་ཐོས་སུ་གྱུར་པའི་བསྔགས་པར་འོས་པའི་མཛད་པ་མང་དུ་མཆིས་པས་ད་དུང་འབྲིར་འོས་པ་མང་མོད་ཀྱང་། དམ་པ་ཁོང་གཞན་ལྟར་ཁྲོམ་བསྒྲགས་སོགས་ལ་ཐུགས་མི་དགྱེས་པ་དང་། གསེར་གྱི་རི་བོ་ལ་ས་སེར་གྱིས་ཞལ་ཞལ་གྱི་དཔེར་འགྲོ་དོགས་ཆེ་བར་སྙམ་པ་བཅས་ལ་བརྟེན་ནས་ཚིག་ཚོགས་བསྐྱུངས་ནས་མཛད་པའི་འགངས་མདོར་བསྡུས་འདི་ཙམ་གྱིས་འཐུས་པར་བྱས་པའང་ཤེས་པར་བྱར་ཡོད་དོ།།

     དེ་ལས་གཞན་དུ་གསུང་རྩོམ་གྱི་སྐོར་ལ་འདུ་ཆེ་ལ་གྲིམ་ཆེ་བའི་ཐོར་བུའི་ཚོགས་མང་ཡང་གཙོ་བོར་གྱུར་པ་ནི་རྗེ་རྣམ་ཐར་ཚིགས་བཅད་བཅུ་བདུན་པའི་འགྲེལ་བ་ཤེས་རབ་བཞད་སྒྲ་ཞེས་བྱ་བ་དང༌།སྒྲུབ་པའི་དགའ་ཚལ་བདེ་ཆེན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཆེ་བ་བརྗོད་པ་ངོ་མཚར་ངག་རིག་དྲིལ་ཆུང་འཁྲོལ་བའི་གླུ་དབྱངས་ཞེས་བྱ་བ་དང༌།རང་སྡེ་གྲུབ་མཐའ་སོ་སོའི་རིགས་འདོད་ཚུལ་གྱི་བསྙེལ་བྱང་ཞེས་བྱ་བ་དང་།སྐྱེ་བ་སྔ་ཕྱིའི་རིགས་པ་མཁས་པའི་ཞལ་ལུང་ཞེས་བྱ་བ་དང་།སྐལ་ལྡན་ལམ་ཡིག་ཅེས་བྱ་བ་དང་།སྒྲོལ་དཀར་གྱི་བསྟོད་གསོལ་དད་ཞུན་མ་ཞེས་བྱ་བ་དང་།སྐྱེས་བུ་གསུམ་གྱི་རྣམ་བཞག་རིན་ཆེན་ཐེམ་སྐས་ཞེས་བྱ་བ་དང་།དཔལ་ལྡན་ས་གསུམ་མའི་ས་བཅད་རབ་གསལ་ཞེས་བྱ་བ་དང་།ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་བསྟོད་པ་ལེགས་བཤད་སྙིང་བོའི་ས་བཅད་ཅེས་བྱ་བ་དང་།ཐལ་འགྱུར་བའི་དཀའ་གནས་བརྒྱད་ཀྱི་སྙིང་བོ་ཡང་གསལ་ལེགས་བཤད་རྗེས་ཟློས་འོད་ཀྱི་གཟེགས་མ་ཞེས་བྱ་བ་དང་།རྗེ་རིན་པོ་ཆེའི་བསྟོད་པ་ལྔ་བཅུ་བ་ཞེས་བྱ་བ་དང༌།གོང་ས་ཤར་སྐྱབས་མགོན་མཆོག་གི་འཕྲིན་ལས་རྒྱས་པའི་སྨོན་ཚིག་ཅེས་བྱ་བ་དང་།དགེ་སྡིག་རྣམ་འབྱེད་ལས་དང་བོ་བའི་འཇུག་ངོགས་དམ་པའི་གསུང་སྒྲོས་ལེགས་ཚོགས་འབྱུང་གནས་ཞེས་བྱ་བ་སོགས་བཀའ་རྩོམ་མང༌ངོ་།།

     ཚུལ་དེ་ལྟར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ཙམ་དུ་མ་ཟད། རྒྱུད་གྱོང་ལ་སྣུམ་ཤ་རེ་ཨེ་ཐེབས་མི་བལྟ་བའི་དྲེད་པོ་བདག་དང་བདག་འདྲ་བ་རྣམས་དང་། ཕྱི་རྫིག་ནང་སྟོང་གི་སྒོ་ནས་ལོངས་སྤྱོད་སྒྱུ་མའི་བྲན་དུ་གྱུར་པ་དག་དང་མི་འདྲ་བར། རྩོད་མེད་ཤུགས་ཀྱིས་བྱུང་བའི་དད་རྫས་ཕྱག་ནོར་གང་མཆིས་ཀྱིས་རྟེན་གསུམ་བཞེངས་པ་དང་། དགེ་འདུན་ལ་མང་འགྱེད་གཏོང་བ་སོགས་འབྲེལ་ཚད་དོན་ལྡན་བགྱིད་པའི་ཐབས་མཛད་དེ་བྱ་བ་ལས་ཀྱི་འཁོར་ལོའི་བགྱི་བ་སོགས་འཁོར་ལོ་གསུམ་གྱི་བྱ་བས། སངས་རྒྱས་ཀྱི་བསྟན་པ་ལ་གཅིག་ཏུ་སྨན་པའི་མཛད་རྗེས་རླབས་ཆེན་བཞག་དང་འཇོག་མུས་སུ་འདོད་ཆུང་ཆོག་ཤེས་ཀྱི་རྒྱུན་ལ་གནས་བཞིན། སྤྲོ་ལྷང་ལྷང་།བདེ་འབོལ་འབོལ། འཇམ་ཞིག་ཞིག་གི་སྒོ་ནས་ཞབས་ཟུང་གཡོ་མེད་གཞོམ་གཞིག་བྲལ་བ་གཡུང་དྲུང་གཤིས་སུ་བཞུགས་བཞིན་པ་འདི་བཞིན་ལགས་སོ།།

སྨྲས་པ།

འདི་ལྟར་བགྱིས་པའི་དགེ་བའི་རྫིང་བུ་ལས། 

ལེགས་འཁྲུངས་པདྨ་དཀར་བོའི་ཆུན་པོ་རུ། 

བསོད་ནམས་སྦྲང་རྩིའི་ཐིག་ལེ་འཁྱིལ་བའི་མཐུས། །

གང་གི་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག །

      ཅེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་ཆོས་འཕེལ་མཆོག་གི་རྣམ་ཐར་མདོར་བསྡུས་པདྨ་དཀར་བོའི་ཆུན་པོ་ཞེས་བྱ་བ་བློ་ལྡན་དད་གུས་བསྐྱེད་པའི་གཏམ་དུ་སྤེལ་བ་འདི་ནི་དོན་གཉེར་ཅན་དུ་མས་སྔ་ཕྱིར་ཡང་ཡང་སྐུལ་མ་བྱུང་བས་མཚམས་སྦྱར་པ་ལྟར། མགོན་པོ་གང་གི་བཀའ་འབངས་ཀྱི་མཐའ་ན་འཁོད་པའི་བིས་པ་པཎྜི་ཏའི་སྐྱེ་མིང་བས་ཤིང་འབྲུག་ལོའི་དགུན་ཟླ་ར་བའི་ཡར་ཚེས་ལ་མདོ་སྨད་བསྟན་པའི་འབྱུང་གནས་རོང་བོ་དཔལ་གྱི་དགོན་ཆེན་དུ་འཕྲལ་མར་བྲིས་པ་དགེའོ།། །།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章