གསོ་རིག་མཁས་དབང་བསྟན་པ་རྒྱ་མཚོ་མཆོག་གི་མཆོད་བསྟོད།ཁ་གྱའི་སངས་ལོ།

文摘   2024-12-06 14:24   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ།

属于我们共同的文学大舞台





༄༅།གསོ་རིགམཁས་དབང་བསྟན་པ་རྒྱ་མཚོ་མཆོག་གི་མཆོད་བསྟོད་ཨ་རུ་ར་ཡི་མནྜལ།


 

ཁ་གྱ་བ་སངས་རྒྱས་དོན་འགྲུབ།





རྨད་བྱུང་བཀྲ་ཤིས་འཁྱིལ་བའི་སྨན་གྲྭར་ཞུགས།།

དུས་འགྱུར་ཆེ་ཡང་འདུལ་ཁྲིམས་མིག་བཞིན་བསྲུངས།།

གཞན་ཕན་སྨན་གྱི་དགེ་རྩས་མཐར་ཕྱིན་པའི།།

ངུར་སྨྲིག་འཛིནམཁས་བསྟན་པ་རྒྱ་མཚོར་བསྟོད།།

 

སྐྱབས་མཆོག་ཀུན་གཟིགས་སྣང་བ་མཐའ་ཡས་དང་།།

ཀུན་མཁྱེན་ཡབ་སྲས་སྒོ་གསུམ་དམ་ཚིག་དག

སྐུ་ལུས་རྡོ་རྗེ་འཚེ་མེད་ཞབས་ཞུ་བའི།།

བླ་སྨན་མཚན་བཞེས་བསྟན་པ་རྒྱ་མཚོར་བསྟོད།།

 

དུས་ཀྱི་འཕོ་འགྱུར་རྐྱེན་ངན་རྒོད་ན་ཡང་།།

ལ་རྒྱའི་སྙིང་སྟོབས་དཔའ་ངར་མི་ཞུམ་ཞིང་།།

བློ་བརྟན་འགྱུར་མེད་བརྟུལ་ཞུགས་འཛིན་པ་ཡི།།

རིག་པའི་དཔའ་བོ་བསྟན་པ་རྒྱ་མཚོར་བསྟོད།།

 

དྲི་མེད་རྒྱུད་བཞིའི་བདུད་རྩི་སྙིང་བོའི་བཅུད།།

མེས་པོའི་མཐོང་བརྒྱུད་ཕྱག་ལེན་གཅེས་འཛིན་གྱིས།།

མདོ་སྨད་གསོ་དཔྱད་མེ་རོ་གསོ་མཛད་པའི།།

ཡང་དར་དེད་དཔོན་བསྟན་པ་རྒྱ་མཚོར་བསྟོད།།

 

མཁྱེན་དཔྱོད་བློ་གྲོས་རྩལ་མཆོག་རྫོགས་པས་ནི།།

དཔལ་ལྡན་གསོ་རིག་རྒྱུད་བཞི་འགྲེལ་དང་བཅས།།

དད་བརྩོན་ལྷོད་མེད་དཔྱིས་ཕྱིན་སྦྱངས་པ་ཡི།།

གཞུང་གི་དོན་མཁས་བསྟན་པ་རྒྱ་མཚོར་བསྟོད།།

 

ཡུ་ཐོག་བསྟན་པ་མར་ངོའི་ཟླ་བ་བཞིན།།

ཉམས་པ་མ་བཟོད་ཐབས་ཤེས་དུས་བསྟུན་ཏེ།།

བསང་ཆུའི་བོད་ལུགས་སྨན་ཁང་ཕྱག་བཏབ་པའི།།

མཛད་འཕྲིན་མཚུངས་བྲལ་བསྟན་པ་རྒྱ་མཚོར་བསྟོད།།

 

གསོ་རིག་གཞུང་བརྒྱའི་མ་མ་རྒྱུད་བཞི་ཉིད།།

བཀའ་དང་བསྟན་བཅོས་གང་ཡིན་རྩོད་པ་ཡི།།

ཚོགས་དབུས་ལུང་རིགབཙན་པོས་བསྒྲུབས་པ་ཡི།།

རང་ལུགས་འཛིན་མཁས་བསྟན་པ་རྒྱ་མཚོར་བསྟོད།།

 

རྔམས་མཐུག་ལད་བཟླའི་གསུང་གི་གླེགས་བམ་ཆེ།།

ངོམ་དུ་མེད་ཀྱང་རྒྱུད་དགོངས་ཟེའུ་འབྲུའི་བཅུད།།

ཞི་བྱེད་ཕྱེ་མའི་རྒྱལ་བློན་རྗེའུ་དམངས་སོགས།།

སྦྱོར་མཛད་སྦྱིན་མཁས་བསྟན་པ་རྒྱ་མཚོར་བསྟོད།།

 

ཕྱི་ལ་གྲྭ་རྐྱང་དཀྱུས་མའི་ངང་ཚུལ་འཛིན།།

ནང་དུ་གསོ་དཔྱད་མན་ངག་མཛོད་ཀྱི་བདག།

དུལ་ཞིང་བཟོ་མཁས་གཞན་དོན་གཡེལ་མེད་པའི།།

སྨན་པ་མཆོག་གྱུར་བསྟན་པ་རྒྱ་མཚོར་བསྟོད།།

 

ཆེས་བྲིན་ལ་སོགས་ཁེ་ལས་ཚོང་གཉེར་བས།།

ཐབས་བརྒྱའི་ཟོལ་གྱིས་ཉེ་བར་བཏུད་ན་ཡང་།།

སྨན་དཔྱད་ཚོང་བའི་ཚོང་དུགཏན་འགོག་པའི།།

ཐུགས་འདུན་བརྟན་བརླིང་བསྟན་པ་རྒྱ་མཚོར་བསྟོད།།

 

མི་འདོད་སྙུང་གཞིས་སྐུ་ཚེར་གནོད་གྱུར་ཀྱང་།།

བོད་སྨན་དཔྱད་་གདེང་བརྙེསདད་མོསཀྱིས།།

རྒྱ་སྨན་རིལ་རྡོག་གཅིག་ཀྱང་མ་བསྟེན་པའི།།

དད་པ་བརྟན་པོ་བསྟན་པ་རྒྱ་མཚོར་བསྟོད།།

 

ཉིན་རེར་རིས་མེད་གསོ་བྱ་བརྒྱ་ཕྲག་ལས།།

བརྒལ་ཡང་དབུལ་ཕྱུག་མཐོ་དམའ་དབྱེར་མེད་ཅིང་།།

སྨན་ཐུན་གཅིག་གི་སྒེར་འདོད་མ་བསྙེག་པའི།།

གཞན་དོན་བསྒྲུབས་མཁས་བསྟན་པ་རྒྱ་མཚོར་བསྟོད།།

 

མདོར་ན་གསོ་རིག་འཛིན་སྐྱོང་སྤེལ་བ་ཡི།།

མཛད་འཕྲིན་རྒྱས་པ་འཆི་མེད་ལྗོན་ཤིང་རྩེར།།

བསུབ་མེད་འགྲོ་དོན་འབྲས་བཟང་གཡུར་ཟ་བའི།།

དོན་གྱི་བཤེས་གཉེན་བསྟན་པ་རྒྱ་མཚོར་བསྟོད།།

 

སྨན་གྱིས་སྦྱིན་སོགས་ཕ་རོལ་དྲུག་ལ་ཕྱིན།།

སྨན་གྱིས་བྱམས་བཅ་ཚད་མེད་བཞིར་གནས་ཤིང་།།

སྨན་པའི་རྒྱུ་དྲུག་མཛེས་པར་སྤུད་པ་ཡི།།

སྨན་པའི་གཙུག་རྒྱན་བསྟན་པ་རྒྱ་མཚོར་བསྟོད།།

 

ཡང་སྒོས་བདག་ཅག་ལས་བསོད་བཟང་པོའི་མཐུས།།

གང་གི་ཞབས་སེན་ཡུན་རིང་བསྟེན་གྱུར་ནས།།

དབང་ལུང་ཁྲིད་ཀྱི་བདུད་རྩིས་གསོས་པ་ཡི།།

དྲིན་ཅན་བླ་མ་བསྟན་པ་རྒྱ་མཚོར་བསྟོད།།

  ཅེས་པ་ནི་གངས་ལྗོངས་གསོ་རིག་བསྟན་པ་ཡང་དར་སྤྱི་དང་བྱེ་བྲག་མདོ་ལྷོའི་ཡུལ་གྱི་གསོ་རིག་བྱ་གཞག་འཛིན་སྐྱོང་སྤེལ་པ་ལ་མཛད་འཕྲིན་རབ་ཏུ་ཆེ་ཞིང་རང་ལ་ཕ་མས་བུ་བཞིན་བསྐྱངས་པའི་བཀའ་དྲིན་གཞལ་དུ་མ་མཆིས་པའི་མཁས་དབང་བསྟན་པ་རྒྱ་མཚོ་མཆོག་སྐུ་གཤེགས་ནས་ལོ་ངོ་ཉེར་བཞི་ལོན་པའི་རྗེས་དྲན་གྱི་ཚུལ་དུ་སློབ་བུ་ཐ་ཤལ་བ་ཁ་གྱ་བ་སངས་རྒྱས་དོན་འགྲུབ་ཀྱིས་བོད་རབ་རྒྱན་ཤིང་འབྲུག་ལོའི་སྨིན་དྲུག་ཟླ་བ་དང་སྤྱི་ལོ་༢༠༢༤ལོའི་ཟླ་༡༢པའི་ཚེས་བཟང་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་མཐའ་བ་ཞོལ་མའི་རང་སྤྱིལ་ནས་སྦྱར་བ་དགེའོ། 



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།


དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章