ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་གྱི་་རྟོགས་བརྗོད། གོ་ནག

文摘   2024-12-08 10:54   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


༄༅།། ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་བརྗོད་མདོར་བསྡུས་པུཎྜ་རི་ཀའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།

 རྩོམ་པ་པོ།  གོ་ནག  

ༀ་བདེ་ལེགས་སུ་གྱུར་ཅིག                  
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།      
གདོང་བཞི་མགྲིན་སྔོན་མིག་སྟོང་ལྡན་པ་སོགས།།
ཆེར་རློམ་དྲེགས་པས་མྱོས་པ་ཐམས་ཅད་ཀྱིས།།
གང་ཞབས་རིན་ཆེན་པདྨོར་གུས་པར་གཏུགས།།
འགྲོ་བའི་འདྲེན་པ་ཤཱཀྱའི་ཏོག་ལ་འདུད།།

ཉི་མའི་དཀྱིལ་འཁོར་འབར་བའི་འོད་ཀྱི་རྡུལ།།
ཐུན་མཚམས་སྤྲིན་གྱི་རྒྱ་མཚོར་འདྲེས་པ་ལས།།
དམར་སེར་ཚོན་གྱི་སྣང་བ་ལུད་པའི་གཟུགས།།
འགོག་པའི་སྐུ་མངའ་བརྟན་པའི་འཁོར་ལོར་འདུད།།

མཛེས་པའི་ཞལ་ལ་ཨུཏྤལ་རྒྱས་པའི་སྤྱན།།
ཡིད་འཕྲོག་ངང་པའི་བུ་མོ་དབྱངས་ལྡན་མ།།
ཟག་མེད་གསུང་གི་རོལ་མོ་འཁྲོལ་བའི་ངང་།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་དུ་རོལ།།

ལུས་དང་དབང་པོའི་ཉོན་མོངས་མི་མངའ་ཡང་།།
མི་འགྱུར་དོན་དམ་མཆོག་དགའི་བདེ་བ་ལ།།
ལྷན་ཅིག་སྐྱེས་སྦྱོར་ཐབས་ཤེས་ཟུང་དུ་འཇུག།
དཔལ་མཆོག་དུས་ཀྱི་འཁོར་ལོས་སྲུང་གྱུར་ཅིག།

ཤེས་བྱ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ཞེས།།
གྲགས་པ་དོན་ལྡན་རྟོན་པ་བཞི་ལྡན་གྱི།།
ལུས་སྐྱེས་ཙམ་ཡང་ལེགས་ཚོགས་མ་ལུས་པ།།
འབྱུང་བའི་གནས་ཉིད་མི་ཕྱེད་དང་བས་འདུད།།

དེ་སྲས་སྤྱན་ལྔ་མངོན་ཤེས་ཏིང་ངེ་འཛིན།།
གཟུངས་སྤོབས་མཁྱེན་རྟོགས་ཡོན་ཏན་བསམ་ཡས་ཤིང་།།
མཁས་དང་གྲུབ་པའི་ཕ་རོལ་ལེགས་ཕྱིན་པ།།
མགོན་འདྲའི་བུ་ཆེན་དག་ཀྱང་གཙུག་གིས་མཆོད།།

ཕན་བདེ་གྲིབ་བསིལ་རྣམ་དག་ཡུ་བ་བརྟན།།
ནོར་བུའི་ཏོག་ལྡན་ངེས་དོན་ཆོས་ཀྱི་གདུགས།།
ལུང་རིགས་དཔུང་བ་བརྟན་པོས་མཁར་འདེགས་པའི།།
འགྲོ་བའི་མགོན་པོ་ཏཱ་ར་ནཱ་ཐར་འདུད།།

གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་དཔལ།།
ལྷུན་ཆགས་མཁྱེན་སྤོབས་འཛུམ་རིས་ཁོང་ནས་རྒྱས།།
བསམ་གྱིས་མི་ཁྱབ་ཡོན་ཏན་གཏེར་དུ་གྲུབ།།
འཇིགས་མེད་རྡོ་རྗེས་ཚེ་རབས་ཕྲེང་བར་སྐྱོངས།།

ཆོས་ཀུ༵ན་མཁྱེ༵ན་པའི་ཤེ༵ས་ར༵བ་དཔག་པར་དཀའ།།
ཕྱོགས་ལས་རྒྱ༵ལ་མཚ༵ན་དབང་ཕྱུག་བརྒྱད་དང་ལྡན།།
མི་རྟོག་གསལ་སྟོང་བདེ་བའི་ཉམས་ཀྱིས་མྱོས།།
ཆོས་ཀྱི་རྒྱལ་པོའི་རྟོགས་པ་མདོ་ཙམ་བརྗོད།།

ནུབ་ཕྱོགས་ཡོངས་སུ་དག་པའི་ཞིང་ཁམས་སུ།།
པདྨ་རཱ་གའི་མདངས་ལྡན་ཚེ་དཔག་མེད།།
ཕྱག་གཡས་ཚེ་མདའ་ཕྱག་གཡོན་ཚེ་བུམ་བསྣམས།།
འཆི་མེད་ཚེ་ཡི་དངོས་གྲུབ་འགྲོ་ལ་བསྩལ།།

གྲུ་འཛིན་ཞིང་དུ་འཕགས་པ་སྤྱན་རས་གཟིགས།།
མཚུངས་མེད་ཐུགས་རྗེ་དག་པའི་འོ་རྒྱུན་གྱིས།།
རིགས་དྲུག་སེམས་ཅན་མ་ལུས་ཚིམ་བྱས་པའི།།
རླབས་ཆེན་མཛད་པའི་རི་མོ་ཕྱག་གི་ཡུལ།།

རྣམ་འདྲེན་རྒྱལ་བའི་མདུན་དུ་ས་འཛིན་སྲས།།
ལི་ཙཱ་བི་ཞེས་འཇིག་རྟེན་ཐམས་ཅད་ཀྱིས།།
མཐོང་ན་དགའ་བར་སྐྱེ་བའི་རོལ་གར་གྱིས།།
ངེས་ལེགས་ཐར་བའི་འབབ་སྟེགས་འགྲོ་ལ་བསྐྲུན།།

རྣམ་དག་ཞིང་གི་ཡོན་ཏན་ལྷུན་ཆགས་པ།།
སྔགས་ཀྱི་ཞིང་མཆོག་དཔལ་ལྡན་ཀ་ལཱ་པར།།
སྤྱན་རས་གཟིགས་དབང་རིགས་ལྡན་པདྨ་དཀར།།
རྒྱུད་རྒྱལ་ཀཱ་ལ་ཙཀྲས་ལུས་ཅན་སྒྲོལ།།

ལྷོ་ཕྱོགས་དཔལ་གྱི་རི་ལ་ཤིང་རྟ་ཆེ།།
རྒྱལ་བའི་སྲས་པོ་ནཱ་གཱ་རྫུ་ན་མཆོག།
ཟབ་པ་མཐའ་བྲལ་དབུ་མའི་ཆོས་ཚུལ་གྱིས།།
སྐྱེ་དགུའི་རབ་རིབ་མཐའ་དག་སེལ་བར་མཛད།།

དག་པའི་རི་བོ་སྤོས་ངད་ལྡང་བ་རུ།།
ཆོས་འཕགས་ཆོས་མཛད་དམ་པ་རྒྱལ་བའི་སྲས།།
ཕར་ཕྱིན་ཐེག་པ་བདག་མེད་སེངྒེའི་སྒྲ།།
འཁོར་ཚོགས་རྒྱ་མཚོ་དཀྲིགས་པའི་དབུས་སུ་སྒྲོགས།།

རྔ་ཡབ་གླིང་དུ་པདྨ་སམ་བྷ་ཝ།།
སྣང་སྲིད་ཟིལ་གནོན་གུ་རུ་ཆོས་ཀྱི་རྗེ།།
གྲུབ་ཆེན་བརྒྱད་དང་རིག་འཛིན་མཁའ་འགྲོས་བསྐོར།།
ཚད་མེད་བརྩེ་བས་མི་བསྲུན་གདུག་ཅན་འདུལ།།

ཆོས་འཁོར་ལྷ་སར་ལུགས་གཉིས་སྐྱོང་བའི་མགོན།།
མི་ཡི་དབང་པོ་སྲོང་བཙན་སྒམ་པོ་ཉིད།།
ཕན་བདེའི་ལམ་སྟོན་ཆོས་ཀྱི་སྒྲོན་མེ་གང་།།
གངས་ཅན་མུན་པ་སེལ་བའི་ཆེད་དུ་སྦར།།

འབྲི་གུང་གནས་སུ་འཇིག་རྟེན་གསུམ་གྱི་མགོན།།
ཚད་མེད་བཞི་དང་བསྡུ་བ་རྣམ་བཞིའི་གྲུས།།
སྡུག་བསྔལ་འཁོར་བའི་མཚོ་ལས་འགྲོ་བ་ཀུན།།
གཏན་བདེ་སྐམ་སར་སྒྲོལ་བའི་དེད་དཔོན་མཛད།།

དགྲ་བཅོམ་འཕགས་པ་ཚངས་དབང་གདེངས་ཀ་ཅན།།
ས་སྐྱོང་མི་མཆོག་འཇིག་རྟེན་འདྲེན་པའི་གཙོ།།
གང་ལ་གང་འདུལ་དེ་ལ་དེ་གཟུགས་ཀྱིས།།
བྱ་དཀའི་སྤྱད་པ་སྤྱོད་པ་གཞལ་མཐའ་བྲལ།།

ཐུན་མོང་ཐུན་མིན་སྐྱེས་རབས་ཡིད་བཞིན་ནོར།།
འགྲོ་བའི་རེ་སྐོང་ངོ་མཚར་རྨད་བྱུང་བ།།
མཐའ་དག་བརྗོད་ཀྱིས་མི་ལང་གངྒཱའི་རྡུལ།།
སྤྲུལ་པའི་ལྗགས་རྩེར་བླངས་ཀྱང་ངལ་བའི་རྒྱུ།།

ད་ནི་རྩོད་ལྡན་འཇིག་རྟེན་འདིའི།།
གདུལ་བྱ་རྒྱ་མཚོ་སྐྱོང་བའི་གཉེན།།
མི་ལས་འདས་ཀྱང་མི་གཟུགས་སུ།།
བྱོན་པའི་རྣམ་ཐར་བརྗོད་པར་བྱ།།

རྣམ་དག་མདོ་རྒྱུད་དུ་མ་ནས།།
ལུང་བསྟན་ཡུལ་མཆོག་ལྟ་ན་སྡུག།
ཚངས་ཆེན་བློ་ཡི་འདུ་བྱེད་ལས།།
བྱུང་ངམ་སོམ་ཉིའི་དཔྱང་ཐག་འཛིན།།

རྐང་པས་འཐུང་རྣམས་གར་སྟབས་བསྒྱུར།།
ཕུ་ཆུས་དབྱངས་སྙན་སྙན་པར་སྒྲོགས།།
རི་དྭགས་ཁྱུ་འཁྲིགས་རྩེད་འཇོར་རོལ།།
རྩི་ཤིང་དྲི་ཞིམ་ཕྱོགས་སུ་འབབ།།

མེ་ཏོག་དབང་གཞུའི་འདབ་ལྡན་མ།།
བུང་བ་གཞོན་ནུས་མཐོང་བ་ན།།
ཡིད་གཡོས་ཆགས་པའི་སྤུ་ལོང་ཟིང་།།
སྲེད་པའི་གླུ་དབྱངས་སྐོར་ལེན་བྱེད།།

བཻཌཱུར་ཞུན་མའི་ཁུ་བ་ཡིས།།
ལན་བརྒྱར་བྱུགས་འདྲའི་ནེའུ་གསིང་མའི།།
ཡིད་འཛིན་ལང་ཚོ་དར་བ་ལ།།
ལྷ་ཡི་ཚལ་གྱིས་འགྲན་མི་བཟོད།།

གཡའ་དག་སྟོན་གྱི་མཁའ་དབྱིངས་སུ།།
ཟླ་བ་རྒྱུ་སྐར་ཕྲེང་བ་ཅན།།
ཤར་བ་ཇི་བཞིན་དྭངས་པའི་མཚོར།།
ངང་པའི་རྒྱལ་པོ་འཁོར་བཅས་རྒྱུ།།

ཁྲུང་ཁྲུང་རྨ་བྱ་འཇོལ་མོ་དང་།།
ཁུ་བྱུག་གོང་མོ་མཐིང་རིལ་སོགས།།
སྤུ་སྡུག་འདབ་ཆགས་སྐད་སྙན་གྱིས།།
དྲི་ཟའི་འཇིག་རྟེན་ས་ལ་བཀོད།།

ཨིནྡྲ་ནཱི་ལའི་མདངས་འཕྲོག་པའི།།
ཡན་ལག་བརྒྱད་ལྡན་དྭངས་པའི་མཚོ།།
ཉི་མའི་འོད་ཀྱིས་མཐིང་གའི་གནམ།།
བཞུས་པའི་ཞུན་མ་འཁྱིལ་ན་མཚོན།།

རབ་མཛེས་ཆུ་མཚོའི་སྐ་རགས་ཅན།།
ཉམས་དགའི་ཁོ་ར་ཁོར་ཡུག་གི།
མཛེས་པའི་གཟུགས་བརྙན་ལྷ་ཡི་གཙོ།།
བརྒྱ་བྱིན་མིག་གིས་ཟིན་པ་མེད།།

ཆུ་ཤིང་སེང་ལྡེང་མྱ་ངན་སེལ།།
ལ་སོགས་ལྗོན་ཤིང་ཕྲེང་མཛེས་ཀྱང་།།
མེ་ན་ཀཱ་ཡི་སྒེག་པ་ལ།།
འཕྱ་བའི་འཛུམ་བག་རབ་ཏུ་རྒྱས།།

རིན་ཆེན་རི་བོ་སྲེད་པ་ཅན།།
ཀུན་གསལ་བུ་མོའི་མཛེས་པ་ལ།།
མྱང་སླད་མགོ་བོ་མཐོར་བཏེགས་ནས།།
ནམ་མཁའི་དབྱིངས་སུ་བསྙེགས་པ་བཞིན།།

སྣ་ཚོགས་ནོར་བུའི་ཁུར་ལྕི་ཡང་།།
འདེགས་བཟོད་ནོར་གྱི་བློ་གྲོས་མ།།
ངལ་བའི་རྔུལ་དང་འཁུན་པའི་སྒྲ།།
དགའ་སྡུག་མི་མངའ་དུས་བཞིར་ཁུར།།

ཕྱོགས་དང་མཚམས་སུ་ཁ་དཀར་རྐྱང་།།
ཞོགས་པའི་རྨིག་རྡུལ་གཏོས་ཆེ་བ།།
ཆར་སྤྲིན་འཁྲིགས་པའི་ཕུང་པོ་བཞིན།།
ཆུ་མཐོངས་བཞིན་རས་སྒྲིབ་པའི་རྒྱུ།།

འབྲོང་གཡག་ཁྲོས་པའི་ཁ་སྣ་ལས།།
དབུགས་ཀྱི་སྤྲིན་ནག་ལྷོག་ལྷོག་ཁོལ།།
ཧུར་ཧུར་འབྲུག་གི་སྒྲ་དབྱངས་ཀྱིས།།
གནམ་ས་ཡོངས་སུ་རལ་སྙམ་བྱེད།།

མ་བསྐྲུན་རང་བྱུང་ཁོར་ཡུག་ལ།།
མ་བཀོད་གནས་ཀྱི་ཡོན་ཏན་རྫོགས།།
མ་བསྡུས་མཛེས་པའི་ཆོས་སོ་ཅོག།
མ་ལུས་འདུས་པར་གྱུར་པ་མཚར།།

དགེ་བཅུའི་ས་ལ་མཐོ་རིས་ཀྱི།།
ཡོན་ཏན་ཚང་བའི་ལུས་རྟེན་ཅན།།
རྐང་གཉིས་རྣམས་ནི་འཚེ་མེད་ཅིང་།།
དགེ་བཅུའི་ཆོས་ལ་རྟག་ཏུ་སྤྱོད།།

སྣོད་བཅུད་ཕུན་སུམ་ཚོགས་པའི་གཡང་།།
ཡོན་ཏན་བདུན་དང་བཀྲ་ཤིས་བརྒྱད།།
དཔལ་དང་འབྱོར་བས་མངོན་འཕགས་པ།།
ཉམས་དགའི་གནས་མཆོག་ཀ་ཡོ་རི།།

དེར་གནས་དབང་བཅུས་སྙེམས་པའི་བློ།།
རབ་རྒྱས་རིགས་མཐོ་བཀུར་བའི་གནས།།
དཔའ་མཛངས་དབང་ཕྱུག་སྟོབས་ལྡན་པ།།
ཁྱད་འཕགས་རྨད་བྱུང་རིགས་རྒྱུད་དུ།།

བདེ་མཆོག་རྣམ་སྤྲུལ་ཡོན་ཏན་མཛོད་འཆང་ཆོས་ཀྱི་བློ་གྲོས་རབ་རྒྱས་ཤིང་།།
སྒོ་གསུམ་བག་ཡོད་ཞི་དུལ་སྤྱོད་པ་བདེ་གཤེགས་སྲས་ཀྱིས་སློབ་པ་བཞིན།།
དཀོན་མཆོག་མཆོད་དང་གསུང་རབ་ཀློག་འདོན་ཆོས་སྤྱོད་བཅུ་ཡིས་ཉིན་མཚན་འདའ།།
ཡེ༵་ཤེ༵ས་མཚོན་གྱིས་རྨོངས་པའི་དགྲ་བཅོམ་དབ༵ང་ཕྱུ༵ག་གྲགས་པ་ཕྱོགས་སུ་འབར།།

དད་བརྩོན་ཤེས་རབ་མང་ཐོས་ནོར་ལྡན་གསང་སྔགས་ཐེག་པའི་ཁྲི་ལ་འགྱིང་།།
རྣམ་དག་མ་ཧཱ་ཡོ་གའི་ཆོས་ཀྱིས་ལྟ་སྒོམ་སྤྱོད་པའི་གཞི་རྐང་ཚུགས།།
ལྷག་པའི་ལྷ་ཡི་ཞལ་གསུང་བདུད་རྩིས་ཉོན་མོངས་ཟུག་རྔུའི་གདུང་བ་སེལ།།
འཁོར་འདས་དབྱེར་མེད་གཟུང་འཛིན་སྤྲོས་བྲལ་རྣལ་འབྱོར་བཟང་པོའི་རབ་དང་ཕུལ།།

གཞན་ཕན་གྲིབ་བསིལ་ཁོར་ཡུག་ཀུན་ཁྱབ་ལེགས་ཚོགས་འབྲས་བུའི་ཁུར་གྱིས་དུད།།
བསོད་ནམས་ཕུན་ཚོགས་གཡང་གི་འདབ་མ་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ལ་བརྐྱངས།།
མི་མཐུན་བསེར་བུ་ལྡང་ཡང་མི་གཡོ་འགྱུར་མེད་རྩ་བ་རབ་ཏུ་བརྟན།།
ཨེ་མ་མ་ལ་དཔལ་ལྡན་ཡབ་མཆོག་ཡོངས་འདུའི་ལྗོན་པ་ཀུན་ལས་འཕགས།།

གནག་བག་མ་མཆིས་སྐྱོན་གྱིས་མ་གོས་ཡོན་ཏན་འདབ་བརྒྱ་ལྷུག་པར་གྲོལ།།
རྣམ་དཀར་དགེ་བློ་ནང་ནས་སད་ཅིང་རྟོག་པའི་དྲི་མ་ཀ་ནས་དག།
ལྷན་ཅིག་སྐྱེས་པ་སྙིང་རྗེའི་ཟླ་བ་གཏོང་བའི་འོད་དང་ལྷན་ཅིག་འགྲོགས།།
ལྷ་མོའི་གཟུགས་འཆང་ཚུ༵ལ་ཁྲི༵མས་རྒྱ༵ན་ལྡན་རང་བཞིན་དག་པ་ཕག་མོའི་འཕྲུལ།།

རི་བོང་འཛིན་པའི་དཀྱིལ་འཁོར་དབུས་ནས་ཚ་ཟེར་ཕྲེང་བ་མི་འབྱུང་བཞིན།།
གེ་སར་ཚེམས་ཕྲེང་གཡོ་བའི་ཞལ་ནས་ཉེས་པའི་ཚིག་རྩུབ་འགའ་ཡང་མེད།།
འདམ་སྐྱེས་འདམ་རྫབ་སྦུབས་ལས་བྱུང་ཡང་ལྗན་ལྗིན་དྲི་མས་ཇི་ལྟར་གོས།།
སྲིད་ལ་གནས་ཀྱང་སྲིད་པས་མ་གོས་ཉོན་མོངས་འཆིང་བ་དབྱིངས་སུ་ཞིག།

ཕྱག་རྒྱ་སྟངས་སྟབས་རྡོ་རྗེའི་གླུ་དབྱངས་དཔའ་བོ་དཔའ་མོའི་ཚོགས་དང་བཅས།།
ཆོས་ཀྱི་དབྱིངས་སུ་རོལ་བ་འབྱམས་ཀླས་གཉུག་མའི་དོན་མཐོང་སྤྱོད་པར་གཤེགས།།
སྒྲ་རྟོག་ལས་འདས་གསང་བའི་སྙིང་པོ་ཐུགས་ཀྱི་ཐིག་ལེར་ཡོངས་སུ་ཐིམ།།
ཌཱ་ཀིའི་མཚན་ལྡན་སྐྱེད་པའི་ཡུམ་མཆོག་ཚུར་མཐོང་ཡུལ་ལས་འགོངས་པར་གྱུར།།

རྨད་བྱུང་བསྔགས་འོས་ཡོན་ཏན་ཚོགས་ཀྱིས་གང་།།
མདོ་རྒྱུད་དག་ལས་ལུང་གིས་ཡང་ཡང་བསྔགས།།
ས་ཐོབ་རིག་འཛིན་ཕོ་མོའི་བརྟུལ་ཞུགས་ཅན།།
ཡབ་ཡུམ་རང་བཞིན་དེ་ནི་ཁྱད་དུ་འཕགས།།

སྐྱོན་མེད་རིགས་ཀྱི་ཆེ་བར་ཐུགས་ཆགས་ནས།།
པད་དཀར་འཛུམ་པའི་ཞལ་ལ་བུང་བའི་མིག།
འཆི་མེད་ལུས་ཕྲའི་མཚར་སྡུག་ཟིལ་གནོན་པ།།
ལང་ཚོ་རྒྱས་མའི་ལྷུམས་སུ་ཞུགས་པར་གྱུར།།

དེ་ཚེ་དབང་པོའི་མདངས་གསལ་བསམ་གཏན་འཕེལ།།
རང་ལུས་ཡི་དམ་ལྷ་ཡི་དཀྱིལ་འཁོར་སྣང་།།
ནད་མེད་ལང་ཚོའི་བཀྲག་མདངས་འོད་དུ་འཚེར།།
བརྗོད་བྲལ་བདེ་དགའ་རྒྱ་མཚོས་ཡོངས་སུ་གཏམས།།

སྣོད་ལ་བཀྲ་ཤིས་ལོ་ལེགས་ཆར་ཆུ་སྙོམས།།
བཅུད་ལ་བཀྲ་ཤིས་ཕན་ཚུན་མ་ལྟར་བྱམས།།
འཁྲུག་རྩོད་མུ་གེ་ནད་གདོན་མིང་ཡང་མེད།།
བཀྲ་ཤིས་རྒྱ་མཚོས་སྣོད་བཅུད་མེར་གྱིས་ལྟེམས།།

ཤེལ་དཀར་སྣོད་དུ་སྣང་གསལ་མར་མེ་བཞིན།།
ཕྱི་ནང་སྒྲིབ་མེད་ལུས་ཅན་ཐུན་མོང་གི།
མིག་ལ་དྲི་མེད་རབ་དཀར་འོད་ཀྱི་སྐུ།།
ལྷམ་མེར་གསལ་བའི་རང་བཞིན་མངོན་དུ་གྱུར།།

སྐྱེ་འགག་གནས་ཀྱིས་དག་པ་རྡོ་རྗེའི་སྐུ།།
ཆུ་ཕོ་འབྲུག་གི་ཉི་མ་ཤར་རིའི་རྩེར།།
འོད་ཀྱི་ལང་ཚོ་ངོམ་བཞིན་ཕེབས་དང་ལྷན།།
བསོད་ནམས་ཞིང་མཆོག་འགྲོ་བའི་དཔལ་དུ་བལྟམས།།

བལྟམས་པའི་ཚེ་ན་གཟུངས་སྔགས་ཀུན་གྱི་རྒྱལ།།
ཡི་གེ་དྲུག་མའི་སྒྲ་དབྱངས་འུ་རུ་རུ།།
འཛམ་གླིང་འཛིན་མ་ཤིས་པའི་གོང་བུ་རུ།།
སྒྲུབ་པའི་ཚུལ་གྱིས་གྲགས་པ་ཨེ་མ་ཧོ།།

ཇི་ལྟར་འདམ་གྱི་ཕང་ལས་སྐྱེས་ན་ཡང་།།
འདམ་གྱིས་མ་གོས་པད་དཀར་ཆུན་པོ་བཞིན།།
མངལ་ལས་བྱུང་ཡང་མངལ་གྱི་སྐྱོན་དང་བྲལ།།
མཛེས་ལྡན་ལྟ་བས་ཆོག་མི་ཤེས་པ་ཞིག།

དཀར་གསལ་ཕྱག་ཞབས་འཁོར་ལོས་མཚན་པ་དང་།།
ཨུཏྤལ་སྤྱན་འབྲས་བ་མཆོག་རྫི་མས་མཛེས།།
མདོག་ལེགས་པགས་པ་སྲབ་ཅིང་འཇམ་པ་སོགས།།
མཚན་དཔེའི་རི་མོ་བཀྲ་བ་ངོ་མཚར་གནས།།

དེའི་ཚེ་ནོར་བུའི་སྲོག་ལྡན་འབྱུང་པོའི་ཡུམ།།
ཆུ་གཏེར་སྐ་རགས་ལྷུན་པོའི་གཙུག་ཏོར་ཅན།།
དབང་ཆེན་གསེར་གྱི་ས་གཞི་རབ་བརྟན་མ།།
ཁོང་ནས་དགའ་བའི་ཤུགས་ཀྱིས་ཅིས་མ་གཡོས།།

སྤྲིན་དཀར་འདབ་མ་གཡོ་བའི་ཁོང་གསེང་ནས།།
ཀླུ་རྒྱལ་མི་མགོན་དཀར་པོ་འཁོར་བཅས་ཀྱིས།།
རིན་ཆེན་བུམ་པ་ཐོགས་ནས་སྐུ་ལུས་ལ།།
རྣམ་དག་བདུད་རྩིས་ཁྲུས་གསོལ་དུས་སུ་གནང་།།

འཇིག་རྟེན་གོས་ཀྱིས་ཀླུབ་ན་མི་འོས་ཞེས།།
སྲབ་འཇམ་ཡང་པ་དྲི་མེད་ལྷ་ཡི་གོས།།
ཟ་འོག་གོས་ཀྱིས་ཤས་ཙམ་མཚོན་དཀའ་བ།།
ཡིད་འོང་སྐུ་ལ་འདོད་གཟུགས་ལྷ་ཡིས་གསོལ།།

ཉི་ཤུ་རྩ་བཞིའི་དཔའ་བོ་དཔའ་མོ་རྣམས།།
འུར་གྱིས་མཉམ་འདུས་མཆོད་པའི་སྤྲིན་ཆེན་སྤྲོ།།
ཞབས་པད་རིན་ཆེན་ཏོག་དཀར་དབུར་བླངས་ནས།།
ཕྱག་སྐོར་མཆོད་པས་མཆོད་ཅིང་མཁའ་ལ་གཤེགས།།

ལེགས་བྲིས་ཕོ་མོས་རབ་དགའི་གླུ་གར་དང་།།
གཏང་རག་དུས་ལས་ཡོལ་ན་མི་རུང་ཞེས།།
སྙིམ་པ་མཐོར་བཏེགས་ཀུན་བཟང་མཆོད་པའི་སྤྲིན།།
ཆོས་དབྱིངས་རྒྱས་པར་འགེངས་པའི་དཔལ་གྱིས་མཆོད།།

མཁའ་ཡང་རང་དགར་སྡོད་པ་ཅི་ལ་བཟོད།།
གཡའ་དག་ཞལ་འཛུམ་སྣང་བ་རབ་ཏུ་རྒྱས།།
འཇའ་ཚོན་འོད་ཀྱི་ཕྲེང་བ་བསྒྲོན་པའི་ངང་།།
མཛེས་པའི་མེ་ཏོག་སྣ་ཚོགས་ཆར་དུ་བསྙིལ།།

རོལ་མོ་སིལ་སྙན་པི་ཝང་གླིང་བུ་དང་།།
རྫ་རྔ་རྔ་ཟླུམ་འཁར་རྔ་ཏིང་ཏིང་ཤག།
ཅང་ཏེའུ་དྲིལ་ཕྲེང་ཆོས་ཀྱི་དུང་ལ་སོགས།།
གཟུགས་འདས་དབྱངས་ཀྱི་མཆོད་པའི་མཐའ་མ་རིག།

གླུ་མ་གར་མ་བཞད་མ་མེ་ཏོག་མ།།
སྒེག་མོ་པི་ཝང་མ་སོགས་མཆོད་པའི་ལྷ།།
ཡིད་འོང་གཟུགས་ཀྱི་རྣམ་འགྱུར་སྟོང་བསྒྱུར་ཞིང་།།
མཆོད་རྫས་དཔག་མེད་ཐོགས་ནས་མཆོད་པ་བྱེད།།

ཨ་གར་ཨ་ནག་ལྷ་ཤུག་ཨ་རུ་ར།།
ལི་ཤི་སྦྱར་སྤོས་དཔལ་གྱི་དུམ་བུ་དང་།།
གུར་གུམ་ག་པུར་ལ་སོགས་བཟང་དགུའི་དྲི།།
སྤོས་ཀྱི་ཆར་འབེབས་ཁོར་ཡུག་དྲི་ཞིམ་ཁྱབ།།

ཁྲོ་བོའི་དབང་པོ་འཇིགས་པའི་གཟུགས་འཆང་བ།།
སྡིགས་མཛུབ་འབར་བའི་མཚོན་ཆ་ཐོགས་པ་བརྒྱ།།
བཞད་པའི་གད་རྒྱངས་དབྱར་རྔ་ལྡི་རི་རི།།
སྲུང་བ་རྡོ་རྗེའི་གུར་ཁང་དབུབ་པར་བྱོན།།

ཕྱོགས་སྐྱོང་ཞིང་སྐྱོང་དཀར་པོའི་ཕྱོགས་སྐྱོང་ཀུན།།
ཁོང་ནས་དགྱེས་པའི་འཛུམ་དཀར་ཐགས་བཟང་བཀྲ།།
ཀི་བསྭོ་ལྷ་རྒྱལ་བསྟོད་དབྱངས་རྒྱ་མཚོ་ཡིས།།
གནམ་ས་སྐྱོམ་པའི་རོལ་བ་འབྱམས་སུ་ཀླས།།

བདུད་སྡེ་རྩ་ལག་མར་ངོའི་ཟླ་བ་བཞིན།།
རང་འོད་མི་གསལ་མེ་ཁྱེར་སྣང་བ་ཙམ།།
གང་ཡང་མི་ནུས་ཡོད་རྒུ་མར་མར་གྱིས།།
ཅང་མེད་སྟོང་པའི་དབྱིངས་སུ་འགྲིབ་པར་གྱུར།།

འོན་པས་སྒྲ་ཐོས་ལོང་བས་གཟུགས་མཐོང་ཞིང་།།
ཞ་བོ་འགྲོ་དང་ལྐུགས་པས་གཏམ་ཡང་སྨྲ།།
ཉམ་ཐག་ནད་པ་བཅོས་མེད་ནད་ལས་གྲོལ།།
དབུལ་སྤྲང་ནོར་བུའི་ཁྱིམ་ལ་ལོངས་སུ་སྤྱོད།།

རྐང་གཉིས་བློ་ནི་རབ་དཀར་ཆོས་ལ་ཕྱོགས།།
མི་དགེ་སྡིག་སྤྱོད་ཆོས་མིན་བྱེད་པའི་ལས།།
ལོག་ལྟ་ཆགས་སྡང་རྒྱུ་འབྲས་ཁྱད་གསོད་དང་།།
མཆོག་གསུམ་སྨོད་པ་ལ་སོགས་ནམ་ཡང་མེད།།

སྡེ་བཞིའི་མཚོ་མོ་གཡས་སུ་འཁྱིལ་བའི་གྲྭར།།
རང་རང་ཡིད་མཐུན་གཏམ་གྱིས་དུས་འདའ་ཞིང་།།
སྙན་གྲགས་དབང་ཕྱུག་འདོད་དོན་ཡིད་བཞིན་འགྲུབ།།
ཚེ་བསོད་དབུ་འཕང་ཕྱྭ་དང་གཡང་གིས་བཏེགས།།

ཡུལ་དང་ཕྱོགས་མཚམས་ཐམས་ཅད་བཀྲ་ཤིས་ཀྱིས།།
དཀར་འཇམ་ཡུག་གཅིག་མཛད་པའི་ཉེར་ལེན་གྱིས།།
ཕྱི་སྣོད་དག་པ་ཡིད་འོང་གཞལ་ཡས་ཁང་།།
ནང་བཅུད་དག་པ་ལྷ་དང་ལྷ་མོའི་ཚོགས།།

འགྲོ་ལ་ཕན་དགོངས་བརྩེ་ཆེན་རྒྱལ་བའི་སྲས།།
དུས་གསུམ་རྒྱལ་བ་རྒྱ་མཚོའི་སྨོན་ལམ་གྱི།།
རང་གཟུགས་སེམས་དཔའ་མཆོག་ཅིག་བལྟམས་པའི་ཚེ།།
སྲིད་ཞིའི་ལེགས་ཚོགས་འབྱུང་བ་དངོས་པོའི་གཤིས།།

ན་ཚོད་མ་སྨིན་ཤིན་ཏུ་ཕྲ་བའི་དུས།།
ན་ཚོད་ཡོལ་བ་དག་ཀྱང་སྐྱེངས་བྱེད་པ།།
ཆོས་སྤྱོད་རིམ་པ་སུས་ཀྱང་མ་བསླབས་མོད།།
མཉམ་གཞག་གཟུངས་སྔགས་འཛབ་དབྱངས་སྙན་ལྷང་ལྷང་།།

ཤུགས་འབྱུང་དགེ་བའི་འདབ་བརྒྱ་ལྷུག་པར་བཞད།།
གཤིས་དག་རྡུལ་བྲལ་རྩ་བ་ཆུ་བར་བརྟེན།།
ཆོས་དོན་ཐོག་མེད་ལྷུན་གྲུབ་ཀེ་ས་ར།།
རྒྱལ་སྲས་པདྨ་དཀར་པོ་སྲིད་ན་མཛེས།།

ཉམ་ཆུང་དུད་འགྲོ་ལས་ངན་དབང་ཆུང་རྣམས།།
འགའ་ཞིག་གསོད་འཛིན་བཅིངས་རྡེག་བྱེད་པའི་ཚེ།།
མི་བཟོད་སྙིང་རྗེ་དབང་གིས་སྤྱན་ཆབ་བསིལ།།
དཔྱིད་རླུང་ཕོག་པའི་ཚལ་བཞིན་རབ་ཏུ་འདར།།

གྲོག་སྦུར་ཚུན་ཆད་རང་གི་སྲོག་བས་ཀྱང་།།
གཅེས་པའི་བྱམས་པ་སྙིང་རྗེ་རིན་པོ་ཆེ།།
གདོད་ནས་ཤུགས་འབྱུང་ལེགས་དགུའི་གཏེར་ཆེན་པོ།།
སྐྱོབ་པ་མཚུངས་མེད་ཆོས་ཀྱི་རྗེ་ལ་འདུད།།

ན་མཉམ་སོ་དཀར་འཛུམ་པའི་ཚོགས་དབུས་སུ།།
རང་ཉིད་སྟོན་པ་འགའ་ཞིག་འཁོར་ལྔ་སྡེ།།
ཆོས་ཀྱི་འཁོར་ལོ་བསྐོར་བའི་རྩེད་འཇོ་ལ།།
ཡེངས་པའི་རང་བཞིན་མ་བཅོས་ཉམས་སུ་དགའ།།

རྩེད་མོ་ནས་བཟུང་འཇིག་རྟེན་བྱ་བ་ཀུན།།
རྣམ་དག་ཆོས་བཞིན་སྤྱོད་པའི་སྣང་བ་ཡིས།།
མཆོག་ཏུ་གསལ་བར་བྱེད་པའི་རང་བཞིན་ནི།།
ཁྲི་གདུགས་འོད་ཀྱིས་ནམ་མཁའ་གང་བ་འདྲ།།

ངོ་མཚར་དང་བཅས་ན་ཚོད་ཆ་ཤས་རྫོགས།།
ལང་ཚོའི་འོད་འབར་ཡིད་འོང་ཟླ་བའི་སྐུ།།
འགྲོ་ཁམས་རྒྱ་མཚོའི་ཡིད་དགའ་རླབས་ཀྱི་ཕྲེང་།།
མངོན་པར་གཡོ་བའི་ངང་ནས་འཚར་བར་གྱུར།།

འབྲི་ཀློག་ཟུང་ནི་ས་བོན་དྲོད་གཤེར་བཞིན།།
ཡོན་ཏན་མྱུ་གུ་སྐྱེད་པའི་རྒྱུ་བཟང་པོ།།
དེའི་ཕྱིར་ཡོན་ཏན་འདོད་པའི་སྐྱེ་བོ་རྣམས།།
ཐོག་མར་འབྲི་ཀློག་གཉིས་ལ་འཇུག་པ་བཞིན།།

ལཉྫ་ཝརྟུ་དཀར་ནག་ཡིག་རིས་རྣམས།།
གློག་གི་ཕྱག་སོར་གཡོ་བའི་འཕྲུལ་གཅིག་གིས།།
ཐོགས་མེད་འཁྱུག་པའི་ཚུལ་ལ་དབང་ཐོབ་པ།།
ཨེ་མ་མཁྱེན་པའི་གཞོན་ནུ་ཁྱོད་ཉིད་ཙམ།།

ལྗགས་རྩེ་འདབ་མ་གཡོ་བའི་ཆ་རེས་ཀྱང་།།
སྒྲ་དག་གསལ་སྙན་ཀློག་གི་ཟིལ་མངར་འབུམ།།
སྐྱུགས་པའི་བཅུད་ཀྱིས་ཐོས་འཛིན་བུང་བ་མོ།།
མྱོས་པའི་སྐལ་བཟང་ཚོགས་ཀྱང་ངོ་མཚར་བྱེད།།

མཉེན་ལྕུག་ཕྱག་འདབ་གཡོ་བའི་རྩེད་འཇོ་ལས།།
བཞད་འཛུམ་ཁྲོ་གཉེར་གསུང་གི་རོལ་མོ་འཁྲོལ།།
ཞི་ཁྲོའི་ཉམས་རྫོགས་ངོ་མཚར་ལྷ་ཡི་ཚོགས།།
བྱིན་ལྡན་རྟེན་གྱི་སྙིང་པོ་དཔག་མེད་བྱུང་།།

བཟོ་ཡི་གནས་རྣམས་ཡུད་ཀྱིས་མཁྱེན་པའི་ཚུལ།།
བི་ཤྭ་ཀརྨའི་བློ་ཡིས་ལན་བརྒྱ་རུ།།
བརྟགས་ཀྱང་མ་ངེས་ངོ་ཚའི་ཁུར་གྱིས་ནོན།།
ཡིད་གཡོས་མིག་སེར་དབང་གིས་སྨྲ་བ་འགགས།།

གསོ་བྱེད་གཞུང་དང་ལག་ལེན་མན་ངག་བཅས།།
ཚུལ་བཞིན་མཁྱེན་པའི་ལྷ་རྗེ་གཞོན་ནུ་ཁྱོད།།
མི་རྒན་དབུ་སྐྱེས་སྤྲ་བའི་མེ་ཏོག་ཅན།།
ཡོན་ཏན་མགོན་པོའི་རྗེས་སུ་རྐང་པ་འཇོག།

བྱེད་གྲུབ་རྩིས་ཀྱི་གཙུག་ལག་སྲིད་པའི་མིག།
མཐའ་བྲལ་ཐུགས་ཀྱི་མཁའ་ལ་ལེགས་བཀོད་ནས།།
ལྐོག་གྱུར་མུན་པའི་ཚང་ཚིང་འབྱམས་ཀླས་པ།།
མཐར་བྱེད་འོད་སྣང་སྤྲོ་བ་མཚར་དུ་ཆེ།།

མཁྱེན་པའི་སྤྱན་ཡངས་གདེངས་པའི་རོལ་གར་གྱིས།།
སྒྲ་ཡི་གནས་ཀུན་འཛིན་པའི་བརྒྱ་བྱིན་ཁྱོད།།
ལྷ་ཡི་བླ་མ་ཕུར་བུས་མཐོང་ཙམ་གྱིས།།
བརྟན་པ་གཟི་བརྗིད་ལང་ཚོ་ཅིག་ཅར་ཉམས།།

སྡེ་བཞིའི་སྲོག་ལྡན་བཅད་ལྷུག་ལང་ཚོ་སྨིན།།
རྒྱན་གསུམ་ནོར་བུའི་ཕྲ་ཚོམ་མཛེས་པར་སྤྲས།།
ཤར་ལྷོའི་ཉམས་རྫོགས་སྙན་ངག་ལུས་ཕྲ་མ།།
སྲེད་ལྡན་སྐྱེ་བོའི་ཡིད་ཀྱི་རྐུན་པོར་བཞེངས།།

པྲ་འབེབས་ཇུ་ཐིག་མིག་འཕྲུལ་རོལ་བ་དང་།།
ཚངས་པའི་ཡི་གེ་ལ་སོགས་ཕྱི་ནང་གི།
ངོ་མཚར་སྒྱུ་རྩལ་རྒྱ་མཚོ་ཚེགས་མེད་དུ།།
ཡུད་ཀྱིས་མཁྱེན་པའི་ཕ་མཐའ་ཇི་ལྟར་གཞལ།།

འཇམ་དབྱངས་དམར་པོའི་དབང་གི་ཆུ་བོ་ཡིས།།
ཐ་མལ་རྒྱུད་སྦྱངས་སྒྲུབ་ལ་གཞོལ་བའི་ཚེ།།
འཇའ་འོད་ཀློང་ནས་འཇམ་དཔལ་ཞལ་གཟིགས་ཤིང་།།
པོ་ཏིའི་ཆར་བབས་མཁྱེན་པའི་སྣང་བ་འབར།།

མ་ཧཱ་ཡོ་གའི་རྒྱུད་སོགས་སྔགས་རྙིང་མའི།།
ཆོས་ཚུལ་ཐམས་ཅད་ལག་མཐིལ་རི་མོ་འམ།།
མཐོན་པོའི་རྩེ་ནས་དམའ་བའི་གཤོང་ཇི་བཞིན།།
སྒྲིབ་མེད་ས་ལེར་གཟིགས་པ་མཆོག་ཏུ་ཡངས།།

ཡིད་འཕྲོག་ཟླ་བའི་གདོང་ལ་ཨུཏྤལ་མིག།
ནུ་འབུར་རྐེད་ཕྲ་མཛེས་མའི་རྩེ་དགའ་དང་།།
བསམ་གྱིས་མི་ཁྱབ་སྲིད་པའི་ཕུན་ཚོགས་རྣམས།།
ངེས་འབྱུང་བློ་ཅན་གང་ངོར་གཤིན་རྗེའི་ཚལ།།

མཐོ་རིས་ཐར་བའི་སྒོ་བཀག་ངན་འགྲོའི་གཞི།།
མི་དགེའི་འབབ་སྟེགས་ཉོན་མོངས་སྡིག་པའི་ཚང་།།
ཉེས་བརྒྱའི་འབྱུང་གནས་ཁྱིམ་གྱི་གོ་ར་ལས།།
ཐར་འདོད་ཡིད་ཀྱི་འདུན་པ་སུ་ཡིས་འགོག།

གཙུག་ཕུད་རིན་ཆེན་སྙེ་མ་ལྷ་ལ་མཆོད།།
འཁོར་བའི་གདུང་འཕྲོག་ངུར་སྨྲིག་རྒྱལ་མཚན་འཆང་།།
འཇིག་རྟེན་ཁུར་བོར་ཁྱིམ་ནས་ཁྱིམ་མེད་པ།།
རབ་བྱུང་ཚངས་སྤྱོད་རྣམ་པར་དག་པ་མཛད།།

ལྷུན་པོས་ཚུལ་ཁྲིམས་དྲི་སྤྲོ་ཆོས་ལ་སྤྱོད།།
ཉེས་བྱས་ཕྲ་མོ་ཙམ་གྱིས་མི་གོས་ཆེད།།
བསླབ་པ་རྣམ་པར་དག་པས་རྒྱུད་སྡོམ་ན།།
དགེ་སྦྱོང་གཞོན་ནུ་གང་དང་མཚུངས་པར་འགྱུར།།

མཁན་སློབ་དེད་དཔོན་མཆོག་ལ་བརྟེན་ནས་སུ།།
སྡོམ་གསུམ་ཡིད་བཞིན་ནོར་བུ་ཡོངས་བླངས་ནས།།
ཐུགས་མཆོག་རིན་ཆེན་ནོར་བུའི་མཛོད་དུ་དྲངས།།
རྣམ་དག་ཚུལ་ཁྲིམས་གཙང་མའི་ཕ་རོལ་ཕྱིན།།

བླ་མ་སྨན་པ་ཆོས་ལ་སྨན་དང་ནི།།
བདག་ཉིད་ནད་པ་ནན་ཏན་ནད་འཚོ་བའི།།
འདུ་ཤེས་བསྐྱེད་ནས་ལོང་མེད་བརྩོན་པ་ཡིས།།
ཕར་ཚད་མངོན་འདུལ་གཙུག་ལག་ཐམས་ཅད་མཁྱེན།།

དྭངས་པའི་མཚོ་ལ་ཟླ་གཟུགས་སམ།།
བཞིན་གྱི་སྣོད་ལ་གཟུགས་བརྙན་ལྟར།།
མདོ་སྔགས་ཆོས་ཚུལ་མ་ལུས་པ།།
དེ་ཡི་ཐུགས་ན་ལམ་མེར་གསལ།།

མཁས་མང་རྒྱ་མཚོ་འཁྱིལ་བའི་དབུས།།
གཞུང་བཤད་རྫ་རྔ་རྡུང་བ་ཡིས།།
མཁས་དགུའི་ཡིད་ཀྱི་དབང་པོ་ནི།།
ལྕགས་ཀྱུ་མེད་པར་བཟུང་བ་མཚར།།

མཁྱེན་རབ་གཞུ་ལས་ཐོགས་མེད་དུ།།
འཕེན་པའི་ལུང་རིགས་མདའ་རྣོན་གྱིས།།
རྒོལ་ངན་མགྲིན་བཅུའི་སྲོག་བཅོམ་པས།།
གྲགས་དཀར་སི་ཏཱ་རྒྱན་དུ་བཞེས།།

གང་དུ་མཁས་རྣམས་བཞུགས་པའི་དྲུང་།།
དྲི་གཏུགས་བརྒལ་བརྟག་སུན་འབྱིན་དང་།།
དངོས་སྟོབས་རིགས་པའི་རྩེད་འཇོ་ཡིས།།
མཁས་པའི་གྲགས་པ་ཕྱོགས་སུ་འཕུར།།

སྡེ་སྣོད་ཀུན་ཤེས་ཐོས་པའི་མཛོད།།
བསམ་པས་གནས་ལུགས་རྗེན་པར་རྟོགས།།
སྒོམ་པས་ལྟ་བ་བོགས་ཐོན་པ།།
ཐོས་བསམ་སྒོམ་པའི་རྩེ་རུ་འཛེགས།།

འཆད་པ་གློག་གི་གདེངས་ཀ་གཡོ།།
རྩོད་ངག་སྤྲིན་གྱི་རོལ་མོ་བརྗིད།།
རྩོམ་པ་བདུད་རྩིའི་སྦྲང་ཆར་འཇོ།།
འཆད་རྩོད་རྩོམ་པའི་ཕ་རོལ་ཕྱིན།།

ཡི་དམ་ལྷག་པའི་ལྷ་རྣམས་དང་།།
འབྲལ་མེད་ལུས་དང་གྲིབ་མའི་ཚུལ།།
མི་ལ་ལབ་པ་ཇི་བཞིན་ནོ།།
དངོས་གྲུབ་རྒྱ་མཚོའི་གཉེན་དུ་ཤར།།

ཀྱེ་རྡོར་དཀྱིལ་འཁོར་ཞལ་ཕྱེ་ཚེ།།
ཚོམ་བུ་ཐམས་ཅད་མེ་ཏོག་གྱུར།།
རྡོ་རྗེ་ལྷ་དགུའི་ཞལ་གཟིགས་ཤིང་།།
བུམ་ཆུ་ཁོལ་བ་བདུད་རྩིར་གྱུར།།

གང་ཞབས་ལྷ་རྣམས་ཅོད་པན་གྱི།།
རྩེར་བཀོད་མཆོད་པའི་ཞིང་དུ་ལྟ།།
འཇིག་རྟེན་འཇིག་རྟེན་ལས་འདས་པའི།།
ཕུན་ཚོགས་ཐམས་ཅད་གང་ལས་འབྱུང་།།

ཕྱི་ནང་ཆོས་ཀྱི་ཆུ་བོའི་རྒྱུན།།
མཁྱེན་པའི་རྒྱ་མཚོར་འདྲེས་ན་ཡང་།།
མི་ངོམས་ཐོས་པའི་ཆུ་ཕྲན་རྣམས།།
སྲེད་པའི་རྦ་རླབས་གཡོ་བཞིན་བསྡུ།།

རྐང་འཐུང་ཡལ་འདབ་ལག་པ་ཡིས།།
དབེན་པར་དགྱེས་རྣམས་འབོད་པ་བཞིན།།
འབྲས་བཟང་གཡུར་དུ་སྨིན་པའི་ཚོགས།།
སྡིག་མེད་ཞལ་ཟས་སྟོབ་པ་བཞིན།།

སྤུ་སྡུག་འདབ་ཆགས་ངུར་པ་དང་།།
རྨ་བྱ་ངང་པ་ཁྲུང་ཁྲུང་མོ།།
ཁུ་བྱུག་མྱོས་པའི་ཅ་ཅོ་ཡིས།།
ཆོས་ཀྱི་སྡོམ་བཞི་སྒྲོག་པ་བཞིན།།

རི་དྭགས་མ་བུའི་གྱེས་བྲལ་གྱིས།།
འཁོར་བའི་གྲོང་གི་འདུ་འཛོམས་ལ།།
ཡིད་བརྟན་ཕེར་བ་མི་འདུག་ཅེས།།
མི་རྟག་རྒྱུད་ལ་བསྐུལ་བ་བཞིན།།

ཕུ་ཆུ་ཤང་ཤང་སྒྲ་དང་བཅས།།
མི་སྡོད་བཞུར་བའི་རང་བཞིན་གྱིས།།
ཀྱེ་མ་བརྩོན་པ་མྱུར་བསྐྱེད་ནས།།
ཆོས་ལ་འབུངས་ཞེས་འདོམས་པ་བཞིན།།

གཅིག་པུར་གནས་པའི་རི་བོ་ཡིས།།
སྡིག་པའི་གྲོགས་པོ་སྤངས་པའི་ངང་།།
གཡོ་བ་མེད་པའི་ཏིང་འཛིན་ལ།།
རྩེ་གཅིག་གནས་པར་བསྐུལ་བ་བཞིན།།

རང་བྱུང་བྲག་སྐྱིབས་ཁྱིམ་མ་ཡིན།།
བསམ་གཏན་བདེ་བ་འདོད་ཡོན་མིན།།
ལྷ་དང་བླ་མ་བུད་མེད་མིན།།
ཡིད་དགའི་ཆོས་ལ་འཛད་མཐའ་བྲལ།།

ནམ་ཟླ་དུས་བཞིའི་འཕོ་འགྱུར་ལས།།
སྣོད་བཅུད་ཕུན་ཚོགས་མི་རྟག་པས།།
སོས་དལ་རོ་ཉལ་ག་ལ་རིགས།།
དལ་འབྱོར་དོན་ཡོད་གྱིས་ཞེས་བཤད།།

ཡུལ་ལས་བྱུང་བའི་ཉོན་མོངས་པས།།
མི་ཚུགས་དབེན་གསུམ་བདུད་རྩིའི་རོས།།
རྟག་ཁྱབ་བདེ་བ་འབྱམས་སུ་ཀླས།།
ཨེ་མ་རི་ཁྲོད་ཡོན་ཏན་གཏེར།།

དེ་ལྟར་དབེན་པའི་ཡོན་ཏན་ཚང་།།
སྐབས་གསུམ་ཡུལ་གྱི་བཀོད་པ་ལས།།
ཆེས་ཆེར་འཕགས་པའི་གནས་ཀྱི་མཆོག།
ཇོ་ནང་རི་ཁྲོད་ཅེས་གྲགས་པ།།

མཁས་གྲུབ་རྒྱ་མཚོས་བྱིན་བརླབས་ཤིང་།།
བཀྲ་ཤིས་ཞབས་ཀྱིས་བཅགས་པའི་གནས།།
ཇོ་མོ་ནགས་རྒྱལ་སྟོབས་ལྡན་མའི།།
རྫུ་འཕྲུལ་གནས་སུ་གཤེགས་པར་མཛད།།

དམ་པའི་རང་བཞིན་འཛམ་བུ་ཆུ་གསེར་མང་པོའི་ཁྲོད་ན་ཁྱད་དུ་འཕགས།།
མཁས་བཙུན་གྲུབ་བརྙེས་བྱེ་བའི་གཙུག་རྒྱན་ཐེག་ཆེན་ཆོས་སྟོན་བཤེས་ཀྱི་མཆོག།
མཁྱེན་པས་ཤེས་བྱའི་གནས་ཀུན་གཟིགས་པས་ཡོ༵ན་ཏ༵ན་རྒྱ༵་མཚོ༵འི་མཆོག་ལ་དབང་།།
བདེ་གཤེགས་སྲས་ཀྱི་དྭངས་མར་གྱུར་གང་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན།།

གང་གི་ཐུགས་རྗེ་སྤྲིན་གྱི་བ་གམ་ཆོས་ཀྱི་དབྱིངས་སུ་ཟུག་པ་ལས།།
སྨིན་གྲོལ་དབང་ལུང་མན་ངག་གཞུང་བཤད་སྣ་ཚོགས་ཆོས་ཀྱི་ཆར་འབེབས་པས།།
ཐུགས་ཀྱི་གཤིན་ས་རྒྱ་མཚོའི་རྦ་རླབས་གཡོ་བའི་ཚུལ་ལ་ངེས་འཕྱ་བའི།།
གསང་གསུམ་ཡོན་ཏན་གསེར་གྱི་སྙེ་མ་མངོན་པར་རྒྱས་པའི་དཔལ་གྱིས་གཏམས།།

ངུར་སྨྲིག་བླ་གོས་གསོལ་བའི་འོད་ཀྱིས་འཛིན་མའི་ལང་ཚོ་དམར་སེར་བྱས།།
ལི་ཁྲིའི་ཆུ་གཏེར་འཁྱིལ་བའི་རྗེས་འགྲོ་ཐུན་མཚམས་སྤྲིན་གྱི་མདངས་ཀྱང་འཕྲོག།
བསླབ་གསུམ་རྒྱན་འཆང་དགེ་སྦྱོང་ཆོས་སྤྱོད་འཕགས་ཚོགས་དགེ་འདུན་འདུས་མང་ལ།།
བླ་མའི་བཀའ་བཞིན་སྡེ་སྣོད་གསུང་རབ་གཞུང་འགྲེལ་ལེགས་བཤད་ཆར་དུ་བསྙིལ།།

དེ་ནས་བླ་མ་གོང་མའི་ཤུལ་བཞག་ལྷ་རྟེན་མཆོད་ཆས་སྣ་དྲངས་ནས།།
མཆོད་པའི་དངོས་པོ་མཆོད་པ་དང་བཅས་སེང་གེས་བཏེགས་པའི་ཁྲི་ལ་གསོལ།།
ཇོ་ནང་རྩ་བའི་གདན་སར་དབང་བསྐུར་ཆེ་བའི་ཅོད་པན་དབུར་བཅིངས་ནས།།
ཆོས་ཀྱི་འཁོར་ལོས་གདུལ་བྱ་མཐའ་ཡས་སྨིན་གྲོལ་བྱང་ཆུབ་ལམ་ལ་བཀོད།།


ཨེ་མ་ས་བཅུའི་དབང་ཕྱུག་འགྲོ་བའི་མགོན།།
ཆོས་ཀྱི་རྒྱལ་པོ་ཤེས་རབ་རྒྱལ་མཚན་གྱིས།།
གདུལ་བྱ་ཆོས་ཀྱིས་ཚིམ་པར་མཛད་པ་དེས།།
བདེ་གཤེགས་རྣམ་ཐར་ལ་ཡང་ཅོ་འདྲི་བྱེད།།

ལུང་བསྟན་དུས་བབས་ལྷ་མིའི་བསོད་ནམས་ཀྱི།།
ཞིང་ས་ཉིད་གྱུར་རྒྱལ་བ་འདུས་པའི་རྟེན།།
མཐོང་བ་ཙམ་གྱིས་ངེས་ལེགས་སར་གྲོལ་བའི།།
མཆོད་རྟེན་དཔལ་ཡོན་ལྡན་པ་ལེགས་པར་བསྐྲུན།།

རྟེན་གྱི་རྒྱུ་ཆ་ངོ་མཚར་སྤྲུལ་པས་གནང་།།
ཉིན་ལ་ལྷ་མི་མཚན་ལ་གདེངས་ཅན་ཀླུ།།
ལྷ་མིན་འགྲོ་བ་བསམ་མི་ཁྱབ་པའི་སྡེས།།
མིག་འཕྲུལ་བསྒྱུར་ལྟར་དུས་གཅིག་ཉིད་ལ་བཞེངས།།

དེ་ཚེ་ཆོས་རྗེ་རྒྱལ་བ་གཉིས་པས་ཀྱང་།།
འཕགས་མིན་སྐྱེ་བོའི་བློ་ལ་ཤོང་མིན་པའི།།
རྫུ་འཕྲུལ་གཱངྒའི་རྡུལ་ལྟར་དཔག་ཡས་པ།།
དུས་གཅིག་བསྟན་པའི་ངོ་མཚར་བརྗོད་ལས་འདས།།

ཐོག་མཐའ་བར་གསུམ་ངོ་མཚར་བསམ་མི་ཁྱབ།།
རྨད་བྱུང་དགེ་ལེགས་གསར་བའི་ཁྱུང་སྔོན་སྐྱེས།།
བཀྲ་ཤིས་རྫོགས་ལྡན་དུས་བཟང་སྣང་བའི་གཏེར།།
བསུ་བའི་ཕོ་ཉ་དང་པོ་དགེ་བར་ཚེས།།

ཆོས་ཅན་ཀུན་རྫོབ་ཆོས་ཉིད་དོན་དམ་གྱི།།
རྣམ་དབྱེ་མ་འདྲེས་རྒྱལ་བའི་དགོངས་པ་བཞིན།།
ཞིབ་མོ་རྣམ་འཐག་ལེགས་པར་བཤད་པའི་འོད།།
བདེན་གཉིས་འཇུག་ལྡོག་ཇི་བཞིན་གསལ་ཕྱིར་སྤྲོ།།

འགྱུར་མེད་རྟག་བརྟན་ཆོས་ཉིད་ཆོས་ཀྱི་དབྱིངས།།
ཡེ་ནས་འགྲོ་བའི་རྒྱུད་ལ་རང་ཞུགས་པའི།།
དོན་ལྡན་གསུང་གི་ཉི་མ་འོད་པོ་ཆེ།།
རྩིང་སྤྱོད་མུན་པའི་ཁམས་ལ་འདྲེན་པར་བྱེད།།

དྲག་པོའི་སྔགས་བཟླས་ཞི་ཁྲོའི་ལྷ་ཞལ་མཇལ།།
ཞི་རྒྱས་དབང་དྲག་མངོན་སྤྱོད་ལས་ལ་བྱང་།།
ལྷ་འདྲེའི་སྣ་ཐག་བསྒྱུར་རློམ་ཕུར་ཐོགས་བརྒྱས།།
མ་ཐུབ་གནོད་སྦྱིན་ཤ་ཟའི་འཇིགས་པ་རྣམས།།

ཚད་མེད་སྙིང་རྗེས་རྒྱུད་གྲོལ་རིགས་དྲུག་མགོན།།
གནོད་བྱ་གནོད་བྱེད་བྲལ་བའི་ཏིང་འཛིན་ངང་།།
བཀའ་ཤོག་སྣང་སྲིད་ཟིལ་གནོན་ཕུལ་ཙམ་གྱིས།།
ཁ་བའི་འདབ་མ་མཚོ་ལ་སིམ་པ་བཞིན།།

ཤལ་བྷ་ལ་དང་རྣམ་དག་ཞིང་གི་དབུས།།
བདེ་ཆེན་ཞིང་གི་བཀོད་པ་ཁྲ་ལམ་མེ།།
དྭངས་གསལ་མཚོ་ལ་ཟླ་གཟུགས་འཕོས་པ་བཞིན།།
ཇི་ལྟ་བ་བཞིན་སྒྲིབ་པ་མེད་པར་གཟིགས།།

ཡི་དམ་རྒྱ་མཚོའི་ཞལ་དང་སྙན་པའི་གསུང་།།
དབང་སྔོན་མཁའ་ལ་ཁྲི་གདུགས་ཉི་མ་དང་།།
གཉིས་སྐྱེས་མགྲིན་པའི་སྒྲ་སྙན་སྒྲོག་པ་བཞིན།།
མཇལ་ཐོས་བསྔགས་པའི་ཡི་གེ་འོད་དུ་འཚེར།།

རྟ་མགྲིན་ཡང་གསང་ཁྲོས་པའི་དཀྱིལ་འཁོར་ལ།།
ཞུགས་པ་ཙམ་གྱིས་རྟ་མཆོག་འཚེར་བའི་སྐད།།
སྲིད་གསུམ་ཟིལ་གནོན་ཁམས་གསུམ་བདུད་ཀྱི་སྡེ།།
གདུག་ཅན་ཀླད་པ་འགེམས་ཕྱིར་ལྷང་ལྷང་གྲགས།།

བདག་མེད་ལྷ་མོ་བཅོ་ལྷའི་དགྱེས་པའི་ཞལ།།
འཛུམ་དཀར་ཚེམས་ཀྱི་འོད་ཟེར་བཀྲ་བའི་ངང་།།
ཅི་འདོད་ཕྱོགས་པའི་དགའ་སྟོན་རོལ་བའི་མོད།།
གུར་བརྟག་སཾ་གསུམ་འོད་ཟེར་ཚུལ་གྱིས་ཐིམ།།

འཇའ་འོད་དྲྭ་བ་འཁྱིལ་བའི་གུར་ཁང་ནས།།
རྡོ་རྗེ་འཆང་དང་གྲུབ་ཆེན་བརྒྱད་ཀྱང་བྱོན།།
བྱིན་རླབས་ལུང་བསྟན་མཛད་པའི་རྗེས་ཐོག་ཏུ།།
ཨིནྡྲ་བོ་དྷིའི་ཞལ་ལས་སེམས་འགྲེལ་གསན།།

སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཚན་དཔེའི་སྐུ།།
ཡིད་འོང་ལྟ་ན་སྡུག་པའི་འོད་ཟེར་བཅས།།
རང་བཞིན་མ་འགགས་རྣམ་པ་ཇི་ལྟ་བ།།
འདྲེན་བྱེད་མིག་གི་སྤྱོད་ཡུལ་ཉིད་དུ་འབབ།།

རི་ཁྲོད་མགོན་ལ་པདྨ་ཝ་ཏི་སོགས།།
ཌཱ་ཀིའི་འཁོར་གྱིས་བསྐོར་བ་དངོས་སུ་བྱོན།།
མཐའ་ཡས་རྒྱལ་བའི་དགོངས་པ་གཅིག་འདུས་པའི།།
བྱིན་རླབས་མན་ངག་ཟབ་མོ་ཇི་སྙེད་འབོགས།།

དག་གཟིགས་ཚད་མའི་སྤྱོད་ཡུལ་ཉིད་གྱུར་ལས།།
ཚུར་མཐོང་ཚད་མས་གཞལ་བྱ་མ་ཡིན་པའི།།
ཉམས་རྟོགས་རྒྱ་མཚོ་བརྡོལ་བའི་དཔལ་ཡོན་གྱིས།།
འཕགས་ཡུལ་པཎ་གྲུབ་རྣམ་ཐར་རྗེས་སུ་དྲན།།

མདོ་ཡི་ཐེག་པ་ཀུན་གྱི་འཁོར་བསྒྱུར་ཆེ།།
རྟག་ཆད་མཐའ་བྲལ་དབུ་མ་གཞན་སྟོང་གི།
ལྟ་བའི་གད་རྒྱངས་སྒྲོག་པའི་ང་རོ་ཡིས།།
ཕས་རྒོལ་གླང་པོ་སྟོང་གི་ཁེངས་པ་བཅོམ།།

གསང་སྔགས་ཐེག་པའི་ཡང་རྩེ་ཉེ་བའི་ལམ།།
ཟབ་མོའི་ལམ་མཆོག་རྡོ་རྗེ་རྣལ་འབྱོར་གྱིས།།
གློ་བུར་དྲི་མའི་སྒྲིབ་གཡོགས་ངེས་བསལ་ཏེ།།
གཞན་མཆོག་བདེ་གཤེགས་སྙིང་པོ་མངོན་དུ་བྱས།།

འདྲེན་པ་ཟླ་མེད་ཟས་གཙང་སྲས་པོ་ཡི།།
འཁོར་ལོ་གསུམ་གྱི་དགོངས་དོན་འཁྲུལ་མེད་དུ།།
ལེགས་པར་བཀྲལ་ནས་བཀའ་བསྡུ་བཞི་པ་ཡི།།
རྒྱལ་མཚན་སྔོན་མེད་གངས་རིའི་སྤོ་ལ་བཙུགས།།

ཁྱད་པར་འཁོར་ལོ་ཐ་མའི་དོན་ཇི་བཞིན།།
ཚང་ལ་མ་ནོར་ལུང་རིགས་མཛུབ་ཚུགས་ཀྱིས།།
ལེགས་པར་གཏན་འབེབས་ངེས་གསང་ལྟ་བའི་གནད།།
མཐའ་བརྒྱད་དམིགས་པའི་ཡུལ་ལས་འདས་པར་བསྟན།།

སྨྲ་བའི་ཉི་མ་འབར་བའི་འོད་ཟེར་གྱིས།།
མཁས་རྣམས་ཡིད་ཀྱི་པདྨོའི་ཁ་ཕྱེ་བའི།།
ཕྱི་ནང་ཀུན་རིག་བུ་སྟོན་འཁོར་དང་བཅས།།
སེ་གོལ་ཙམ་གྱིས་ཟིལ་བུན་དད་འདུན་བསྐྱེད།།

ཐུབ་བསྟན་ནོར་བུ་དུས་དང་དུས་མིན་གྱི།།
མི་གཙང་འདམ་རྫབ་ཁྲོད་དུ་བྱིང་བའི་ཚེ།།
ལུང་རིགས་ཕྱག་གིས་འགྲོ་བའི་སྤྱོད་ཡུལ་དུ།།
ཉེ་བར་ལེན་པའི་ཐབས་མཁས་ཐུགས་རྗེ་མངའ།།

ཆོས་ཀྱི་འོ་མ་ཆོས་མིན་ཆུས་བསླད་ནས།།
རྨོངས་པའི་གང་ཟག་ལས་ངན་བསགས་པ་ན།།
ཆོས་མིན་ཆུ་ལས་ཆོས་ཉིད་འོ་མའི་བཅུད།།
ལེན་པའི་མཁས་ཁྱོད་ངང་པ་གཞོན་ནུའི་ཟླ།།

རྒྱལ་བའི་ལུགས་བཟང་པད་དཀར་འཁྲི་བའི་ཤིང་།།
བཤད་པ་ཁ་ཆར་ཡུ་བུག་རབ་འཚུབས་པས།།
ས་རུ་འགྱེལ་ཡང་ཉིད་ཀྱིས་སླར་བསླངས་ནས།།
རྩེ་མོ་མཐོན་མཐིང་ནམ་མཁའི་གཙུག་ལ་བཀོད།།

ཆོས་ཀྱི་དར་ཕྱར་དུང་འབུད་རྔ་རྡུང་ཞེས།།
རྒྱལ་བས་ལུང་བསྟན་རིགས་ལྡན་སྤྲུལ་པའི་སྐུས།།
རྒྱལ་བའི་དམ་ཆོས་མ་ནོར་ལེགས་བསྐྱངས་ནས།།
ལུང་རྟོགས་བསྟན་པ་ཉིན་མོའི་དཔལ་བཞིན་མཛད།།

མ་དད་ལོག་ལྟ་ཆགས་སྡང་ཨ་འཐས་པའི།།
ཆོས་མེད་སྡིག་ཏོ་མི་དགེའི་ཁོལ་བོ་ཀུན།།
བྱིན་རླབས་རྫུ་འཕྲུལ་ཆོས་ཀྱིས་ཡིད་བསྒྱུར་ནས།།
གཏན་བདེ་ཕྱིར་མི་ལྡོག་པའི་ས་ལ་འདྲེན།།

དུང་གི་འོ་འཛིན་ལྕུག་ཕྲན་རྐེད་སྐབས་གཡོ།།
གཞོན་ཤ་རྒྱས་པའི་རི་དྭགས་མིག་ལྡན་མ།།
མཛེས་མའི་དབང་སོང་སློབ་མའི་ཚུལ་མཁྱེན་ནས།།
རྫུ་འཕྲུལ་སྟོབས་ཀྱིས་ཉོན་མོངས་གཡུལ་ལས་བསྐྱབས།།

མི་བསྲུན་གདུག་ཅན་སྐྱེ་བོ་ཁྲོས་པའི་དཔུང་།།
མདའ་མཚོན་སྤུ་གྲི་རྣོ་བའི་ཆར་ཕབ་ཀྱང་།།
གཡོ་མེད་མཉམ་བཞག་བཟོད་པའི་གོ་ཆ་ཡིས།།
སྟོན་མཆོག་ཐུབ་པས་བདུད་སྡེ་འགོག་པ་བཞིན།།

འཆི་ཁའི་སྐྱེ་བོ་གདམས་པས་གྲོལ་བ་དང་།།
རིག་པ་དབང་བསྐུར་ཆོས་ཉིད་ཆུ་ཡིས་སྦྱངས།།
བར་དོའི་སེམས་ཅན་ལས་ཚུལ་ཡ་ང་བ།།
ཇི་བཞིན་གཟིགས་ནས་བྱིན་རླབས་སྟོབས་ཀྱིས་འདྲེན།།

མཐོ་དམན་བར་མའི་རྣམ་པར་ཤེས་པ་གང་།།
རིགས་དྲུག་གང་ལ་ཐོགས་རེག་བྲལ་བ་མཁྱེན།།
ཤི་བའི་མི་ཞིག་སྡིག་པའི་རྣམ་སྨིན་གྱིས།།
སྲ་བརྟན་བྲག་རིའི་འོག་ཏུ་སྐྱེ་བ་འདྲེན།།

ཡུལ་ཞིང་ཐན་པས་ཁྱུར་མིད་བཏང་བ་ལས།།
རྐང་གཉིས་ཡིད་འཁྲུགས་བདེ་བའི་སྐབས་བྲལ་ཚེ།།
མཉམ་ཉིད་ལྟ་བའི་གདེང་ལ་གཞོལ་ཙམ་གྱིས།།
ཆར་འབབ་ལོ་ལེགས་སེམས་ཅན་བདེ་ལ་བཀོད།།

གནམ་བདག་སྲིན་པོ་ཁྲོས་པའི་སྡིགས་མཛུབ་ལས།།
གནམ་ལྕགས་འབར་བ་མེ་ཡི་འཕྲུལ་འཁོར་སྟོང་།།
མགོ་ནག་སྲོག་གི་གཤེད་དུ་བསྒྱུར་བའི་དབལ།།
ཡི་དམ་དྲག་པོའི་སྐུར་བཞེངས་ཉམས་ཀྱིས་བཟློག།

འདུ་བ་མི་སྙོམས་ནད་བརྒྱའི་འཕྲུལ་འཁོར་གྱིས།།
ལུས་ཅན་ཁ་བཏགས་འཆི་བའི་དུས་བྱུང་ནས།།
བན་སྔགས་བླ་མའི་ནུས་མཐུ་ཐབས་རྡུགས་ཚེ།།
ལྟ་སྟངས་ཕུར་ཚུགས་བདེན་པའི་སྟོབས་ཀྱིས་བཟློག།

ལྷ་སྲིན་སྡེ་བརྒྱད་འབྱུང་པོ་མི་མ་ཡིན།།
འདྲེ་གདོན་རྒྱལ་འགོང་དམ་སྲུའི་ཁ་ཟུག་ནས།།
ལྟས་ངན་ཆོ་འཕྲུལ་སྣ་དགུའི་མགོ་ལངས་པ།།
མཐུ་སྟོབས་རྡོ་རྗེ་མེ་རུ་འབར་བས་བཅོམ།།

ལས་སྣང་དག་པ་སྐལ་ལྡན་མཐོང་ལམ་དུ།།
སྟོན་ཟླ་རྒྱས་པ་འོ་མའི་མཚོ་གླིང་དུ།།
ལན་བརྒྱར་བཀྲུས་འདྲའི་མཛེས་སྡུག་ཉེར་འཆང་བ།།
སྤྱན་རས་གཟིགས་དབང་འགྲོ་བ་འདྲེན་པའི་མགོན།།

ལྷ་ཀླུ་ལྟོ་འཕྱེ་གྲུལ་བུམ་མི་འམ་ཅི།།
དྲི་ཟ་ལ་སོགས་འགྲོ་བ་ཐམས་ཅད་ཀྱི།།
རང་རང་སྐད་དུ་འགག་མེད་གསུང་རྡོ་རྗེས།།
ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་མཐོང་།།

ཞབས་གཡས་བརྐྱངས་པས་དགའ་རབ་དབང་ཕྱུག་དང་།།
གཡོན་པས་དྲེག་པོའི་ཨུ་མ་མནན་པའི་སྟེང་།།
ཕྱག་གཉིས་རྡོར་དྲིལ་ས་གནོན་ཕྱག་རྒྱ་མཛད།།
དཔལ་མཆོག་དུས་ཀྱི་འཁོར་ལོའི་སྐུར་ཡང་སྣང་།།

དག་པའི་བློ་ཅན་རྣམས་ཀྱི་བློ་ཡི་ངོར།།
སངས་རྒྱས་བྱང་སེམས་དགྲ་བཅོམ་འཕགས་པ་སོགས།།
འཆར་ལུགས་མ་ངེས་ཡ་མཚན་ཐ་དད་པ།།
བསམ་ཡས་བརྗོད་པར་བྲལ་བའི་གཟིགས་མོ་སྟོན།།

སྤངས་རྟོགས་མཐར་ཕྱིན་ས་ལམ་ཡོན་ཏན་རྫོགས།།
བདུད་བཞིའི་གཡུལ་རྒྱལ་མི་འཇིགས་སྟོབས་བཅུའི་བདག།
ལྷ་མིའི་བླ་མ་ཤེས་རབ་རྒྱལ་མཚན་གྱི།།
གསང་གསུམ་ཡོན་ཏན་རྒྱ་མཚོ་མངོན་པར་བསྟོད།།

རིས་སུ་མ་མཆིས་ངུར་སྨྲིག་བླ་གོས་ཀྱིས།།
རྒྱ་མཚོའི་གོས་ཅན་ལི་ཁྲིའི་ཆུ་རྡུལ་གྱི།།
ཕུང་པོ་འཁྲིགས་པའི་ཚལ་ལ་ཉེར་རྫུ་བའི།།
དགེ་འདུན་རྒྱ་མཚོ་ལེགས་བཤད་བདུད་རྩིས་གསོས།།

མཁས་བཙུན་བཟང་གསུམ་དྲི་ཞིམ་ཁ་ཕྱེ་བས།།
ཐར་འདོད་བློ་གསལ་རྐང་པ་དྲུག་པའི་ཁྱུ།།
མ་བོས་སྤྲིན་བཞིན་གཅིག་ཏུ་འདུས་པ་ཀུན།།
རྣམ་གྲོལ་ཉེར་ཞིའི་དགའ་བ་ཉམས་སུ་བསྟར།།

ཁྱད་པར་སྲས་བཅས་རྒྱལ་བའི་དགོངས་ཀློང་དང་།།
དབྱེར་མེད་རོ་གཅིག་སྒྲིབ་པའི་སྦུབས་ལས་གྲོལ།།
ངེས་དོན་ཆོས་མཛད་འགྲོ་འདྲེན་དམ་པའི་ཕུལ།།
ཁྱད་འཕགས་རང་འདྲའི་སྲས་མཆོག་བླ་ན་མེད།།

འཕགས་པ་ནམ་མཁའི་སྙིང་པོའི་ཏིང་འཛིན་དང་།།
དབྱེར་མེད་རོ་གཅིག་གཏུམ་མོའི་མེ་ལྕེ་ཡིས།།
སྲིད་པའི་ནགས་ཀློང་རྒྱས་པ་མངོན་སྲེག་པའི།།
ཀུན་སྤངས་ཆོས་གྲགས་དཔལ་བཟང་ལྷ་མིའི་མགོན།།

སྒྲིབ་པ་རྣམ་སེལ་བཤེས་གཉེན་ཚུལ་འཛིན་པ།།
སྒྲ་སྒྱུར་མིག་འབྱེད་དཔལ་ལྡན་ཆོས་ཀྱི་རྗེ།།
བློ་གྲོས་དཔལ་བཟང་བློ་མཆོག་རྒྱལ་བའི་ཡབ།།
རྗེ་བཙུན་འཇམ་པའི་རྡོ་རྗེས་དགྱེས་བཞིན་བཟུང་།།

རྒྱལ་བའི་རྒྱལ་ཚབ་རྒྱལ་བ་བྱམས་པ་མགོན།།
དགེ་སྦྱོང་གཞོན་ནུའི་གཟུགས་སུ་ཟློས་པའི་གར།།
མ་ཧཱ་པཎ་ཆེན་རྒྱལ་བསྟན་འདབ་བརྒྱའི་ཚལ།།
རྒོད་པའི་གཉེན་གཅིག་ས་བཟང་ཉིན་མོའི་མགོན།།

བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་མཆོག།
དུས་མཐར་ངུར་སྨྲིག་གར་གྱིས་རྣམ་རོལ་བ།།
རྩོམ་འཆད་རྩོད་པའི་ང་རོ་གཅིག་གིས་ཀྱང་།།
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཕྱར།།

ཀུན་ཏུ་བཟང་པོ་རང་དོན་ཆོས་སྐུ་ལས།།
གཞན་དོན་གཟུགས་ཀྱི་སྐུ་རུ་བཞེངས་པའི་འཕྲུལ།།
གནས་ལྔ་ཤེས་བྱ་ཀུན་གཟིགས་མཁས་པའི་ཕུལ།།
འབྲི་གུང་ལོ་ཙ་སྒྲ་སྒྱུར་སྐད་ཀྱིས་འཕགས།།

གསང་བའི་བདག་པོ་ལྕང་ལོའི་གནས་མཆོག་ནས།།
ཏིང་འཛིན་སྙོམས་འཇུག་ལས་བཞེངས་གཞན་དོན་དུ།།
སྤྲུལ་པའི་གཟུགས་སྟོན་བསོད་ནམས་གྲགས་པའི་དཔལ།།
ལོག་འདྲེན་འབྱུང་པོ་ཀུན་འདུལ་ནུས་མཐུ་རྫོགས།།

རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས།།
ལྟོས་བཅས་འགྲོ་ལ་ལྷག་ཏུ་བརྩེ་བའི་ཕྱིར།།
གང་འདུལ་མོས་ངོར་སྒྱུ་འཕྲུལ་སྐུ་སྟོན་པ།།
མཁས་པའི་གཙུག་ནོར་ཉ་དབོན་ཆོས་ཀྱི་རྗེ།།

འཇིག་རྟེན་མིག་གཅིག་རིན་ཆེན་བཟང་པོའི་འཕྲུལ།།
གཙུག་ལག་རྒྱ་མཚོ་རྣམ་པར་དཔྱོད་པའི་གྲུས།།
ལེགས་པར་བརྒལ་ནས་བྱང་ཆུབ་རིན་ཆེན་གླིང་།།
རྡོག་པས་གནོན་མཛད་ཀུན་དགའ་འབུམ་པ་མཆོག།

འཇམ་དཔལ་དཔའ་བོ་སྲིད་ལ་མི་ཆགས་ཀྱང་།།
སྲིད་པའི་སྐྱེ་བོ་འདྲེན་ཕྱིར་སྲིད་པ་རུ།།
སྐྱེ་བའི་ཚུལ་མཛད་དེ་ནི་བློ་གྲོས་ཀྱི།།
རྒྱལ་མཚན་ལྷ་བརྒྱའི་གཙུག་ན་གཡོ་བ་དེ།།

རྒྱལ་ཚབ་མི་ཕམ་མགོན་པོས་རྗེས་བཟུང་བའི།།
ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་མཆོག།
སླར་ཡང་རྒྱལ་བསྟན་སྙིང་པོ་སྤེལ་བའི་ཕྱིར།།
སྒྱུ་འཕྲུལ་གར་ལ་རོལ་བ་རིན་ཚུལ་བ།།

ཀླུ་སྒྲུབ་སྙིང་པོའི་ཐུགས་སྲས་འཕགས་པ་ལྷ།།
གཟིགས་པ་ལྔ་ལ་གཟིགས་ནས་བྱང་གི་ཕྱོགས།།
ཁ་བ་ཅན་པའི་གདུལ་བྱ་ལས་འཕྲོ་ཅན།།
ཐབས་མཁས་སྒོ་ནས་འདུལ་སྟོན་གྷ་རུང་པ།།

ཤཀྱཱ་བཤེས་གཉེན་བཟང་པོ་ཆོས་ཀྱི་མཛོད།།
རྩོད་ལྡན་སྙིགས་མའི་འགྲོ་ལ་རྗེས་ཆགས་ནས།།
གཞན་ཕན་ནོར་བུས་རེ་འདོད་ཇི་བཞིན་དུ།།
སྐོང་བའི་རྣམ་འཕྲུལ་ཕུན་ཚོགས་དཔལ་བཟང་པོ།།

གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱིས།།
ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་པའི།།
གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེའི་ཞབས།།
སླར་ཡང་བྱོན་པ་ཆོས་མཛད་བློ་གྲོས་དཔལ།།

གནས་བརྟན་ཆེན་པོ་བྷ་ཀུ་ལའི་རྣམ་རོལ།།
མདོ་རྒྱུད་ཀུན་ཤེས་ཆོས་མིག་རྡུལ་བྲལ་བ།།
རྒྱལ་བའི་རྒྱལ་སྲས་མ་འདྲིས་འགྲོ་བའི་མགོན།།
དཔལ་ལྡན་མཉམ་མེད་བསོད་ནམས་བཟང་པོའི་ཞབས།།

བསམ་གྱིས་མི་ཁྱབ་བརྟག་དཀའི་ཡོན་ཏན་གྱི།།
བཀོད་པ་ལྷུན་ཆགས་ཆོས་ཀྱིས་རྒྱུད་གྲོལ་བའི།།
སྣོད་ལྡན་དེ་དག་གིས་མཚོན་སའི་རྡུལ་དང་།།
མཉམ་པའི་འགྲོ་བ་སྨིན་གྲོལ་ལམ་ལ་བཀོད།།

དེ་དང་གང་འབྲེལ་འཕགས་པའི་གང་ཟག་ཅེས།།
རྒྱལ་བའི་དཔལ་གྱི་མགུར་ལས་ལུང་བསྟན་གྱི།།
ཚིག་སྙན་དྲི་ཟའི་རོལ་མོ་འཁྲོལ་བའི་དབྱངས།།
བསླུ་མེད་བདེན་ཚིག་འགྱུར་མེད་རྡོ་རྗེའི་ཁམས།།

སྙན་པའི་གྲགས་པ་བདེ་ཆེན་ནཱ་དའི་དབྱངས།།
གནམ་བསྐོས་ས་ཡི་ཚངས་པ་མིའི་ཉི་མ།།
ཙི་ནའི་ས་སྐྱོང་སྙན་ལ་ལྷུང་བའི་ཟེར།།
དད་གསུམ་མེ་ཏོག་རྒོད་པའི་གཉེན་དུ་གྱུར།།

བཞིན་གྱི་དཀྱིལ་འཁོར་སྔར་མེད་མདངས་ཀྱིས་གསལ།།
མིག་གི་རྒྱལ་མོ་མཆི་མའི་ཆུ་ལ་བཀྲུས།།
བ་སྤུའི་འཁྲི་ཤིང་ལས་འཕྲོའི་དྲི་ལེན་གྱིས།།
ཤིག་ཤིག་གཡོ་བའི་མོས་གུས་མངོན་དུ་གྱུར།།

ཡིད་ཡུལ་གཞལ་ཡས་ཁང་པའི་མཆོད་སྟེགས་སུ།།
ཀུན་མཁྱེན་རྒྱལ་བ་གཉིས་པའི་མཚན་དཔེའི་སྐུ།།
ཡིད་འོང་ལྟ་ན་སྡུག་པ་བློས་བཀོད་དེ།།
གསོལ་འདེབས་དབྱངས་ཀྱི་རྒྱ་མཚོ་རྒྱུན་མར་སྤེལ།།

འགའ་ཞིག་ལག་རྩེར་གནས་པའི་སྐྱེ་བོ་ཡང་།།
འདུལ་བར་མི་ནུས་སྡིག་སྤྱོད་དྲེགས་པས་ཁྱེར།།
ཁྱོད་ཀྱིས་དཔག་ཚད་མང་པོའི་འཇུག་ངོགས་ཀྱི།།
རྒྱལ་པོ་འཁོར་བཅས་ཆོས་བཞིན་འདུལ་བ་མཚར།།

རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་འདུས་པའི།།
རྨད་བྱུང་བྱིན་རླབས་གཞན་ཕན་སྙིང་པོའི་དབྱིངས།།
གནས་དང་དུས་ལ་རིང་ཐུང་ཡེ་མི་མངའ།།
སྣོད་བཅུད་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ།།

མི་དབང་དད་འདུན་རིན་ཆེན་དང་པོའི་ཁམས།།
མ་འགྱུར་མི་འགྱུར་འགྱུར་མེད་ལྷུན་གྲུབ་པས།།
དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་མཐུའི་གཟུགས།།
ཆོས་རྗེ་སྐྱེ་དགུའི་སྙིང་ནོར་སྤྱན་འདྲེན་ཕྱོགས།།

འདོད་དགོངས་སྙིང་པོ་སྨིན་པའི་ཞུ་བའི་འཕྲིན།།
འཕྲིན་ལས་རྣམ་བཞིའི་གར་བསྒྱུར་འགྲོ་མགོན་ལ།།
ལ་མོར་གསོལ་བའི་མངག་གཞུག་བྱ་མ་རྟ།།
རྟ་མཆོག་སྤྲིན་གྱི་ཤུགས་འཆང་ཆིབས་ནས་ཕེབས།།

ལྟ་བས་མི་ངོམས་གཟི་འོད་ལམ་ལམ་བཙོ་མ་གསེར་གྱི་ལྷུན་པོ་ལ།།
ཉིན་བྱེད་སྟོང་གིས་འཁྱུད་པའི་དཔལ་ཡང་རབ་རིབ་མོག་མོག་པོར་བྱེད་པའི།།
མཐོང་བ་དོན་ཡོད་མཚན་དཔེའི་སྐུ་མཆོག་མཆོག་ཏུ་མི་འགྱུར་བདེ་བའི་གཏེར།།
སྤྱན་འདྲེན་ཕོ་ཉའི་མིག་ལ་འཕོས་ཚེ་བསམ་གྱིས་མི་ཁྱབ་བདེ་བས་མྱོས།།

ཕྱག་རྟེན་མཎྜལ་རིན་ཆེན་ནོར་བུ་ཨན་ད་རྙིལ་གྱི་མཆོད་པ་ལ།།
མི་ཆགས་གསེར་དང་བོང་བ་མཉམ་རོལ་སྒྱུ་མའི་ནོར་ལ་ཡི་ག་འཆུ།།
དབང་པོའི་གཞུ་རིས་ཀུན་གསལ་བུ་མོའི་མགྲིན་པའི་རྒྱན་ལ་དཔྱངས་པ་བཞིན།།
སྙིང་པོ་མེད་པའི་རང་བཞིན་རྟོགས་ཀྱང་ཚོགས་གཉིས་གསོག་པའི་ཐབས་སུ་བཞེས།།

རྨད་བྱུང་བྱིན་རླབས་གསེར་འགྱུར་རྩི་ཡིས་ཉོན་ཡིད་རྡུལ་ཆགས་ར་གན་ཁམས།།
རྣམ་དག་འོད་འབར་གསེར་གྱི་གཤིས་སུ་ཉེ་བར་འཕོས་པའི་ས་སྐྱོང་གི།
རེ་འདོད་སྙིང་པོའི་གེ་སར་འཛུམ་པའི་ཞུ་འཕྲིན་པད་དཀར་འདབ་བརྒྱ་པ།།
སྤྱན་རས་ཨུཏྤལ་རྒྱས་པའི་བུང་བ་འབབ་པའི་སྟེགས་སུ་ཉེ་བར་བཞད།།

འོན་ཀྱང་ལུང་བསྟན་རྟེན་འབྲེལ་གྱི།།
ལྷ་བུ་གཞོན་ནུའི་ངག་སྒོ་ལས།།
བདེ་འབྱུང་ཞབས་པད་བཀྲ་ཤིས་རྟེན།།
གངས་ཅན་འཛིན་མའི་རྒྱན་ཉིད་དུ།།

ཐོབ་པ་གཏོང་བའི་འོས་མེད་དེ།།
འདི་ནི་བོད་འབངས་སྐྱོང་བའི་གཉེན།།
འཕགས་མཆོག་མིག་མི་འཛུམ་པ་ཞེས།།
གཏན་དུ་བཤོལ་བ་ཡང་ཡང་འདེབས།།

གང་ཞིག་དོན་དང་མཐུན་པའི་སྡེ།།
ནོར་བུའི་གླིང་ལས་སྟོང་ལོག་བཞིན།།
ཁམས་གསུམ་གཙུག་ནོར་མ་ལོན་པར།།
གདན་འདྲེན་ཚོགས་ནི་སྟོང་པར་ལྡོག།

འོན་ཀྱང་རྒྱལ་འབངས་བྱིན་རླབས་རྟེན།།
གསེར་དངུལ་རིན་ཆེན་ནམ་མཁའི་མཛོད།།
གཞལ་མེད་ནོར་བུ་སྤུངས་པས་ཀྱང་།།
མི་ཁུག་འདོད་འཇོའི་གླེགས་བུ་གནང་།།

ཡིད་ལ་བྲིས་པའི་རེ་འདོད་ཀྱི།།
རེ་ཁའི་འདབ་མ་བརྐྱངས་པ་ལས།།
ལོངས་སྤྱོད་འབྲས་བུ་མ་སྨིན་པས།།
མྱ་ངན་མུན་པ་ཐོལ་གྱིས་འཐིབས།།

སྟོང་པའི་སེམས་སུ་སྣ་ཚོགས་པའི།།
རྟོག་པའི་རླབས་ཕྲེང་གཡོ་བ་དང་།།
མཆི་མའི་འབབ་རྒྱུན་འགྲན་པ་བཞིན།།
གདན་འདྲེན་དཔུང་ནི་ཁབ་ཏུ་སོང་།།

མཐོང་བ་ཙམ་གྱིས་ངེས་གྲོལ་བའི།།
རྒྱལ་བའི་རྨད་བྱུང་ཡོན་ཏན་ཀུན།།
གཅིག་ཏུ་འདུས་པ་མཚན་དཔེའི་སྐུ།།
ཆུ་བུར་མིག་ལ་མ་མཐོང་ཚེ།།

ཇི་ལྟར་ལྗོན་ཤིང་རྩ་བ་ནས།།
ཕྱུང་ན་ས་རུ་འགྱེལ་བ་བཞིན།།
རྒྱལ་པོ་འཁོར་བཅས་མྱ་ངན་གྱིས།།
བརྟན་པ་ཉམས་ནས་དབང་མེད་འགྱེལ།།

ལ་ལས་གདུང་ཡུས་ལག་སོར་གྱིས།།
མཐོན་མཐིང་ལྕང་ལོ་འབལ་བ་དང་།།
བྲང་རྔ་ལག་པའི་དབྱུ་གུ་ཡིས།།
དྲག་ཏུ་རྡུང་བ་འགྲན་པ་བཞིན།།

འགའ་ཞིག་སོར་འདབ་ཟླུམ་པའི་ལག།
སྙིང་གི་གཞི་ལ་བཀོད་པའི་ངང་།།
གང་ཞིག་མཇལ་བར་མ་གྱུར་པས།།
མི་ལུས་རྙེད་པ་དོན་མེད་ཅེས།།

གཟུགས་འཛིན་སྤྲིན་ཕུང་འཁྲིགས་པ་ལས།།
མཆི་མའི་ཆར་རྒྱུན་རིང་སོང་བས།།
ཟླ་བའི་མ་མ་རོ་ལྡན་མས།།
རླབས་ཀྱི་མུ་ཏིག་མཁའ་ལ་འགྲེམས།།

རོ་འཛིན་བྱུ་རུའི་འཁྲི་ཤིང་ཡང་།།
སྨྲེ་སྔགས་ཡི་ཆད་བརྗོད་པའི་རླུང་།།
བར་མེད་ལྡང་བའི་ཁུག་པ་ན།།
ལྷབ་ལྷུབ་གཡོ་བས་ངལ་བར་ངེས།།

གདུང་བ་ལས་སྐྱེས་མྱ་ངན་གྱི།།
བྱ་བྱེད་ཟློས་པའི་གར་སྟབས་རྣམས།།
ཀུན་མཁྱེན་ཡེ་ཤེས་སྤྱན་ལམ་དུ།།
སྒྲིབ་མེད་གསལ་བར་ལྷུང་བའི་ཚེ།།

སྙིང་རྗེ་ཆེན་པོས་ཐུགས་གཡོས་ནས།།
ཐོགས་པ་མེད་པའི་རྫུ་འཕྲུལ་གྱི།།
འཕྲུལ་གྱི་ཁ་ལོ་དེར་བསྒྱུར་ནས།།
རྒྱལ་པོའི་ཁབ་ལ་ཡུད་ཀྱིས་གཤེགས།།

བརྩེ་ཆེན་ཐུགས་ཀྱི་བུམ་པ་ལས།།
ཅི་འདོད་མོས་པའི་རྗེས་སྙེག་པའི།།
དམ་ཆོས་བདུད་རྩིའི་ཟེགས་མ་འབུམ།།
འཇོ་བའི་རྒྱུན་གྱིས་ཐམས་ཅད་མཉེས།།

མི་དབང་སྒོ་གསུམ་དབང་མེད་དུ།།
དག་པར་གྲོལ་བའི་བརྡ་ཐབས་སུ།།
ཀར་ཤ་པ་ནི་ཕུལ་བའི་ཚེ།།
རྫུ་འཕྲུལ་རྐང་པས་ཕྱིར་ལ་ལྡོག།

འདོད་འཇོའི་བ་དང་དཔག་བསམ་ཤིང་།།
བུམ་བཟང་བསམ་འཕེལ་དབང་རྒྱལ་བཞིན།།
ལུས་ཅན་རེ་བ་ཀུན་སྐོང་བའི།།
འགྲོ་བའི་སྟོན་ཆེན་མཆོག་ལ་བསྟོད།།

འགྲོ་བའི་དོན་ལ་རབ་དགོངས་ནས།།
སྣང་དང་མི་སྣང་སྒྱུ་འཕྲུལ་གྱི།།
དྲ་བའི་རོལ་མོ་འབྱམས་ཀླས་པས།།
བདེ་ཆེན་སྩོལ་བའི་མཐའ་མ་དམིགས།།

འཇིག་རྟེན་སྐྱོང་བ་དྲེགས་པའི་སྡེ།།
གདོང་བཞི་མིག་སྟོང་ལྡན་པ་དང་།།
མི་ཡི་ཐུ་བོ་ཐམས་ཅད་ཀྱིས།།
ཞབས་ཀྱི་པདྨོ་སྤྱི་བོར་ལེན།།

རྨད་བྱུང་གསང་གསུམ་ཡོན་ཏན་མཐའ།།
ནམ་མཁའི་བུ་མོ་སྔོ་བསངས་མས།།
ཇི་བཞིན་གཞལ་བར་མ་སྤོབས་པས།།
བཞིན་ལ་འཆར་ཀའི་དམར་མདངས་འབར།།

ལྟོས་བཅས་འགྲོ་བ་མ་ལུས་པ།།
གང་གང་མོས་པའི་སྒོར་བཞུགས་ནས།།
ཐབས་མཁས་ཆུ་ཟླའི་སྣང་བརྙན་གྱིས།།
རྡུལ་བྲལ་རྒྱལ་བའི་ལམ་ལ་འགོད།།

རང་དོན་ཡོན་ཏན་རྒྱ་མཚོ་རྫོགས།།
གཞན་དོན་ཕྲིན་ལས་འགྲོ་དོན་རྫོགས།།
རྫོགས་སངས་རྒྱས་དང་མི་གཉིས་པའི།།
པྲཛྙཱ་དྷྭ་ཛའི་ཞབས་ལ་འདུད།།

ཐུགས་ཀྱི་རེ་འདུན་འགྲོ་བའི་དོན།།
ཆོས་བཞིན་དགེ་ཞིང་བཀྲ་ཤིས་པར།།
ལེགས་བྱས་ཆུ་གཏེར་གཡས་སུ་བསྐྱིལ།།
དགོངས་པ་མ་ལུས་རྫོགས་པ་ན།།

ཆོས་ཀྱི་སྐུ་ལ་འཆི་བས་མི་ཚུགས་ཀྱང་།།
འདུས་བྱས་སྤྲིན་ཕུང་མི་རྟག་རླུང་ཤུགས་ཀྱིས།།
དབང་མེད་འཐོར་བའི་ཆོས་ཉིད་རྨོངས་པ་ལ།།
གོ་ཕྱིར་སྣང་ངོར་འདའ་བའི་ཚུལ་བསྟན་ཚེ།།

སྐུ་ཡི་གཟི་མདངས་སྔར་བས་ཆེས་ཆེར་གསལ།།
དྲུག་ཅུའི་དབྱངས་ལྡན་གསུང་གི་རོལ་མོ་ཡང་།།
སྔར་བས་སྙན་འཇེབས་ཚངས་པའི་དབྱངས་སྙན་གྱིས།།
བུ་ཆེན་དག་ལ་ཆོས་ཀྱི་ཆར་བ་འབེབས།།

བོད་ཡུལ་འཛིན་མའི་དྲོད་ནི་གཞན་དབང་ཅན།།
དབྱར་ལ་དྲོ་ཞིང་དགུན་ལ་འཁྱག་པའི་ཕྱིར།།
ང་ཡི་བག་མི་དྲོ་འོ་ད་ལོ་ནི།།
དྲོ་བའི་ས་རུ་གཤེགས་ཞེས་ཡང་ཡང་གསུང་།།

དྲོ་གྲང་ལ་སོགས་ཡིད་བཞིན་འགྲུབ་པའི་ཞིང་།།
ཞིང་ཁམས་ཁྱད་འཕགས་བདེ་བ་ཅན་གྱི་གནས།།
གནས་མལ་ཐམས་ཅད་རིན་པོ་ཆེ་ལས་གྲུབ།།
གྲུབ་བརྙེས་ཕེབས་པའི་ཡུལ་དེར་འབྱོན་པར་བསྟན།།

རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་བཅུད།།
ངེས་དོན་མཐར་ཐུག་རྣམ་དག་ཆུ་བོའི་རྒྱུན།།
དབྱེར་མེད་འདྲེས་པའི་ངེས་དོན་རྒྱ་མཚོ་ཡི།།
གཞུང་བཤད་བདུད་རྩིའི་ཟེགས་མ་ཚོགས་སུ་འཐོར།།

ཞལ་རས་རྒྱས་པ་ཟླ་བའི་དཀྱིལ་འཁོར་ལས།།
རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྤྱན།།
མཁའ་ལ་ཧྲིག་གཏད་རྒྱལ་བ་སྲས་བཅས་ཀྱིས།།
མདུན་བདར་བསུ་བའི་ཕྲེང་བ་བསྟར་ཞེས་གསུང་།།

བག་ཕེབས་རྩེད་འཇོ་ཞལ་འཛུམ་ཀྱལ་ཀ་དང་།།
མཉེས་མཉེས་བཞད་མོ་གསུང་གི་སྒོ་ཕྱེ་ནས།།
གདོས་བཅས་ལུས་ཀྱི་བཀོད་པ་སྒྱུ་མའི་གཟུགས།།
ཆོས་ཀྱི་དབྱིངས་སུ་དེངས་པའི་དུས་བབ་ཅེས།།

མཚོ་ལྟར་དྭངས་པའི་ཐུགས་ཀྱི་དཔལ་བེའུ་ལས།།
མ་འོངས་དུས་ཀྱི་གཟུགས་བརྙན་ཕྲ་རགས་ཀུན།།
ས་ལེར་སྣང་བའི་ལུང་བསྟན་ཨ་དརྴ།།
ལེགས་ཉེས་གསལ་བྱེད་མཆོག་ཅིག་འཁོར་ལ་བསྩལ།།

སྲས་རྣམས་ཐུགས་ལ་བརྣག་དཀའི་མྱ་ངན་གྱི།།
སྨག་རུམ་སྟུག་པོ་ཐིབས་ཀྱིས་འཐིབས་པའི་ཚེ།།
ཞུ་བ་ཞུས་ལན་ཆོས་དོན་སྙིང་པོ་ཅན།།
བྱིན་རླབས་ཐུགས་རྗེ་སྣང་བས་སིམ་པར་བྱེད།།

ཇི་ལྟར་མར་གྱི་ཞུན་མ་ཟད་པའི་ཚེ།།
མར་མེའི་འོད་ཀྱང་མི་སྡོད་གཟིམས་པ་བཞིན།།
ཞིང་འདིའི་ལྟོས་བཅས་གདུལ་བྱ་རྫོགས་པའི་ཚེ།།
གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ལྡོག།

འཆི་བའི་བདུད་ལས་རྣམ་པར་རྒྱལ་ན་ཡང་།།
རྟག་འཛིན་གདོན་གྱིས་བརླམས་པའི་ལུས་ཅན་ཡིད།།
རྣམ་དཀར་དགེ་ལ་ཅིས་ཀྱང་འཇུག་པའི་ཕྱིར།།
ལྕགས་མོ་གླང་གི་ལོ་ལ་ཞི་བར་གཤེགས།།

གང་ཚེ་ནོར་གྱི་བློ་གྲོས་མཛའ་ན་མོ།།
ཞབས་སེན་གཞོན་ནུའི་གྲོགས་ཀྱིས་བཏང་བ་ལས།།
ལང་ཚོའི་དཔལ་ཉམས་མི་སྡུག་མྱ་ངན་བྱེད།།
མི་བཟོད་སྐྱོ་བའི་ཤུགས་ཀྱིས་འདར་བ་འདྲ།།

ནམ་མཁའི་མཐོངས་ནས་སྣ་ཚོགས་སྙན་པའི་སྒྲ།།
སིལ་སྙན་རོལ་མོ་པི་ཝང་གླིང་བུ་དང་།།
དྲིལ་ཕྲེང་གཡེར་ཁའི་སྒྲ་སྙན་སི་ལི་ལི།།
དཔག་ཡས་དབྱངས་སྙན་བྲག་ཅའི་ཟོལ་གྱིས་བྱུང་།།

བར་སྣང་སྟོང་པའི་གཞི་ལ་འཇའ་འོད་ཀྱི།།
དཀྱིལ་འཁོར་གཞལ་ཡས་ཁང་བཟང་སྔོན་མེད་པ།།
འོད་ཟེར་འབར་བའི་དྲ་བ་དྲ་ཕྱེད་ཅན།།
ཚངས་ཆེན་བློ་ཡིས་སྤྲུལ་དང་གཉིས་སུ་མེད།།

འོད་ལྔའི་མདངས་ལྡན་འོད་ཆགས་མནྡ་ར།།
པདྨ་ཨུཏྤལ་ལ་སོགས་ཁ་ཕྱེ་བ།།
འཁོར་ལོ་ནོར་བུ་དུང་དང་དཔལ་བེའུ་སོགས།།
དབྱིབས་བཀོད་ཐ་དད་ལྷ་ཡི་མེ་ཏོག་འབབ།།

སྟེང་འོག་ཕྱོགས་མཚམས་ཁོ་ར་ཁོར་ཡུག་ཀུན།།
སྔོན་མེད་དྲི་བཟང་འཐུལ་བས་ཡོངས་གང་བས།།
དེ་ཚེ་ས་གཞི་འཇིག་རྟེན་དྲི་དང་བྲལ།།
རྣམ་དག་དྲི་མཆོག་ཁོ་ནའི་སྣོད་དུ་གྱུར།།

བྱང་སེམས་དཀར་པོའི་ཟླ་ཞུན་གྱེན་འཁྱིལ་བས།།
ཡར་ཆབ་གཙང་ཞབས་དམ་དུ་བསྡམས་པ་བཞིན།།
རླབས་ཕྲེང་མུ་ཏིག་དོ་ཤལ་བརྒྱུས་པའི་རྒྱུན།།
སྒོམ་ཆེན་ཐུགས་བཞིན་མི་གཡོ་རང་སར་འཇགས།།

དམར་ཆ་གསང་གནས་བདེ་སྐྱོང་འཁོར་ལོ་ན།།
མི་ཤིགས་རྡོ་རྗེའི་ཆོས་སུ་ཉེར་བརྟན་པས།།
ནུབ་རིའི་སྣང་བྱེད་འོད་ཀྱི་དྲ་བ་ཅན།།
དབང་ཕྱོགས་རི་བོའི་གཙུག་ཏུ་ལྷམ་མེར་བཀོད།།

གསང་སྔགས་ལམ་གྱི་ཆ་ཤས་ཡོངས་རྫོགས་པས།།
དྲེགས་མྱོས་རྒྱུ་སྐར་ཐང་མ་བརྡལ་བའི་ཁྲོད།།
ཆེ་བའི་རང་འོད་ཀུན་ལས་རབ་གསལ་བ།།
ཀུན་མཁྱེན་ཉ་གང་ཟླ་བ་ཁྱད་དུ་འཕགས།།

མཚར་མཚར་སྣུམ་ཟད་མར་མེ་ལུག་རྒྱུད་ཕྲེང་།།
མང་མང་སྣུམ་ལྡན་ཚོགས་ལས་ཁོར་ཡུག་ཏུ།།
མཛེས་མཛེས་གཡོ་བའི་མེ་ལྕེ་ཡ་ལ་ལ།།
འབར་འབར་ཉིན་མཚན་མཛེས་པའི་རྒྱན་དུ་བྱུང་།།

ཁྱད་པར་ཇོ་བོའི་དྲུང་དུ་ཉེར་མཆོད་པ།།
པ་སངས་མདངས་ལ་འཁུ་བའི་འོད་འཚེར་ཞིང་།།
ཞིང་ཁམས་རབ་འབྱམས་གསལ་བའི་རབ་དཀ༵ར་མེ༵།།
མེ་ལྕེ་ལམ་ལམ་ཞག་གསུམ་མཐའ་རུ་འབར།།

ཇོ་ནང་རི་ཁྲོད་ཁོ་ར་ཁོར་ཡུག་ཀུན།།
མུན་ནག་མེད་ཅིང་འོད་གསལ་སྣང་བས་ཁྱབ།།
ཞག་བདུན་ཙམ་ལ་མཚན་མོའི་མིང་མེད་དེ།།
ཉིན་སྣང་འབའ་ཞིག་འབྱུང་བ་ཅིས་མི་མཚར།།

ཚུར་མཐོང་བློ་ཡི་ར་བར་ཤོང་མིན་པའི།།
ངོ་མཚར་བསམ་མི་ཁྱབ་པའི་རྟགས་མཚན་རྣམས།།
གངྒཱའི་ཀླུང་གི་བྱེ་མའི་གྲངས་མཉམ་པ།།
གཅིག་ལས་གཅིག་འཕགས་ཕན་ཚུན་འགྲན་པ་བཞིན།།

ལེགས་བྲིས་གཞོན་ནུའི་བཞིན་གྱི་མདངས་ཉམས་ཤིང་།།
རྒྱུད་མངས་མྱ་ངན་ཕྱག་གིས་དཀྲོལ་བའི་ངང་།།
སུམ་རྩེན་དོ་ར་ངུད་མོ་ཆོ་ངེའི་སྒྲས།།
མི་སྡུག་མྱ་ངན་སྟོང་གི་འདུ་རར་བསྒྱུར།།

སྤྱན་རས་ཨུཏྤལ་གཡོ་བ་ལས།།
མཆི་མའི་ཟིལ་བ་འཐོར་བའི་ཚུལ།།
རབ་དཀར་འོད་ཆགས་མུ་ཏིག་གི།
དོག་པ་ས་རུ་བྲུལ་བས་མཚོན།།

འགྲོ་བའི་སྒྲོན་མེ་འདི་གཟིམས་པས།།
བརྣག་དཀའི་མུན་པ་འཐིབས་པའི་ཚེ།།
དཀར་པོའི་ཕྱོགས་སྐྱོང་ཇི་སྙེད་པ།།
ཡི་མུག་སེམས་པ་ཁོང་ཆུད་ནས།།

བདག་ཅག་ཉི་མས་བཏང་བ་ཡི།།
པད་ཚལ་ཇི་བཞིན་ཉམས་མི་དགའ།།
ཀྱེ་མ་ཀྱི་ཧུད་མགོན་མེད་ཅེས།།
སྨྲེ་སྔགས་བྲག་ཆའི་རོལ་མོ་འཁྲོལ།།

རྐང་གཉིས་རྣམས་ཀྱང་མི་བཟོད་པའི།།
སྡུག་བསྔལ་བྱིན་ཟས་སྦྱངས་པའི་ངང་།།
བྱེ་ཚན་ཁྲོད་ཀྱི་ཉེ་འུ་བཞིན།།
འགྲེ་ཞིང་ལྡོག་པའི་རོལ་གར་བསྒྱུར།།

ཕན་བདེའི་འོད་སྣང་ཀུན་ལ་སྙོམས།།
ལས་ཉོན་མུན་སེལ་ཉི་མ་འདི།།
ཆོས་དབྱིངས་ཆུ་ལྷར་མནལ་བ་འདིས།།
འཛམ་བུའི་གླིང་ཆེན་མུན་པས་ཁེབས།།

བྱིན་རླབས་སྙིང་རྗེའི་བསིལ་ཟེར་གྱིས།།
འཇིགས་པའི་ཚ་གདུང་ཡོངས་སེལ་བའི།།
ཆུ་ཤེལ་དབང་པོ་འདི་འགྲིབ་པས།།
ཐམས་ཅད་ཡིད་ཀྱི་ས་མོས་ཟུམ།།

ཐོས་བསམ་སྒོམ་པའི་ཡུ་བ་བརྟན།།
མཁྱེན་བརྩེ་ནུས་པའི་ཤམ་བུ་གཡོ།།
ངེས་གསང་ནོར་བུའི་ཏོག་གིས་མཛེས།།
ཆོས་ཀྱི་རྒྱལ་མཚན་འགྱེལ་བས་སྐྱོ།།

རྒྱལ་བསྟན་གངས་རིའི་སྤོར་གནས་ཤིང་།།
ཐམས་ཅད་མཁྱེན་པའི་གཡུ་རལ་རྫོགས།།
གཞན་སྟོང་ལྟ་བའི་གད་རྒྱངས་ཅན།།
ཀུན་མཁྱེན་གདོང་ལྔ་གཤེགས་པས་སྐྱོ།།

ཡིད་ལ་བསམ་པ་མ་ལུས་ཀུན།།
ཇི་བཞིན་འཇོ་བར་བྱེད་པ་སྟེ།།
འགྲོ་བའི་དབུལ་སེལ་ནོར་བུ་འདི།།
ཀྱེ་མ་མ་ལ་སྟོར་བས་སྐྱོ།།

སྐྱེ་རྒ་ན་འཆིའི་རླབས་གཡོ་བའི།།
མཐའ་མེད་འཁོར་བའི་རྒྱ་མཚོ་ལས།།
འགྲོ་ཀུན་སྐུ་བཞིའི་གླིང་མཆོག་ཏུ།།
བཀྲི་བའི་དེད་དཔོན་བྲལ་བས་སྐྱོ།།

མ་རིག་རྨོངས་མུན་ཡོངས་ཟ་བའི།།
ཡེ་ཤེས་སྣང་བ་རབ་འབར་བའི།།
སྒྲོན་མའི་ཕུང་པོ་རྙེད་དཀའ་བ།།
རྙེད་ཀྱང་གཟིམས་པས་ཡིད་རབ་འབྱུང་།།

བླང་དོར་མིག་ལྡོངས་དམུས་ལོང་ཚོགས།།
ཡང་དག་ལམ་ལ་འགོད་མཁས་པའི།།
དམིགས་བུ་བཟང་པོའི་ལམ་སྟོན་དང་།།
བརྩེ་སྐྱོང་མེད་ན་ཇི་ལྟར་འཚོ།།

བདག་ལྟ་ཉི་ཤུའི་གཅོང་རོང་དུ།།
ལོག་པར་ལྟུང་བ་ཇི་སྙེད་པ།།
བདག་ཏུ་མ་གྲུབ་རང་བཞིན་གྱིས།།
སྟོང་པའི་སར་འདྲེན་གཤེགས་པས་སྐྱོ།།

ཉོན་མོངས་དུག་ལྔའི་གཅོང་ནད་ཀྱིས།།
ཟིན་པའི་ལུས་ཅན་མཐའ་དག་ལ།།
ཆོས་ཀྱི་སྨན་མཆོག་མངོན་སྦྱིན་པའི།།
སྨན་པ་བཟང་དང་བྲལ་བས་སྐྱོ།།

ལོག་རྟོག་དྲ་བ་གཅོད་བྱེད་པའི།།
ཤེས་རབ་རལ་གྲིའི་འཕྲུལ་འཁོར་སྟོང་།།
ཆོས་དབྱིངས་ཁྱོན་ལ་མངོན་བསྒྱུར་བས།།
འཁོར་བསྒྱུར་ཟིལ་གནོན་ཕེབས་པས་སྐྱོ།།

དགེ་བའི་བར་དུ་གཅོད་པ་ཀུན།།
དམིགས་མེད་དབྱིངས་སུ་སྒྲོལ་མཛད་པའི།།
གསང་སྔགས་ཐབས་ཀྱིས་ཆེར་འཕགས་ཤིང་།།
ལས་བཞི་ལྷུན་གྲུབ་གང་དུ་གཤེགས།།

དོན་གཉིས་མཐར་ཕྱིན་ཤཱཀྱའི་ཏོག།
ཤེས་རབ་རྩལ་རྫོགས་ཤཱ་རིའི་བུ།།
རྫུ་འཕྲུལ་ཐོགས་མེད་མོའུ་འགལ་བུ།།
རྣམ་གསུམ་དབྱེར་མེད་རོ་གཅིག་གཤེགས།།

སྐལ་ལྡན་གདུལ་བྱ་མཐའ་ཡས་པའི།།
ཐ་མལ་ཉོན་མོངས་རྒྱུད་སྦྱོང་བའི།།
སྨིན་བྱེད་དབང་གི་ཀ་ལ་ཤ།
སིལ་བུར་ཆག་པ་ཇི་ལྟར་བཟོད།།

སྡུག་པོ་ཆེ་ཡང་བཙན་ཐབས་སུ།།
ཚེ་གཅིག་སངས་རྒྱས་སར་འགོད་པའི།།
མན་ངག་གདམས་པའི་རྒྱལ་པོ་མཆོག།
ཆོས་དབྱིངས་མལ་དུ་གཟིམས་པས་སྐྱོ།།

ལྷར་བཅས་འགྲོ་བའི་གཙུག་གི་ནོར།།
དགོས་འདོད་ཀུན་འབྱུང་མོས་པའི་རྟེན།།
ཀུན་མཁྱེན་དཔག་བསམ་འཁྲི་ཤིང་གི།
མཁྱེན་བརྩེ་གྲིབ་བསིལ་ཇི་ལྟར་རྙེད།།

སྐུ་གདུང་རིན་ཆེན་འོད་འཚེར་བ།།
མེ་ལྷའི་ཞལ་ལ་བསྟབས་པའི་ཚེ།།
ངོ་མཚར་འོད་སྣང་རབ་འབྱམས་ཞིང་།།
མཐའ་དབུས་ཡུལ་གྲུ་ཀུན་ལ་ཁྱབ།།

དེ་ཚེ་ཐུགས་ཀྱི་ཐུ་བོ་སྟེ།།
མགོན་འདྲའི་བུ་ཆེན་དག་པ་ལ།།
རྟོག་གེའི་མིག་གིས་མི་ཟིན་པའི།།
ཉམས་འུར་ཡེ་ཤེས་ཡང་ཡང་འབབ།།

རིང་བསྲེལ་གཟུངས་སྔགས་ལྷ་ཡི་སྐུ།།
མཆོད་པའི་རྟེན་མཆོག་བླ་མེད་པ།།
འཇིག་རྟེན་བྱེད་པོ་ཚངས་པ་ཡི།།
བློ་ལས་འགོངས་པ་དཔག་ཡས་བྱུང་།།

མ་འོངས་ཡེ་ཤེས་འབྱུང་གནས་སུ།།
མངོན་པར་རྫོགས་པར་སངས་རྒྱས་ནས།།
ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེ།།
སྐེམ་པའི་མཆོག་ཏུ་ལུང་ཡང་བསྟན།།

དེ་ལྟར་སྐྱེ་འགྲོའི་ཕན་བདེའི་རྩ་ལག་བསྟན་པའི་གཞི་མ་ལེགས་སྐྱོང་བའི།།
སྟོན་མཆོག་གཉིས་པ་ཤེས་རབ་རྒྱལ་མཚན་ལྷར་བཅས་འགྲོ་བའི་མགོན་པོ་དེའི།།
རྣམ་པར་ཐར་པ་གཏིང་དཔག་དཀའ་བ་ཟབ་ཅིང་རྒྱ་ཆེའི་ཆུ་གཏེར་ལས།།
ཐིགས་ཕྲན་ཙམ་ཞིག་དད་གསུམ་སོར་རྩེས་མངོན་པར་མཆོད་པའི་དགེ་བ་ཡིས།།

ཀུན་གྱི་སྤྱི་བོ་བདེ་ཆེན་འཁོར་ལོར་ཀུན་མཁྱེན་བླ་མ་རྟག་ཏུ་བཞུགས།།
བྱིན་རླབས་ཉིན་མོར་བྱེད་པའི་འོད་ཀྱིས་གློ་བུར་མུན་པ་རིང་དུ་བསྐྲད།།
ཟག་བཅས་ལུས་ཀྱིས་བར་མ་ཆོད་པར་ད་ལྟའི་ལུས་རྟེན་འདི་ཉིད་ནས།།
གང་ཞིག་ཡེ་བཞུགས་བདེ་གཤེགས་སྙིང་པོའི་རང་ཞལ་མྱུར་དུ་མཇལ་བར་ཤོག།

      ཅེས་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་རྣམ་ཐར་རྒྱ་མཚོ་ལས་ཆུ་རྡུལ་ཙམ་ཞིག་གོ་བདེར་བྲིས་པ་འདིས་ཀྱང་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག །2024-6-13-ལ་སྦྱར།

版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!




卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章