ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
སྡེ་སྲིད་དང་འབྲེལ་བའི་དྲྭ་རྩོད་ལས་འཕྲོས་པའི་གཏམ།
ལྗང་ཆུང་།
འདས་པའི་ལོ་རྒྱུས་ཀྱི་ཡོལ་རས་ཡངས་པོར་ཕྱེས་ཏེ་དྲང་པོའི་བློ་ཡིས་གཟི་མོའི་གཏམ་ཅིག་བཤད་ནས། ཀུན་ལ་རྔོ་ཐོགས་པའི་ལེགས་བཤད་གྱ་ནོམ་པ་ཞིག་མིག་གི་དགའ་སྟོན་དུ་བཤམ་ཟེར་ན་ནི་ཐལ་ཆ་ཆེ་སོང་མོད། སྔོན་བསགས་བསོད་ནམས་བཟང་བོའི་མཐུ་བྱིན་གྱིས་དམ་པ་གོང་མ་དག་གི་རྣམ་ཐར་དང་གསུང་འབུམ་དག་ལ་མཇལ་བ་ཙམ་དུ་མ་ཟད་བློར་འཛིན་སྐྱོར་སྦྱང་གིས་མཚོན་པའི་བསླབ་པ་སློབ་གཉེར་ཕྲན་ཙམ་གནང་བའི་སྐལ་བཟང་ལེགས་ཚོགས་ཀྱི་བགོ་སྐལ་རྨོངས་པ་བདག་ལ་ཡང་དར་ཅིག་བྱུང་བར་ལག་པ་འཆང་ནས་ལན་ཅིག་བཏབ་ན།
རྣམ་ཐར་བཙན་པོ་མ་ལས“ རྗེ་འདིས་མི་བདེན་འགྲོ་ང་ལ་ཐུག་གི་ཆུག་གསུངས་པས་བསད་ཚར།”ཞེས་པ་དང“རྗེ་རང་ཐུགས་རྒྱལ་བཞེས་ནས། ཁྱེད་ཚོ་ལས་མ་རབས་པ་མི་འདུག སྡེ་བ་གསོད་དོན་ཡང་ངེད་ཚོ་ལ་གོ་བཅུགས་ན་ཅི་ཡིན་གསུངས་ནས་མ་དགྱེས་པ་མཛད། གསོལ་ཚིགས་ཀྱང་མི་ཟ་གསུངས་ནས་ཕེབས་ཡོང་། ”ཞེས་པའི་ལུང་ཚིག་རྨ་མེད་པ་འདི་གཉིས་ཁོ་ནས་ཀྱང་སྡེ་སྲིད་ལག་དམར་གྱིས་བགྲོངས་པ་ནི་ནམ་ལང་ཉི་ཤར་གྱི་ཚུལ་དུ་གསལ་བོ་ཡིན་མོད། ད་སྐབས་ཁ་ཤས་ཀྱིས་ལོ་རྒྱུས་དོན་གནད་ཅིག་ལ་དོགས་སློང་གསར་བ་བྱས་པ་དང་ཀུན་མཁྱེན་བླ་མའི་ལ་རྒྱ་འཛིན་མཁན་ཡིན་མདོག་སྟོན་པའི་དོན་དངོས་ལ་འཁྱོག་བརྗོད་བྱེད་སྟངས་ཁག་ཅིག་ལ་འཁྱུག་ཙམ་བལྟས་ན། སྐབས་དེར་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱིས“ སྡེ་བ་ཁོ་རང་གིས་ཁོ་རང་བསད་ནས་མེད”ཅེས་པ་དེ་ནི་ཡུལ་དངོས་ཀྱི་མིའི་སྐད་ཆ་ཡིན་པས་ལོ་རྒྱུས་རྒྱུ་ཆ་ཨང་དང་པོ་ཡིན་ཟེར། འོ་ན་ཀུན་མཁྱེན་བླ་མ་ཡང་ཡུལ་དངོས་ལ་སླེབས་ཡོད་པས་དེ་ལ་ཡིད་རྟོན་མི་རུང་བ་ག་རེ་ཡིན་ནམ།
ཡང་ཁ་ཅིག་གིས་ཀུན་མཁྱེན་བླ་མས་ལག་དམར་གྱིས་གསོད་ཀྱིན་པ་དངོས་སུ་མཐོང་ཡོད་པ་མ་རེད་ཟེར། འོ་ན་ད་སྐབས་ཉེན་རྟོག་པ་ཡིས་ཀྱང་མི་བསད་རྗེས་སུ་ཁུངས་སྣེ་བཙལ་ནས་ལག་དམར་གཏན་ཁེལ་བྱེད་པ་རེད་མ་གཏོགས། མི་གསོད་བཞིན་པར་རྩིབ་ནས་བལྟས་བསྡད་དེ་བདེན་དཔང་བྱེད་པའི་གནས་ཚུལ་ཞིག་གར་ཡང་མ་མཆིས་པས་གད་མོ་ཤོར་ཡ་རང་རེད།
ཡང་སྡེ་སྲིད་ཀྱིས་རང་སྲོག་བཅད་པ་ཡིན་པར་ཁས་མ་བླངས་ན་ཀུན་མཁྱེན་བླ་མར་ཕོགས་འགྲོ་བ་འདྲ་བའི་རིག་ལམ་ཉི་ཚེ་བ་ཞིག་སྟེ། དེ་སྔོན་ནས་བཟུང་སྡེ་སྲིད་དང་རྒྱལ་དབང་དྲུག་པའི་སྟེང་ལ་ཀུན་མཁྱེན་ཚང་ཐུགས་མི་དགྱེས་ཚུལ་སྒྲུབ་བྱེད་དུ་འདྲེན་པ་ནི་འདྲེ་ཤར་སྒོ་ལ་གླུད་ནུབ་སྒོར་བཏང་བ་ལས་མ་འདས་ཏེ“རྗེ་འདིས་ཐུགས་ལ་དེ་རིང་སྡེ་བའི་རྗེས་སླེབ་ན་སོག་པོ་ཚོའི་ལག་ནས་འཕྲོག་གཏོང་དགོངས་ནས་ཕེབས་པས། བླ་མ་གཞན་རྣམས་སྟོད་ཀྱི་ཟམ་པ་བསྐོར་ནས་ཕེབས། རྗེས་འདིའི་ཟམ་ནས་སོང་ན་མི་སླེབས། ཐད་འདི་ནས་སྟོད་ལུང་ཆུ་བརྒལ་འགྲོ་གསུངས་པར། ཕྱག་གཡོག་ཚོས་ཆུ་ཆེ་བས་ཁྱེར་འགྲོ་ཞུས་ཀྱང་མ་གསན་པར་ཆུ་བརྒལ་ནས་ཚེ་རིང་བཀྲ་ཤིས་ཀྱི་རྩར་སླེབས། ང་དེ་རིང་ཅེས་ཀྱང་ཐུག་དགོས་ཞེས་བཀའ་བཀྱོན་མཛད”ཅེས་པ་འདི་ནི་རྒྱལ་བོ་ལྷ་བཟང་ཧན་གྱིས་སྡེ་སྲིད་འཛིན་བཟུང་བྱས་པ་ཀུན་མཁྱེན་བླ་མས་གསན་མ་ཐག་ནས་ཐུགས་འཚུབ་ཆེན་པོ་བྱུང་ཡོད་པ་བདེན་པའི་ཁུངས་བཙུན་པ་ཞིག་མ་ཡིན་ནམ།
སྐབས་འདིར་ཤེས་དགོས་པའི་དོན་གནད་ཅིག་ནི༧གཞུང་ས་དགའ་ལྡན་ཕོ་བྲང་དེ་གོང་བཀའ་བློན་ནས་བཟུང་སྟེ་བསྟན་བདག་བླ་ཆེན་ཁག་བར་དབང་འཛིན་ཆ་བགོས་བྱས་ཏེ་གང་འདོད་དུ་ཕན་ཚུན་ལ་སྟངས་འཛིན་གནང་མི་ཆོག་པའི་དམངས་གཙོ་ལེའུ་དང་པོ་ཡི་འོད་ཟེར་ལེགས་པོ་ཞིག་གངས་རིའི་ལྗོངས་འདིར་འཕྲོ་བཞིན་ཡོད་པ་ནི་ཚུལ་ཤིང་བཀྲམ་ནས་མང་མོས་འོས་འདེམ་བྱེད་སྲོལ་ཅིག་ཁྱབ་བརྡལ་བྱུང་ཡོད་ལ། དེ་ནི་ད་ལྟའི་ཨ་རི་སོགས་ཀྱི་སྲིད་འཛིན་འོས་བསྡུ་བྱེད་སྟངས་དང་མཐའ་གཅིག་ཏུ་འདྲ་བོ་ཡོད་པ་རེད་ཅེས་བརྗོད་ཆོག ལྷག་པར་དུ “ཨ་མའི་བུ་ལ་ཡོན་ཏན་ཡོད་ན།། དགའ་ལྡན་ཁྲི་ལ་བདག་པོ་མེད།། ”ཟེར་བ་འདི་ཡིས་ར་སྤྲོད་ཐུབ་པས། དབུ་ཁྲིད་གོང་འོག་བར་ལྟ་ཚུལ་མི་མཐུན་པ་འབྱུང་ཆོག་པ་ནི་རང་དབང་དང་དམངས་གཙོའི་ཁྱབ་ཁོངས་སུ་ཆེས་རྒྱུན་ལྡན་དང་གུ་ཡངས་ཀྱི་སྣང་ཚུལ་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། སྲིད་དབང་སྒེར་གཅོད་ཀྱི་མུན་ནག་ནང་གི་འུག་རྒན་དག་གིས་སྐབས་དེའི་ལུགས་གཉིས་སྲིད་དབང་གི་འོད་སྣང་མཇལ་བའི་གོ་སྐབས་ནི་གཞར་ཡང་མེད། རྒྱུ་མཚན་དེ་ཙམ་ལ་བསྙལ་ནས་གལ་ཏེ་སྡེ་སྲིད་བསད་པ་ཡིན་པར་ཁས་བླངས་ན་དངོས་སུ་ལག་མ་འགུལ་ཡང་བརྒྱུད་པའི་ལག་དམར་གྱི་གྲས་སུ་ཀུན་མཁྱེན་ཚུད་འགྲོ་བར་བཤད་པ་ནི་བདེན་པ་རྫུན་པར་བརྫུ་བའི་ཟོག་རྫིའི་གཏམ་ལས་མ་མཆིས་སོ།། ལྷག་པར་དུ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དཔྲལ་བའི་མིག་བཞིན་དུ་སྲུང་བའི་དགེ་སློང་ཞིག་གི་མཚན་གནས་ལ་བསམ་བཞིན་དུ་རྨ་འབྱིན་པ་མ་ཡིན་ནམ།
ད་དུང་དགོད་བྲོ་བ་ཞིག་ལ་སྡེ་སྲིད་ཀྱི་སྤྱོད་པ་འཆལ་བོ་ཡིན་ཚུལ་དང་སྐབས་དེར་ལྷ་སའི་ཁ་འབྲས་མཚར་བའི་གཞོན་ནུ་མ་མང་པོ་ལོངས་སྤྱོད་བྱས་པར་མ་རུང་ལྟས་ངན་རེད་ཟེར། འོ་ན་མཛེས་མ་ལག་ཏུ་རེག་ན་ལོངས་སྤྱོད་མི་བྱེད་པ་ནི་ལང་ཀ་ཐུར་དུ་བསྙལ་བའི་མོ་གཤམ་ནི་མ་ཡིན་པས་བུད་མེད་བསྟེན་མི་ཆོག་པར་སྡོམ་པ་སྲུང་སྟེ་སྡེ་སྲིད་ལ་དགེ་སློང་བསྒྲུབ་འདོད་པ་ནི་ངལ་བའི་རྒྱུ་ལས་མ་འདས། ད་དུང་སྡེ་སྲིད་ཀྱིས་དེ་མོ་སྨན་རམས་པ་སོགས་ཀྱི་གསུང་རྩོམ་རྐུ་འཕྲོག་བྱས་ཚུལ་བཤད་པ་ནི་བྲག་ཕུག་ཁ་བྱང་ལྟ་པའི་རྨོངས་བློར་ཤར་བའི་རྣམ་རྟོག་ཙམ་ལས་སྒྲུབ་བྱེད་ཁུང་བཙུན་པ་གང་ཡང་ཡོད་པ་མ་རེད། ད་དུང་བོད་ཀྱི་རྒུད་པ་ཐམས་ཅད་ཀྱི་འགོ་སྡེ་སྲིད་ནས་བསླངས་པ་རེད་ཟེར་བ་ནི“ཚངས་དབྱངས་པ་རྒྱལ་བོས་འཕྲོག་ནས་རྒྱ་ནག་བང་ཆེན་ལ་བྱིན་ནས་ཁྱེར་སོང་།”ཞེས་དང་། “རྒྱལ་བོས་སེར་སྨད་པ་འདིས་ཁོང་ལ་ངན་པ་བྱས་པས་གཏོར་རྒྱུ་ཡིན་ཟེར།”བ་དང་། “འོ་ན་དེའི་དབུ་མཛད་དགེ་བསྐོས་སོགས་གསོད་རྒྱུ་ཡིན་ཟེར། དེ་ཡང་རྗེ་འདིས་ནན་བྱས་ནས་སྲོག་ང་ལ་བསླངས། ཆད་པ་གཅོད་ན་དེ་ཞུ་མི་ནུས་པས་ཁྱེད་མཁྱེན་ཞེས་ཡང་ཡང་ཞུས”ཞེས་པའི་ལུང་ཚིག་འདི་དག་ལ་སེམས་རྣལ་དུ་ཕབ་ནས་ཞིབ་ཏུ་སོམས་དང་། སྐབས་དེའི་ཆབ་སྲིད་ཀྱི་གནས་སྟངས་ལ་བལྟས་ན“ཁ་རོ་ལ་འཁོར་ནས་མ་ངུས་པར་གྱང་ལ་འཁོར་ནས་ངུས”ཟེར་བའི་དཔེ་ལས་མ་འདས་སོ།།
བསེ་ངག་དབང་བཀྲ་ཤིས་མཆོག་གི་གསུང་གི་བབ་ལ་མཇལ་ན“གསོལ་ཚིགས་ཀྱང་མི་ཟ་གསུངས་ནས་ཕེབས་ཡོང་། དེ་ཉིན་ཐུགས་དམ་ཡང་རྒྱུན་ལྡན་ཆག་མེད་མཛད་པ་ཕལ་ཆེར་ལུས་སོང་།ཐུགས་དཔེ་མེད་འཁྲུགས་ནས་འདོན་མ་ཐུབ་གསུངས།”ཞེས་པས་སྐབས་དེར་ཀུན་མཁྱེན་བླ་མར་ཐུགས་འཚུབ་ཆེན་པོ་བྱུང་ཚུལ་དང་སྐུ་རླུང་དྲགས་པོ་བཞེངས་ཚུལ་སོགས་ནི་བོད་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་རྒྱལ་ཚབ་དམ་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ལ་ཤ་ཞེན་སྙིང་ནས་ཆེ་བ་ནི་ཤེས་པ་གནད་དུ་གནས་ཡོད་ཚེ་ཟུར་བལྟས་ལེབ་མཐོང་ཡིན་ལ། ད་དུང་སྡེ་སྲིད་བགྲོངས་རྗེས་རྒྱ་ནག་གོང་མའི་བཀོད་སྒྲིག་ལྟར་དྲུག་པ་ཆེན་པོ་རྒྱ་ནག་ལ་བཙན་འཁྲིད་བྱེད་བཞིན་པའི་སྐབས་དེར་འབྲས་སྤུང་དགོན་པའི་གྲྭ་བ་དག་གིས་ལུས་སྲོག་འབེན་དུ་བཙུགས་ཏེ། སོག་པོའི་དྲག་དམག་གི་ལག་ནས་འཕྲོག་ཐབས་ཀྱིས“གྲྭ་བ་མང་པོ་སོང་ནས་འཕྲོག་ནས་འབྲས་སྤུང་ལ་ཁྱེར་ཡོང་།དགའ་ལྡན་ཕོ་བྲང་ལ་བཞུགས་པ་ཡིན་ཞེས་པ་ནས་ད་རེས་ཐམས་ཅད་མ་བསད་བར་དུ་ཚངས་དབྱངས་པ་མི་སྟེར་ཞེས་མནའ་བཅད”ཅེས་པ་འདི་ཡང་ཀུན་མཁྱེན་དབུ་ལ་བཞུགས་པའི་གྲྭ་ས་དེ་ག་རང་ནས་བྱུང་བ་ཡིན་པས། རྣམ་རྟོག་དང་འཚིག་པ་ཟ་བའི་གཞི་ཏིལ་འབྲུ་ཙམ་ཡང་ལྷག་ཡོད་པ་མ་རེད་ལ་ཕྱིས་སུ་མཁས་པའི་དབང་བོ་མ་ཧ་པཎྚི་ཏ་སྐྱབས་མཆོག་འཇིགས་མེད་དབང་བོས་ཀྱང་བསེ་ཚང་གི་རྣམ་ཐར་བཙན་པོ་མ་ལ་རྟིང་གནོན་གྱི་ཚུལ་དུ་ལག་དམར་གྱིས་རྐང་བཙུགས་ནས་བགྲོངས་པ་ཡིན་པ་གསལ་བོར་གསུང་ཡོད་པས། མཁས་པའི་དབང་བོ་གྲུབ་པའི་ཁྱུ་མཆོག་དེ་དག་གི་དགོངས་ཚུལ་ཡལ་བར་དོར་ནས་རང་གི་ཞེ་འདོད་ཁོ་ན་གཞན་ལ་བཙན་འགེལ་བྱེད་པའི་ཅོལ་ཆུང་ཚོའི་བཤད་ཡམས་ལ་གཡམ་རྒྱུགས་བྱེད་པ་ནི་རང་ཉིད་ལ་ལེགས་ཉེས་རྣམ་འབྱེད་ཀྱི་བློ་མིག་ལྡོངས་ཤིང་ལས་སྐལ་དམན་པའི་ལན་པ་འབའ་ཞིག་ཏུ་ཟད་དོ།།
མཁས་པའི་སྨྱུག་རྩེ་དང་སྲིད་ཀྱི་དབང་ཆ་གང་ཡང་གཞན་དབང་དུ་གྱུར་བའི་དུས་སྐབས་དག་ལ་ཐམས་ཅད་རང་དབང་ན་མེད་པ་ནི་ཀུན་གྱིས་བསམ་ཤེས་བྱེད་མི་ཐུབ་པ་ཞིག་མ་ཡིན་མོད། སྐབས་དེར་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ལ་ཀུན་མཁྱེན་གྱིས་གསོལ་འདེབས་བརྩམས་ཏེ་སྡེ་སྲིད་དང་དྲུག་པ་ཚངས་དབྱངས་རྒྱ་མཚོ་རྩ་མེད་བཟོ་བའི་ཐུགས་དགོངས་ཡོད་ཚུལ་དང་ལག་དམར་དག་གི་རྒྱབ་ལོག་ན་གབ་སྦས་བྱས་ཡོད་པའི་ལོག་བཤད་ནག་བསྒྲུབ་བྱེད་མཁན་ཚོས། “རྒྱལ་བོས་དེའི་རྩ་བ་སྔགས་པ་བླ་མ་འོད་ཟེར་ཡིན་པ་ཤེས་ནས། དེ་ཁྱེར་ནས་གསོད་རྒྱུ་ཡིན་འདུག”ཅེས་པ་དང་། “ཧུང་ཐེའི་ཇིས་ཀྱང་རྒྱལ་བ་རིན་པོ་ཆེའི་སྤྲུལ་སྐུ་ཚངས་དབྱངས་པ་མིན་ལུགས་མང་པོ་བཤད་འདུག”ཅེས་དང་། “ གོང་མ་རྒྱལ་བོའི་ངོ་ཡ་བོད་ཀྱིས་མི་ཐུབ”ཅེས་པ་དང་། “དེ་ནས་ཅིས་ཀྱང་རྒྱ་ནག་གི་བང་ཆེན་པ་ལ་ཐབས་མ་ཡོང་བར་ཚངས་དབྱངས་པ་རྒྱ་ནག་ལ་ཕེབས་པ་ཐག་བཅད”ཅེས་པ་སོགས་མ་མཐོང་བའམ་ཁྲག་ཞར་ལ་སོང་བས་ནི་ཅི་ཆ། དེ་མིན་སྐབས་དེར་སོག་པོ་དག་གིས་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཞུ་བར་གཤེགས་ནས་བཙན་པོའི་དབུ་རྨོག་རེ་ཞིག་ཐང་ལ་ལྷུང་བའི་གོ་སྐབས་བཟུང་སྟེ། དབང་ཡོད་བཙན་ཤུགས་སྤྱད་ནས་མཁས་པའི་སྨྱུག་ཁ་བཙན་གྱིས་བསྒྱུར་བར་མ་ཟད། དགོན་སྡེ་ཁག་གི་བར་དབྱེན་དཀྲུག་བརྒྱབས་ཤིང་ས་སྐྱོང་སྡེ་སྲིད་ཀྱིས་མཚོན་པའི་བོད་མི་འཇོན་པོ་དག་དམར་གསོད་བཏང་ནས་ཁྲག་དྲི་བྲོ་བའི་མ་རུང་གདུགས་རྩུབ་ཀྱི་སྤྱོད་ངན་སྣ་ཚོགས་སྤེལ་བཞིན་པས། ལག་ཏུ་ཕྲེང་བ་ལས་མེད་པའི་དགེ་སློང་གཉོམ་ཆུང་ཞིག་གིས་མཚོན་ཆ་ཐོགས་པའི་དྲག་དམག་ཅིག་གི་ངོ་ཡ་མི་ལོན་པའི་གནས་ཚུལ་ལ་བསམ་ཞིབ་མ་བྱས་པ་རེད་ལ། ད་དུང་བུ་མོ་ལོ་གཞོན་དག་ལ་གང་འདོད་དུ་བཙན་གཡེམ་བྱས་ཏེ་དབང་ཤེད་ཀྱིས་ཆུང་མར་བླངས་པའི་སོག་པོའི་བོང་གསེབ་དག་གིས་ཅི་འདོད་གང་དྲན་བྱས་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཆེན་པོ་དེའི་བདེན་པའི་ངོ་གདོང་ལ་རྫུན་པའི་སྐྱག་དྲི་བྱུག་པ་ལས་མ་འདས་སོ།།
ལས་ད་ལྟར་བྱས་པ་ད་ལྟར་སྨིན་ཟེར་བ་བཞིན་ལྷ་བཟང་ཧན་གྱི་བུ་མོ་ལ་རྣམ་སྨིན་རྒྱུ་འབྲས་འཁོར་ནས་འཆི་བ་སྲོག་ལ་བབས་དུས་སུ་ཀུན་མཁྱེན་བླ་མར་བཙན་བཀའ་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་སྐྱོབ་ཏུ་ཡོང་དགོས་ཚུལ་ལབ་པར། བླ་མ་མཆོག་གིས“སྐུ་གཟུགས་ཀྱང་མི་བདེ་ཕེབས་མི་ཐུབ་པ་འདྲ་གསུངས། ཕྱག་ཕྱི་བ་ཚོས་རྒྱལ་བོས་བཀའ་ནན་ཆེ་ལ། ཞེས་པ་ནས་སྟོད་ལུང་བརྒྱུད་ཕེབས་ལམ་སྐབས་ནས་སྐུ་མ་བདེ་ནས་རྒྱལ་བོ་ལ་མི་བཏང”ཞེས་ཀུན་མཁྱེན་ཆེན་པོར་ཚད་ལས་བརྒལ་བའི་སྐུ་ཚེགས་འོ་བརྒྱལ་གཏད་པ་རེད་ལ། ཁ་གང་འཁོར་ས་ལ་བཀྲ་མི་ཤིས། རྐུབ་གང་བཙུག་ས་ལ་རྩྭ་མི་སྐྱེ་བའི་མ་རུང་བདུད་གཟུགས་དེ་ཀུན་མཁྱེན་ཆེན་པོས“རྒྱལ་བོ་གར་ཡོད་གསུངས། ད་སླེབས་ལ་ཁད་ཡོད་ཞུས་པས། རྒྱལ་བོ་ཡོད་ས་ལ་མི་འགྲོ་འདི་ནས་འབབ་དགོས་གསུངས་ཐབས་མ་ཡོང་ནས་ཆིབས་བཞོལ་ནས་དེར་བཞུགས་བསྡད།”ཅེས་དང་། “བགེགས་གཏོར་མང་པོ་བཅོས་ནས་ཁྱེར་ཤོག་ཅེས་པ་ནས་ཚར་བརྒྱ་ལྷག་བསྔོས། ”ཞེས་པ་སོགས་སྐབས་དེར་ཐད་ཀར་ལྷ་བཟང་ལ་ཐུག་པ་ཡིན་ན་ཁོང་རིན་པོ་ཆེར་བློ་ཡིད་ལས་འདས་པའི་སྐུ་བགེགས་ཡ་ང་ཞིག་འབྱུང་བ་ནི་གདོན་མི་ཟ་བར་གཟིགས་ཡོད།
ཀུན་མཁྱེན་ཆེན་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་གཞུང་ས་དགའ་ལྡན་ཕོ་བྲང་གཙོས་པའི་བོད་ཆེན་པོའི་དོན་བྱ་མཐའ་དག་ལ“རྗེ་འདིའི་ཞལ་ནས་ཁྱེད་ཚོ་བཟང་བོ་མ་རེད། ངས་ནི་ལས་འབྲས་དཔང་བཞག་གི་ཚིག་ཞུས་པ་ཡིན། སྐུ་ཕྱོགས་འདིའི་མཛད་པ་ནོར་ན་གཞུང་དགའ་ལྡན་ཕོ་བྲང་ལ་བཟང་བོ་མི་ཡོང་བས། ང་དགའ་ལྡན་ཕོ་བྲང་ལ་ཤ་ཚ་བ་ཡིན།”གསུང་བ་དང་། “ད་རུང་བོད་འདི་ལ་ཅི་ཡོང་ཧ་མི་གོ་བས་ཐམས་ཅད་ཀྱིས་སྐུ་རིམ་ལ་འབད་དགོས། སྐབས་འདིར་དགེ་འདུན་གྱི་སྡེ་དང་དགོན་པ་ལ་འཚུབ་ཆེ་བས། མང་པོ་མཚོན་གྱིས་འཆི་བའི་ལུང་བསྟན་ཡོད་གསུང།”སྟེ་སྐབས་དེའི་སྐྱ་ཆད་སྔོ་རྡུགས་ཀྱི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྐྱིད་སྡུག་ལེགས་ཉེས་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་སྐྱེས་བུ་དམ་པའི་མཛད་བཟང་རྨད་དུ་བྱུང་བ་དེར“ཕན་འདོགས་པའི་ཕྱིར་ལུས་སྲོག་ལ་མི་ལྟ་བར་འབད་པ་བྱེད་པ་ནི་ས་མཐོན་པོའི་བྱང་སེམས་ཀྱི་རྣམ་པར་ཐར་བ་ཡིན་ནོོ།།”ཞེས་ཤེས་བྱའི་གནས་ཐམས་ཅད་ལ་མཁྱེན་པའི་རྒྱ་ཡངས་ཤིང་མདོ་རྒྱུད་མན་ངག་བྱེ་བའི་གཏེར་ཏུ་གྱུར་བའི་ཐུགས་སྲས་ངག་དབང་བཀྲ་ཤིས་མཆོག་གིས་བསྟོད་ཕྱག་ཕུལ་བ་ནི་སྐལ་ལྡན་ལས་འཕྲོ་ཅན་དག་གི་སྣང་ངོར་ཅི་འདྲའི་གནད་ལ་ཁེལ་ཅིང་དོན་ལ་གནས་པ་ཞིག་རེད་ཨང་།
ལུགས་གཉིས་འཁོར་ལོ་བསྒྱུར་བའི་དེད་དཔོན་ཆེ།།
རྒྱལ་དབང་ཉི་མ་ནུབ་པའི་གླགས་དང་བསྟུན།།
དམ་མིན་དམ་རྫུ་སོག་པོ་ལྷ་བཟང་གིས།།
སྤུར་རྒྱལ་བོད་ཀྱི་ཆོས་སྲིད་རླབས་པོ་ཆེའི།།
མངའ་ཐང་ཁྱུར་མིད་བཏང་བའི་ནག་ཉེས་དེ།།
ཕྱི་མགོ་ནང་བཙོང་མཁས་རློམ་ཅོལ་ཆུང་འགས།།
ད་ལྟ་དཀར་འདོན་བྱེད་པའི་བྱུས་ངན་གྱི།།
གཡོ་དང་སྒྱུ་འཕྲུལ་འདི་ལ་སྐྱུག་རེ་བྲོ།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!