ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
ལོག་ཞུགས་དང་འབྲེལ་ནས་ཚངས་ཆེན་དུ་འཕགས་པ་མི་སྐྱེ་བའི་རྒྱུ་མཚན།
བློ་བཟང་ཐུགས་རྗེ།
མངོན་རྟོགས་རྒྱན་ལས། འོག་མིན་འགྲོ།། འཕར་གསུམ་ཞེས་པའི་སྐབས་སུ་གཟུགས་སུ་ཉེར་འགྲོ་ཕྱིར་མི་འོང་གོང་འཕོ་བ་འོག་མིན་མཐར་ཐུག་འགྲོ་ཡི་འཕར་བ་གསུམ་ལས་གནས་ཐམས་ཅད་དུ་འཆི་འཕོ་བའི་དགེ་འདུན་འདི་ནི་ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་དྲུག་རིམ་གྱིས་བགྲོད་དེ་མཐར་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དུ་གསུངས་ཤིང་། བསམ་གཏན་དང་པོའི་གནས་རྣམས་ཀྱི་མཐོ་བ་ཚངས་ཆེན་དུ་མི་སྐྱེ་བའི་རྒྱུ་མཚན་དུ་མཛོད་འགྲེལ་ལས། གཙོ་བོ་གཅིག་ཏུ་ཟད་པའི་འགྲན་ཟླ་མེད་པའི་ལས་བསགས་པའི་ཕྱིར་དང་། ལོག་ལྟའི་གནས་ཡིན་པའི་ཕྱིར་ཚངས་ཆེན་དུ་འཕགས་པ་མི་སྐྱེའོ།། ཞེས་པར་གཞི་བཅོལ་ནས་སྨྲ་ཞིང་དེ་ཡང་རིགས་པ་དང་ལྡན་མི་ལྡན་བརྟག་པར་བྱ་བ་ལ། ཐོག་མར་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་བསམ་པ་བཤད་པ་དང་། བྱེ་བྲག་ཏུ་ཚངས་ཆེན་དུ་ཉན་ཐོས་མི་སྐྱེ་བར་བཤད་པ་གཉིས་ཀྱིས་གྲུབ་པར་བྱ་སྟེ།
དེ་ལ་ཉན་ཐོས་ཀྱི་གང་ཟག་རྣམས་རང་བཞིན་གྱིས་དབང་པོ་རྟུལ་ཞིང་དམན་པའི་སྒྲིབ་པ་སྟུག་པས་བྱང་སེམས་རྣམས་དང་མི་འདྲ་བ་གཞན་དོན་ཆུང་བས་ན། བྱང་སེམས་དང་ཉན་ཐོས་ནི་བམ་པོ་དང་ལེའུའི་ཁ་ཕྱོགས་བཞིན་དང་པོ་མར་བལྟ་གཉིས་པ་ཡར་བལྟའོ།།
དང་པོ་རྒྱུན་ཞུགས་སོགས་ལ་འདོད་པར་ཚེ་ཡོངས་སུ་གྱུར་མ་གྱུར་གཉིས་ལས་འདོད་པར་ཚེ་ཡོངས་གྱུར་རྣམས་འདོད་པར་མ་མཐར་སྐྱེ་བ་གཉིས་བླངས་ནས་འདོད་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གང་ཟག་ཡིན་ཏེ། འདིའི་གྲས་ཀྱི་གང་ཟག་བསམ་གཏན་གྱི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་བ་དག་གིས་ནི་བསམ་གཏན་སྤེལ་སྒོམ་བྱས་ནས་འོག་མིན་དུ་སྐྱེ་བར་མི་བརྩོན་པ་ནི་ཉེས་དམིགས་ཤིན་དུ་ཆེ་བའི་འདོད་པའི་རྟེན་འདི་ཉིད་ལ་ལན་གཉིས་སམ་གསུམ་དུ་འཁོར་བས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་བྲལ་འདོད་ཀྱི་བློ་ཤུགས་དྲག་གིས་བསླངས་ཏེ་འཁོར་བའི་གནས་ཡིན་ཡང་། སྐྱོ་ཤས་ཆུང་བའི་གནས་རྣམས་སུ་བརྩོན་པར་མི་བྱེད་ཀྱང་མྱ་ངན་ལས་འདའ་བ་མཆོག་ཏུ་དོན་དུ་གཉེར་ཞིང་། དེ་ཉིད་ཀྱིས་འདོད་པའི་རྟེན་ལ་མྱང་འདས་མངོན་དུ་བྱས་རྗེས་སུ་རྐྱེན་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་བ་སོགས་དག་ཞིང་དུ་སྐྱེ་བའི་རྒྱུ་ཁྱད་པར་ཅན་བསྒྲུབས་ནས་དག་པའི་ཞིང་དུ་ལྷག་མེད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བརྩོན་པ་ཡིན་ཏེ། རྗེ་བཙུན་ཡིག་ཆར། ལྷག་བཅས་མྱང་འདས་པ་དེ་སྐུ་ཚེ་འཕོ་ཁར་ཟག་བཅས་ཀྱི་ལུས་འདི་བོར་ནས་དག་པའི་ཞིང་དུ་པདྨའི་སྦུབས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ཏེ་ཉེར་ཞི་དེ་ལ་མཉམ་པར་གཞག་པར་བྱའོ་སྙམ་དུ་འཕེན་པ་བཏང་བ་ལ་བརྟེན་ནས་དེར་སྐྱེས་པ་དང་དུས་མཉམ་དུ་དེ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཕྱིར། ཞེས་འབྱུང་བས་སེམས་ལས་ཆུང་ངུར་གྱུར་པས་གཞན་དོན་བྱེད་འདོད་ཀྱི་བློ་མེད་པ་སོགས་ཀྱིས་ཐར་པ་ཐོབ་ཕྱིན་ཆད་མཆོག་ཏུ་དག་པའི་གནས་སྡུག་བསྔལ་གྱིས་དབེན་པའི་གནས་སུ་ཕྱིན་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་དབྱིངས་ལ་སངས་རྒྱས་དང་བྱང་སེམས་ཀྱིས་མ་བསྐུལ་བར་དུ་སྙོམས་པར་འཇུག་པར་གསུངས་ཤིང་མདོ་དག་གིའང་དགོངས་པའོ།།
གཉིས་པ་འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཉན་ཐོས་དག་གིས་ནི་ཁམས་གོང་མ་རྣམས་སུ་རང་རང་གི་བློ་དང་དབང་པོ་དང་འཚམ་པར་མྱང་འདས་མངོན་དུ་བྱེད་ལ་དེ་ཡང་དབང་པོ་རྣོན་པོ་དག་གིས་ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་བར་དོའི་རྟེན་དང་འབྲིང་པོས་ནི་དེ་དག་གི་སྐྱེ་སྲིད་དུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་ལ་དེ་ཡང་བར་དོར་འདའ་བ་ནི་ལྷག་མེད་དང་། སྐྱེས་ནས་འདའ་བ་རྣམས་ནི་ལྷག་བཅས་སུ་གསུངས་ཏེ། བར་དོའི་རྟེན་ནི། རིགས་མཐུན་ལྷ་མིག་དག་པས་མཐོང་།། ལུས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན།། དབང་པོ་ཀུན་ཚང་ཐོགས་མེད་ལྡན།། མི་ལྡོག་དེ་ནི་དྲི་ཟའོ།། ཞེས་མ་རིག་བག་ཆགས་ས་དང་ཟག་མེད་ཀྱི་ལས་ལས་གྲུབ་པའི་ལྷག་མེད་པའི་ལུས་དང་ཤིན་ཏུ་རིགས་མཐུན་པས་ཡིད་ལུས་སུ་འཕོ་ཐུབ་པས་དེ་སྐད་དུ་བརྗོད་པ་ཡིན་ནམ་སྙམ། སྐྱེས་ནས་འདའ་བ་རྣམས་ནི་རང་རང་གི་རྟེན་མ་དོར་བར་དུ་ལྷག་མེད་དུ་འདའ་མི་ཐུབ་ལ་དེ་ཡང་འདི་གཉིས་ཀ་ཡང་མྱ་ངན་ལས་འདའ་བ་དང་དུས་མཉམ་དུ་དག་པའི་ཞིང་དུ་སྐྱེ་བར་བྱེད་དོ།།
འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་དབང་པོ་རྟུལ་བོ་དག་གིས་ནི་བསམ་གཏན་སྤེལ་སྒོམ་བྱས་ནས་འཁོར་བའི་གནས་ཀྱི་སྐྱོ་བ་ཆུང་ཤོས་འོག་མིན་དང་། འདས་ལམ་དང་སྲིད་རྩེའི་སེམས་ལ་བརྟེན་ནས་འདུ་ཤེས་རགས་པ་བཀག་ནས་སྲིད་རྩེའི་རྟེན་དུ་སྐྱེས་ནས་འགོག་པ་སྙོམས་པར་འཇུག་པའི་རིགས་གཉིས་ཡོད་ཀྱང་། འདི་དག་ནི་རང་ཉིད་གཅེས་འཛིན་གྱི་བློའི་མཐུ་འབའ་ཞིག་པས་དེར་གནས་ཀྱི་གཞན་དོན་དུ་འཁོར་བར་གནས་པ་ནི་མེད་དོ།། འཁོར་བར་གནས་པ་ཡང་རྣམ་འགྲེལ་ལས། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་།། གནས་པའི་འབད་རྩོལ་ཆེན་པོ་མེད།། གང་དག་བརྩེ་བ་ཆེན་པོ་པ།། གཞན་གྱི་ངོར་ནི་ཞུགས་པ་ཡིན།། ཞེས་འབྱུང་བས་སོ།།
གཉིས་པ་བྱེ་བྲག་ཏུ་ཚངས་ཆེན་དུ་ཉན་ཐོས་འཕགས་པ་མི་སྐྱེ་བའི་དོན་བཤད་པར་བྱ་སྟེ། དེ་ལ་སྤྱིར་འདུ་ཤེས་མེད་པ་བ་བཤད་པ་དང་། དེ་དང་མཚུངས་པར་བསྟན་པ་གཉིས་ལས། དང་པོ་འདུ་ཤེས་མེད་པ་བའི་རྟེན་ལ་འཕགས་པ་མི་སྐྱེ་ཞིང་། དེ་ཡང་གནས་འདི་ནི་ཕྱི་རོལ་པ་དག་གིས་ཐར་པའི་གནས་སུ་འཁྲུལ་ནས་བསམ་གཏན་བཞི་པའི་ཉེར་བསྡོགས་བསྒྲུབས་ཤིང་། བསམ་གཏན་བཞི་པའི་དངོས་གཞིའི་མཐུས་འདུ་ཤེས་ཚོར་འགོག་བྱས་ནས་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་ཅིང་། དེ་ཡང་སྐྱེས་ནས་མྱོང་འགྱུར་གྱི་ལས་སུ་གྲུབ་པས་ཡང་སྲིད་ཕྱི་མ་འདུ་ཤེས་མེད་པའི་ལྷར་སྐྱེས་པར་གསུངས་ཤིང་། གནས་འདི་ལ་འཕགས་པ་ཙམ་དུ་ཟད་ནང་པ་ཡང་མེད་པར་གསུངས་ཤིང་། དོན་ཡང་འདུ་ཤེས་མེད་པའི་སྙོམས་འཇུག་ཐར་ལམ་དུ་འཁྲུལ་ནས་ཐར་པ་འདུ་ཤེས་མེད་པའི་གནས་སུ་མངོན་པར་བརྩོན་པའི་འབྲས་བུ་ཉིད་དུ་བདོག་པས་སོ།།
གཉིས་པ་དེ་དང་མཚུངས་པར་བསྟན་པ། འདི་ལ་ཞིབ་ཏུ་མ་བརྟག་པའི་ཆ་ཡོད་མོད་ཀྱི་འོན་ཀྱང་ཁོ་བོའི་བསམ་ན་ཚངས་ཆེན་གནས་ཀྱི་གང་ཟག་རྣམས་ཕྱི་རོལ་པ་ཤ་སྟག་ཡིན་ཞིང་། དེ་ཡང་ཕལ་ཆེ་བ་དཔྱོད་པ་བ་རྣམས་ཡིན་པར་འདོད་དེ། འདིའི་དོན་བཤད་པ་ཐོག་མར་ལམ་བདེན་ལ་ལོག་པར་ཞུགས་པའི་ལོག་ཞུགས་བཞི་ལས། སྒྲུབ་པ་ལ་ལོག་པར་ཞུགས་པ་རྣམས་དཔྱོད་པ་པ་རྣམས་ཡིན་ཞིང་། དེ་དག་གིས་ནི་བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ་དང་། འགོག་བདེན་ལ་ལོག་པར་ཞུགས་པའི་ལོག་ཞུགས་བཞི་ལས་ཞི་བ་ལ་ལོག་པར་ཞུགས་པ་བ་ཡང་དེ་ཉིད་ཡིན་ཏེ། དེས་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པར་བྱེད་དོ།། དཔྱོད་པ་པ་དག་ནི་ལྕང་གྲུབ་ལས། གཉིས་པ་དཔྱོད་པའམ་རྒྱལ་དཔོག་པ་ནི། རྒྱལ་དཔོག་པ་སྟོན་པར་འདོད་ཅིང་། གྲུབ་མཐའི་འདོད་ཚུལ་ལ། བདག་ནི་བློའི་ངོ་བོ་སེམས་པ་ཅན་དང་། བེམ་པོ་མ་ཡིན་པ། ཤེས་རིག་གི་རང་བཞིན། རྟག་པའི་ངོ་བོ། ཡན་གར་བའི་རྫས་ཡོད། ཆ་ཤས་མེད་པ་ཞིག་ཏུ་འདོད་དོ།། རིག་བྱེད་ཚད་མར་འདོད་ཚུལ་ནི་སྔ་མ་རྣམས་དང་འདྲ། མཐོ་རིས་ཀྱི་ཚངས་པ་ལྟ་བུ་ངན་འགྲོ་ལས་གྲོལ་བའི་ཕྱིར་ཐར་པ་ཡིན་གྱི་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པའི་ཕྱིར་ཉེས་ཟད་ཀྱི་སྐྱེས་བུ་མེད་པ་དང་ཤེས་བྱ་མཐའ་ཡས་པའི་ཕྱིར། ཞེས་འབྱུང་ལ། འདི་དག་གིས་ནི་རིག་བྱེད་སྣ་ཚོགས་པ་ལ་བརྟེན་ནས་ཚངས་ཆེན་དུ་ཐོག་མར་ཚངས་པ་སྐྱེས་ཤིང་། དེ་ནས་དེའི་སྣོད་བཅུད་ཀྱི་ཆོས་རྣམས་ཚངས་པས་བཟོས་ཤིང་བསྐྲུན་པར་འདོད་ཅིང་། བསམ་གཏན་གྱི་ཁྱད་པར་འགའ་ཞིག་སྟེ་བསམ་གཏན་དང་པོའི་ཉེར་བསྡོགས་གུས་རྟག་གཉིས་ཀས་བསྒྲུབས་ན་གནས་དེར་སྐྱེས་ནས་ཐར་པ་ཐོབ་པར་བཤད་པ་ལྟར་རྒྱུ་དམིགས་བསལ་བ་ཐར་པ་ལ་ལོག་པར་ཞུགས་པའི་དབང་གིས་ཉེར་བསྡོགས་བསྒྲུབས་པའི་གནས་དམིགས་བསལ་བ་ཞིག་གྲུབ་པ་ཡིན་ཞིང་། དེ་ཡང་ལོག་ལྟའི་གནས་ཡིན་ཞེས་གསུངས་པའི་དགོངས་པ་ཡང་དེ་ཉིད་དོ།། འདུ་ཤེས་མེད་པ་དང་དཔྱོད་པ་པ་དག་གིས་འདི་ལྟར་རྒྱུ་དེ་ལྟ་བུ་བསྒྲུབས་པའི་རང་རང་གི་བསགས་པ་དང་མཐུན་པར་འབྲས་བུ་དམིགས་བསལ་བའི་གནས་དེ་ལྟར་གྲུབ་པ་རིགས་པ་དང་ལྡན་ཏེ། དཔེར་ན་མིའི་རྟེན་ལ་ལོངས་སྤྱོད་ཆེ་བ་སོགས་འདོད་ནས་ཚུལ་ཁྲིམས་གཙང་མས་སྦྱིན་གཏོང་གི་བྱ་བས་མི་དེ་དང་དེ་འདྲ་བར་སྐྱེས་པ་བཞིན་ཡིན་ནོ།། དཔྱོད་པ་པ་ཕུགས་ཀྱིས་ཐར་པ་དང་ཐར་ལམ་ལ་ལོག་པར་ཞུགས་མོད་ཀྱི་འོན་ཀྱང་དེ་སྒྲུབ་བྱེད་ཀྱི་རྒྱུ་ཉེར་བསྡོགས་ལ་གནོད་པ་མེད་པས་འབྲས་བུ་ཡང་དེ་དང་རིགས་མཚུངས་པར་འབྱུང་བ་ཡིན། དཔེར་ན་གཅེར་བུ་ལྟ་བུ་རྣམས་ནི་ཐར་པ་ཡང་དཔྱོད་པ་པ་བཞིན་གནས་བྱེ་བྲག་པ་གཅིག་ངོས་བཟུང་བ་ཡིན་ཏེ། རིགས་རྒྱན་ལས། འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཞེས་བྱ་བ་གདུགས་དཀར་པོ་གྱེན་ལ་བསླངས་པ་ལྟ་བུ་ཡོད་པས་དེར་འགྲོ་བ་ཡིན་ནོ།། ཞེས་ཐར་པའི་གནས་དམིགས་བསལ་བ་ངོས་བཟུང་མོད་འདི་དག་གིས་དེའི་དོན་དུ་ཅི་ཙམ་བསྒྲུབས་པས་གནས་དེ་འགྲུབ་པ་ལྟ་ཞོག་ཐར་པར་བགྲོད་བྱེད་ཏུ་ལྟ་བའི་རྒྱུ་དེ་དག་གི་མཐུས་ངན་སོང་ངན་འགྲོར་ལྟུང་བ་ཐར་པ་སྒྲུབ་བྱེད་ཀྱི་རྒྱུ་ལ་འཁྱུག་པ་ཆེན་པོ་བྱུང་བས་དཔྱོད་པ་པ་དང་མི་མཚུངས་པའི་གནད་ཆེན་པོ་བྱུང་བ་ཡིན་ཏེ། འདིའི་ཐར་པར་བགྲོད་བྱེད་དུ་ལྟ་བའི་རྒྱུ་ནི་ལྕང་གྲུབ་ལས། ཐར་པ་ནི་ལུས་གཅེར་བུ་དང་ངག་མི་སྨྲ་བ་སོགས་པའི་སྡོམ་པ་དང་། མི་འཚེ་བ་དང་བདེན་སྨྲ་སོགས་བརྟུལ་ཞུགས་དང་། བློ་གྲོས་དང་ཐོས་པ་སོགས་ཡེ་ཤེས་དང་། མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ཀྱི་སྤྱོད་པ་ལ་བརྟེན་ནས་ལས་ཐམས་ཅད་ཟད་པ་ན་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་ཁམས་གསུམ་ལས་འདས་པ་དབྱིབས་གདུགས་དཀར་པོ་གྱེན་ལ་བསླང་བ་ལྟ་བུ། ཁ་དོག་ཀུ་མུད་ཀྱི་མདོག་ཅན་དཀར་པོ། ཚད་དཔག་ཚད་འབུམ་ཕྲག་ཞེ་ལྔ་ཡོད་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་སྲོག་ཡོད་པས་དངོས་པོ་ཡིན་པ་འཁོར་བ་ལས་གྲོལ་བའི་དངོས་པོ་མེད་པ་ཡང་ཡིན་པ་དེར་འགྲོ་སྟེ། གནས་དེ་ལ་ནི་ཐར་པའི་འགྲོ་བ་ཞེས་བྱའོ།། ཞེས་མེ་ལྔ་བསྟེན་པ་སོགས་ཐར་པ་ལྟ་ཞོག་མཐོ་རིས་ཙམ་གྱི་རྒྱུར་མི་རུང་བའི་དཀའ་ཐུབ་ཀྱི་རྒྱུ་དག་གིས་འབྲས་བུ་ཐར་པ་ལྟ་ཞོག་མངོན་མཐོ་ཙམ་ཡང་མི་ནུས་པ་ནི་རྒྱུ་ལ་འཁྲུལ་ཚབ་ཆེན་པོ་བྱུང་བས་གནད་དོ།། དེས་ན་དཔྱོད་པ་པ་རྣམས་ནི་ཕུགས་སུ་འཁྲུལ་ནའང་སྦྱོར་བ་ལ་བསམ་གཏན་དང་པོའི་ཉེར་བསྡོགས་ཁྱད་པར་ཅན་བསྒྲུབས་པས་ཚངས་ཆེན་དུ་སྐྱེ་བར་མངོན་ནོ། །
༢༠༢༤།༡༡།༢༩།ཉིན་ཇ་ཞོར་དུ་བྲིས།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!