ཟུལ་ཕུ་དགོན་པའི་ལོ་རྒྱུས་མདོར་བསྡུས། དགེ་བཤེས་ལི་ཐང་རབ་གསལ།

文摘   2024-11-30 09:32   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

༄༅།།ཟུལ་ཕུ་དགོན་པའི་ལོ་རྒྱུས་མདོར་བསྡུས།


རྒྱལ་ཀུན་ནུས་པ་ཐིག་ལེ་ཞུན་མའི་ཁམས།།

གསང་གསུམ་མཛོད་འཛིན་པདྨའི་ཟེའུ་འབྲུ་ལས། །

སྤྲུལ་བ་གསང་བདག་མི་ཡི་ཤ་ཚུགས་ཅན། །

བདག་སྙིང་པདྨོའི་མཚོ་མོར་རྟག་བཞུགས་གསོལ། །

     ཟུལ་ཕུ་དགོན་པ་ནི་དབུས་ཀྱི་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་འདུལ་འཛིན་པ་འབུམ་ཕྲག་གི་གདན་ས་ཡིན་ཞིང་པཎ་ཆེན་ཤཱཀྱ་ཤྲི་ཡིས་ཀྱང་སློབ་མ་རྣམས་འདུལ་བ་སློབ་ཏུ་མངག་སའི་གདན་ས་ཁྱད་དུ་འཕགས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཕྱི་ལོ༢༠༢༣ལོའི་བོད་ཟླ་༤བའི་ནང་ཆེད་དུ་ཟུལ་ཕུའི་དགོན་ཤུལ་དུ་མཇལ་དུ་སོང་བ་ཡིན།

     ཟུལ་ཕུ་དགོན་པ་ནི་ཆག་འཇིག་སོང་ནས་ལོ་ངོ་ཉིས་བརྒྱ་ལྷག་སོང་ཟིན་ཡང་ད་དུང་དགོན་ཤུལ་དེ་ནི་བློའི་ཡུལ་དུ་མི་ཤོང་བ་ཞིག་འདུག དེ་ནས་ང་ཚོས་གནས་བཤད་གནང་མཁན་སྦེ་སེར་དགོན་པའི་གྲྭ་པ་ས་གནས་ཟུལ་ཕུ་རང་ནས་ཡིན་པའི་ངག་དབང་འཇམ་དཔལ་ལགས་ལ་ཟུལ་ཕུ་དགོན་པའི་ཕྱག་འདེབས་པ་པོ་བཀའ་འདྲི་ཞུ་སྐབས་ཁོང་གིས་ཡོངས་འཛིན་དྲྭ་ཚུགས་སུ་བཀོད་ཡོད་པའི་ལོ་རྒྱུས་རྨ་ཚོའི་སློབ་མ་རྒྱ་འདུལ་འཛིན་གྱིས་ཕྱག་བཏབ་ཟེར་བ་ཡོངས་སུ་ནོར་འཁྲུལ་ཅན་ཞིག་བསྟན་སོང་།

      དེ་དུས་ང་ལ་ཡོངས་འཛིན་དྲྭ་བའི་རྩོམ་གྱི་སྤུས་ཚད་ལ་བློ་ཕམ་གྱི་ངང་ནས་ཁོང་ལ་དེབ་སྔོན་ནང་དུ་ཡོད་པའི་ཟུལ་ཕུའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་ཞུས་པ་ཡིན། དེ་ནས་ཁོང་གིས་ང་ལ་རྗེས་སུ་དུས་ཚོད་བྱུང་ན་ཟུལ་ཕུའི་ལོ་རྒྱུས་གསལ་བོ་ཞིག་འབྲི་རོགས་ཞེས་རྩོམ་སྐུལ་གནང་བ་དང་རང་ཉིད་ཀྱང་དེ་ཕྱོགས་ལ་མོས་པ་ཆེན་པོ་ཡོད་པའི་རྗེས་སུ་དཔེ་ཀློག་བྱེད་སྐབས་ཟུལ་ཕུའི་ལོ་རྒྱུས་ཀྱི་ཁུངས་ཀྱང་མང་པོ་མཐོང་བས་ཟུལ་ཕུ་དགོན་པའི་ལོ་རྒྱུས་མདོར་བསྡུས་ཤིག་འབྲི་བའི་ལས་ལ་འཇུག་པར་བྱ་བ་ཡིན་ལ་དེའི་ཚུལ་ནི།

      ཐོག་མར་སྐྱེས་བུ་དམ་པ་གང་གིས་ཕྱག་བཏབ་མིན་ལ་དཔྱད་པ། བར་དུ་བརྒྱུད་པ་གང་ཞིག་གིས་སྐྱོང་པ།   ཐ་མར་ཇི་ལྟར་ཆག་འཇིག་སོང་བའི་ཚུལ་དང་གསུམ་མོ། །དང་པོ་ནི་ས་སྐྱའི་མཁས་པ་ཨ་མེས་ངག་དབང་ཀུན་དགའ་དང་པཎ་ཆེན་བསོད་ནམས་གྲགས་པ་གཉིས་ཀྱིས་བྱ་འདུལ་བརྩོན་འགྲུས་འབར་གྱིས་ཕྱག་བཏབ་པར་གསུངས་ཀྱང་དོན་དངོས་དེ་ལྟར་མིན་ནམ་སྙམ་སྟེ། དེབ་ཐེར་སྔོན་པོ་༼༨༣༽ལས།དེ་རྗེས་ཟུལ་ཕུ་བཤད་གྲྭ་བཙུགས་ཞེས་པ་ལས་ཕྱག་བཏབ་པར་མ་གསུངས་པ་དང་དེ་བཞིན་དུ་དཔའ་བོ་གཙུག་ལག་འཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་༼༢༥༣༽ལས། ཟུལ་ཕུར་འདུལ་གྲ་བསྐྱངས་ཞེས་གསུངས་པས་བྱ་འདུལ་གྱི་སྔོན་ནས་ཟུལ་ཕུ་དགོན་བཏབ་ཟིན་པ་གསལ་བོ་ཡིན་པ་དང་།  རྒྱལ་བ་འཇམ་དཔལ་རྒྱ་མཚོས་མཛད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་༼༢༤༩༽ལས།འདུལ་འཛིན་ཆེན་པོ་གཟུས་རྡོ་རྗེ་རྒྱལ་མཚན་དང་རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས་དང་མདར་ཤཱཀྱ་ཡོན་ཏན་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་ཆོས་འཁོར་བསྐོར་བའི་བསྟི་གནས།    དམ་ཆོས་འདུལ་བ་འབྱུང་བའི་ཆུ་འགོ་ལྟ་བུར་གྱུར་པ་ཟུལ་ཕུའི་གཙུག་ལག་ཁང་ཞེས་གསུངས་པས་ཟུལ་ཕུ་བྱ་འདུལ་གྱི་སྔོན་གཟུས་རྡོ་རྗེ་རྒྱལ་མཚན་དང་རྒྱ་འདུལ་འཛིན་གྱི་དུས་སུ་ཡོད་པར་གསལ་བར་གསུངས་པས་ཕྱག་འདེབས་པ་བོ་བྱ་འདུལ་འཛིན་མིན་པ་གསལ་བར་གྲུབ་པོ།།

     འོ་ན་ཟུལ་ཕུ་དགོན་པ་ཕྱག་འདེབས་པ་པོ་སུ་ཡིན་ནམ་ཞེ་ན།དེ་ནི་ཨ་མེས་བླ་ཆེན་རྡོ་རྗེ་རྒྱལ་མཚན་གྱིས་ཕྱག་བཏབ་པ་ཡིན་ཏེ།སྟག་ཚང་ལོ་ཙཱ་བའི་ཡབ་སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་༼༢༦༦༽ལས།  ཨ་མེས་བླ་ཆེན་རྡོ་རྗེ་རྒྱལ་མཚན་བྱ་བ་ཞེས་ནས་དབུ་རུ་སྐྱིད་ཤོད་ཀྱི་ལུང་པར།   ཟུལ་ཕུ་གནས་གསར་གྱི་དགོན་པ་བཏབ།   ཞེས་བྱུང་བའི་ཟུལ་ཕུ་གནས་གསར་དགོན་པ་ནི་ཡོངས་གྲགས་འདུལ་བ་འཛིན་པའི་གདན་ས་ཟུལ་ཕུ་དགོན་པ་ཡིན་ཏེ།   གོང་གི་ལུང་ལས་དབུ་རུ་ཞེས་བཤད་པས་དབུས་གཙང་གཉིས་ཀྱི་ནང་ནས་དབུས་ཡིན་པ་དང་སྐྱིད་ཤོད་ཀྱི་ལུང་པར་ཞེས་བཤད་པས་ཟུལ་ཕུ་དགོན་པ་སྐྱིད་ཤོད་སྨད་ན་ཡོད་པས་ས་བབ་དང་ཡོངས་སུ་འགྲིག་ཅིང་མཁས་པ་གཞན་པས་ཀྱང་དེ་ཟུལ་ཕུ་དགོན་ཡིན་པར་བཤད་ཡོད་དེ།  བ་ཚབ་པ་ཟངས་དབང་འདུས་ཀྱིས་བྲིས་པའི་ལོ་རྒྱུས་ས་མིང་བརྡ་འགྲེལ་༼༥༦༥༽ལས།ཟུལ་ཕུ།  སྐྱིད་ཆུ་སྨད་ཀྱི་ཡུལ་ཞིག  ཟུལ་ཕུ་གནས་གསར་ཡང་ཟེར།  ཡི་གེ་མ་དག་པར་ཟུར་ཕུ་ཞེས་བྲིས་པ་འང་སྣང་ཞེས་བཤད་པས་ཟུལ་ཕུ་གནས་གསར་དགོན་པ་ནི་ཟུལ་ཕུ་དགོན་པ་ལ་ངོས་འཛིན་གནང་བ་དང་ཟུལ་ཕུ་གནས་གསར་གྲོང་ཡང་དེང་གི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཞང་གི་གྲོང་གསར་གྱི་ཕྱོགས་ཡིན་པར་གསལ་བར་བཤད་ནས་ཤེས་བྱེད་དུ་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་དྲངས་འདུག་པས་འཁྲུལ་ས་མེད་པ་འདྲའོ།།

     འོ་ན་བླ་ཆེན་རྡོ་རྗེ་རྒྱལ་མཚན་ཞེས་པ་སུ་ལ་ངོས་འཛིན་དགོས་སམ་ཞེ་ན། དེ་ནི་ཇོ་བོ་རྗེ་དང་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་གཉིས་ཀྱི་དངོས་སློབ་འདུལ་བ་འཛིན་པ་ཆེན་མོ་གཟུས་རྡོ་རྗེ་རྒྱལ་མཚན་ཡིན་པར་ངེས་ཏེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་ཐར་ལས། བསྟན་པ་ཕྱི་དར་ལ་དམ་པའི་ཆོས་འདུལ་བའི་ཕྱག་ལེན་དང་། བཤད་སྲོལ་སྤེལ་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་འདུལ་བ་འཛིན་པ་ཆེན་པོ་གཟུས་རྡོ་རྗེ་རྒྱལ་མཚན་དང་རྒྱ་འདུལ་འཛིན་ཆེན་པོ་དབང་ཕྱུག་ཚུལ་ཁྲིམས། མདར་ཤཱཀྱ་ཡོན་ཏན་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་ཆོས་འཁོར་བསྐོར་བའི་བསྟི་གནས། དམ་ཆོས་འདུལ་བ་འབྱུང་བའི་ཆུ་འགོ་ལྟ་བུར་གྱུར་པ་ཟུལ་ཕུའི་གཙུག་ལག་ཁང་ཞེས་གསུངས་པས་ཕྱག་བཏབ་པར་མ་གསུངས་ཀྱང་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་བྱིན་བརླབས་ཤིང་ཆོས་འཁོར་བསྐོར་བའི་བསྟི་གནས་ཞེས་བཤད་པ་དང་གཅིག རྒྱ་བོད་ཡིག་ཚང་ལས་ཕྱག་འདེབས་པ་པོ་བླ་ཆེན་རྡོ་རྗེ་རྒྱལ་མཚན་ཞེས་མཚན་གཅིག་པ་དང་གཉིས།   བླ་ཆེན་ཞེས་པ་བླ་ཆེན་དགོངས་པ་རབ་གསལ། བླ་ཆེན་འབྲོག་མི། བླ་ཆེན་འགོས་ཞེས་དུས་རགས་པ་མཚུངས་པའི་དེ་དུས་ཀྱི་དགེ་བཤེས་ཆེན་པོ་རྣམས་ལ་བླ་ཆེན་ཞེས་འབོད་སྲོལ་ཡོད་པ་དང་གསུམ།  ཟུལ་ཕུ་དགོན་པའི་རྟེན་རྙིང་ཕྱིས་སུ་ཡོངས་འཛིན་ཡེ་ཤེས་ཀྱིས་གདན་དྲངས་པའི་བཀའ་གདམས་ལི་སྐུ་ཐོག་ཚད་མ་གཉིས་པོ་དེ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་བཞེངས་པར་གསུངས་པ་བཞིས་བླ་ཆེན་རྡོ་རྗེ་རྒྱལ་མཚན་དེ་གཟུས་རྡོ་རྗེ་རྒྱལ་མཚན་ཡིན་པའི་སྒྲུབ་བྱེད་དུ་བཀོད་ནས་བསམ་གཞིག་ནན་ཏན་བྱས་ན་ལོ་རྒྱུས་སྟེང་གི་གསང་བ་ཆུང་ཆུང་ཞིག་ཕྱི་ལ་མངོན་ཡོང་གི་ཡོད་པ་འདྲའོ། ། 

      བར་དུ་འདུལ་འཛིན་པ་གང་ཞིག་གིས་བསྐྱངས་པ་ལ། སྐྱོང་ཚུལ་དངོས་དང་། རྟེན་ཇི་ལྟར་བཞུགས་ཚུལ་ལོ། དང་པོ་ནི། བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་གྱིས་ཟུལ་ཕུའི་བཤད་གྲྭ་བཙུགས་ནས་ལོ་དགུ་ལ་ཚོགས་པ་བསྐྱངས་པས་སློབ་མ་འགྲོ་བ་ལ་ཕན་ཐོགས་ནུས་པ་བདུན་ཅུ་རྩ་དྲུག་བྱུང་། དེ་ལྟར་བྱ་འདུལ་འཛིན་གྱིས་འདུལ་བ་སྤྱིའི་རྣམ་བཞག་དང་མདོ་རྩའི་འགྲེལ་བ་འཐད་ལྡན་ཆེན་མོ་དང་འོད་ལྡན་གྱི་འགྲེལ་བ་བཅས་བརྩམས་ནས་འདུལ་བའི་བསྟན་པ་རྒྱ་ཆེར་སྤེལ་ཞིང་རྒྱལ་པོ་དཔེ་དཀར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས། མཐར་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཞིང་གདན་ས་པ་བསྐོ་བ་སོགས་མ་མཛད་ཅིང་། དགུང་ལོ་བདུན་ཅུ་རྩ་དྲུག་ལ་ཟུལ་ཕུ་གཟིམས་ཁང་དུ་བྱའི་སྣག་དཔོན་རོག་ཆོས་ཀྱི་དབང་ཕྱུག་ལ་ཁྱོད་འདིར་བསྡད་ན་ཉེ་གནས་འདིས་ལེགས་པ་ཞིག་མི་བྱེད་པར་འདུག་པས་གཙང་དུ་སོང་ལ་རྩིབས་པ་འདུལ་འཛིན་ལས་འདུལ་བ་ལེགས་པར་སྦྱོངས་གསུངས་པ་ཞལ་ཆེམས་སུ་བཞག་ནས་ཟུལ་ཕུའི་གཟིམས་ཁང་དུ་སྐུ་གཤེགས། བྱ་འདུལ་འཛིན་གཤེགས་ནས་གསུམ་སོང་མཚམས་ཟུལ་ཕུའི་བཤད་གྲྭ་སྟོང་བ་ན། སྔར་གྱི་ཉེ་གནས་དེ་དབོན་པོ་ཆོས་དབང་གདན་འདྲེན་དུ་འོང་བས། དབོན་པོ་འགྲོར་མ་འདོད་ཀྱང་གཞན་ཆོས་གྲོགས་མང་པོས་ཐབས་ཀྱི་ཡིད་དམ་ལ་ཁ་ཞེས་པའི་ས་ཆ་ཞིག་ཏུ་ཕེབས་ཀྱང་དེར་ཁ་བ་ཆེན་པོ་བབས་ཏེ་སྟེ་བགྲོད་དཀའ་ན། བྱ་འདུལ་འཛིན་བུ་ཆེན་ལྕེ་འདུལ་འཛིན་ངུར་སྨྲིག་དགོན་པ་ན་འདུལ་བ་འཆད་པའི་སྐབས་ཡིན་པས་ཁོང་གིས་རྟ་ལ་བསྐྱོན་ཏེ་ཟུལ་ཕུར་ནན་གྱིས་བསྐྱལ། དེའི་ཚེ་ཟུལ་ཕུ་ན་གྲྭ་པ་རེ་གཉིས་ལས་མེད་པས་གྲྭ་པ་གཅིག་པུ་ལ་དུང་འབུད་མི་དགོས་ཀྱི་ཆོས་སྟན་དང་འདུལ་བ་ཁྱེར་ཤོག་ཅིག་གསུངས་པས་གྲྭ་པ་གཅིག་པུ་ན་རེ།    ཆོས་འདུལ་བ་འཆད་པ་ལ་དུང་འབུད་དགོས་ཟེར་ནས་དུང་འབུད་ཅིང་འཆད། ལོ་བཞི་ལྔ་ཙམ་གྱི་བར་དུ་གྲྭ་པ་རེ་གཉིས་ལས་མ་བྱུང་། ལོ་ལྔ་འདས་པ་ན་གྲྭ་པ་མང་པོ་ཕེབས་ཏེ་འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང་། བྱ་ཡི་སྣག་དབོན་རོག་ཆོས་ཀྱི་དབང་ཕྱུག་ནི་རོག་གི་གདུང་བརྒྱུད་ཡིན་པས་རོག་ཆོས་དབང་ནས་ཟུལ་ཕུ་རོག་གི་གདུང་བརྒྱུད་ཀྱིས་བཟུང་བར་འགོས་ལོས་དེབ་སྔོན་དུ་བཤད་ཅིང་།རོག་ཆོས་ཀྱི་དབང་ཕྱུག་ནས་མཁན་པོ་ཆོས་ཀྱི་དཔལ་བར་གྱི་མཁན་པོ་ལྔ་པོ་དེ་དབོན་པོ་བར་མ་ཆད་ཡིན་པར་མཁན་པོ་བྱང་ཆུབ་རིན་ཆེན་དཔལ་བཟང་པོའི་རྣམ་ཐར་ལས་གསལ་བར་གསུངས་སོ། ། 

     དེའི་དབོན་པོ་མཁན་པོ་ཆོས་ཀྱི་བྱང་ཆུབ་ན་བཟའ་འཕྲེད་གསོལ་ཞེས་པ་པཎ་ཆེན་ཤཱཀྱ་ཤྲི་ཡིས། བྱང་རྡོ་གཉིས་འདུལ་བ་བསླབ་ཏུ་མངག་ས་དེ་རེད་ལ་འགྲོ་མགོན་འཕགས་པའི་དགེ་ཚུལ་གྱི་སློབ་དཔོན་ཡང་རེད། ས་པཎ་གྱི་རྟོགས་བརྗོད་སྐལ་བཟང་ལེགས་ལམ་ལས། ཟུལ་ཕུ་དགོན་པ་ལ་འདུལ་འཛིན་འབུམ་ཕྲག་གི་གདན་ས་ཞེས་བསྔགས་བརྗོད་ཀྱང་མཛད་ཡོད།

    འགྲོ་མགོན་ཕག་མོ་གྲུབ་པ་ཡང་གནས་འདི་ནས་བསྙེན་པར་རྫོགས་ཤིང་འདུལ་བ་མདོ་རྩ་ལ་སློབ་གཉེར་མཛད་མྱོང་ཡོད།དེའི་དབོན་པོ་མཁན་པོ་ཆོས་ཀྱི་བརྩོན་འགྲུས། དེའི་དབོན་པོ་མཁན་པོ་ཆོས་གྲགས་རིན་ཆེན། དེའི་དབོན་པོ་མཁན་པོ་ཆོས་ཀྱི་དཔལ། དེའི་རྗེས་སུ་མཁན་པོ་བྱང་ཆུབ་རིན་ཆེན་དཔལ་བཟང་པོ། དེའི་རྗེས་སུ་རྗེ་རིན་པོ་ཆེ་ལ་ལམ་རིམ་ཆེན་མོ་རྩོམ་སྐུལ་ཞུ་མཁན་དཀོན་མཆོག་དཔལ་བཟང་པོ་བཅས་སོགས་མཁན་ཆེན་དག་གིས་བར་མ་ཆད་པར་བསྐྱངས་ནས་ཡོང་།

      གཉིས་པ་རྟེན་ཇི་ལྟར་བཞུགས་ཚུལ་ནི། གཙུག་ལག་ཁང་གི་དབུས་སུ་རྟེན་གཙོ་ཐུབ་པ་སྐུ་ཚད་ལྷ་སའི་ཇོ་བོ་ལས་མཐོ་ཙམ་ཡོད་པ་ཁྲི་རྒྱབ་ཡོལ་དང་བཅས་པ་དང་། ཐུབ་ཆེན་ལྷ་སའི་ཇོ་བོ་དང་ཚད་མཉམ་པ་གཅིག་དང་ཐུབ་སྐུ་ཆེན་མོ་གཉིས་དང་། གཟུས་རྡོ་རྗེ་རྒྱལ་མཚན་གྱིས་བཞེངས་པར་གྲགས་པའི་གདུང་རྟེན་བཀའ་གདམས་མཆོད་རྟེན་ལི་མ་ཐོག་ཚད་མ་གཉིས་བཅས་བཞུགས་པ་ཕྱིས་སུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཚེ་མཆོག་གླིང་དུ་གདན་དྲངས་པར་དེ་ཉིད་ཀྱི་རྣམ་ཐར་དུ་གསུངས་ཤིང་གཞན་ཡང་རྟེན་མཐའ་མེད་ཟུལ་ཕུའི་ཉེ་འཁོར་དུ་གནས་པའི་གྲོང་ཚོས་རྒྱ་གར་དང་བལ་བོ་ཚུན་ཆད་དུ་བཙོང་བ་དང་ཁྱེར་བ་སོགས་བྱས་པར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་དུ་གསུངས་སོ། །

     ཐ་མར་ཇི་ལྟར་ཆག་འཇིག་སོང་པའི་ཚུལ་ནི། ལོ་རྒྱུས་དང་ཆོས་འབྱུང་གང་དུ་ཡང་ཟུལ་ཕུ་དགོན་པ་འཇིག་ཚུལ་དང་འཇིག་རྐྱེན་གསལ་བོ་ཞིག་གཏན་ནས་མཇལ་མྱོང་མེད་པས་ཁུངས་ལྡན་ཞིག་ཞུ་ཐབས་བྲལ་མོད། འོན་ཀྱང་ཡུལ་དེ་གའི་གྲོང་གསེབ་ཀྱི་ངག་རྒྱུན་ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་འབབ་མི་དཀྱུས་མ་ཞིག་ལ་བརྫུས་ནས་ཟུལ་ཕུ་དགོན་པ་དང་ཉེ་འདབ་ཀྱི་གྲོང་གསེབ་དུ་གསང་བའི་སྒོ་ནས་ཕེབས་པ་རེད་ཟེར། དེ་དུས་དགོན་པའི་གྲྭ་པ་ཁག་གཅིག་གྲོང་ཆོག་ལ་སོང་ནས་ལོག་ཡོང་བའི་སྐབས་སུ་ཆར་བ་ཆེན་པོ་ཞིག་བབས་ནས་རྡོ་དང་ས་ཐོ་སོགས་ཆུས་ཁྱེར་འགྲོ་བའི་སྐབས་སུ་རོག་པ་གཞན་ཞིག་གིས་ཕར་གི་ན་ཆུས་ག་རེ་ཁྱེར་འགྲོ་གིན་ཡོད་རེད་ཅེས་བཤད་དུས་གྲོགས་ཟླ་བོ་དེས་སྡེ་སྲིད་མགོ་ལེབ་ཁོའི་མགོ་ཐོ་ཆུས་ཁྱེར་འགྲོ་བཞིན་ཡོད་རེད་ཅེས་བཤད་པ་རེད་ཟེར། དེ་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཉེ་འཁོར་དུ་ཆར་ཡིབས་བྱས་ནས་བསྡད་པས་གོ་སོང་བ་རེད་ཟེར། སྡེ་སྲིད་ཤིན་ཏུ་ཁྲོས་ནས་ཟུལ་ཕུ་དགོན་པར་སྐེ་ཐག་གི་ཆད་པ་བཅད་པ་རེད་ཟེར། སྐེ་ཐག་གི་ཆད་པ་ཞེས་པ་གྲྭ་པ་རེ་རེ་བཞིན་ཨང་བྱང་བཟོས་ནས་གྲྭ་པ་གཤེགས་པ་དང་སྐྱ་སར་བབ་པ་སོགས་གང་བྱས་ཀྱང་ཤུལ་དུ་གྲྭ་པ་གཅིག་ཀྱང་བཞག་མི་ཆོག་པའི་ཆད་པ་ཞིག་ལ་ཟེར། དེས་རྐྱེན་གྱིས་ཟིལ་ཕུ་དགོན་ཆེན་དེ་རིམ་གྱིས་ཉམས་སོང་བ་རེད་ཅེས་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ་དེ་འདྲ་བཤད་བཞིན་འདུག

     ཁྱད་མཚར་པོ་ཞིག་ལ་རྒྱལ་མཆོག་ལྔ་པ་ཆེན་མོ་དགུང་ལོ་ཞེ་བདུན་སོགས་ཀྱི་སྐབས་སུ་ཟུལ་ཕུ་དགོན་པ་གསང་ཕུ་དབྱར་ཆོས་ལ་ཞུགས་པ་དང་ལྔ་པ་ཆེན་མོ་དེ་ཕྱོགས་སུ་ཕེབས་དུས་སེར་སྦྲེང་བསྒྲིགས་པ་སོགས་རྣམ་ཐར་དུ་ཀུ་ལའི་གོས་བཟང་དུ་གསུངས་པ་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་དུས་སུ་ཟུལ་ཕུ་དགོན་པ་ཞིག་ནས་ཐུབ་ཆེན་གཉིས་ཀྱི་གཟུངས་མཇུག་ཡང་ཕྱི་རོལ་དུ་ཐོན་པ་སོགས་དགོན་པ་དེ་ཡོངས་སུ་ཉམས་ཟིན་པའི་སྐོར་གསལ་བོར་ཡོད་པས་ཟུལ་ཕུ་ཉམས་པའི་རྒྱུ་རྐྱེན་གཞན་ཡང་ཡོད་སྲིད་མོད། འོན་ཀྱང་དུས་ཚིགས་གོང་འོག་འགྲིག་ལུགས་ལ་བརྟག་ན་ངག་རྒྱུན་དེ་ཁུངས་གཏན་མེད་པ་ཞིག་མིན་པ་འདྲ་སྙམ་མོ། །

འདི་བྲིས་ལེགས་བྱས་དངོས་པོ་གང་མཆིས་པས། ། ཚེ་རབས་ཀུན་ཏུ་དམ་ཆོས་འདུལ་བ་ཡི། །བཅས་པའི་མཚམས་ལས་ནམ་ཡང་མི་འདའ་བར། ། ཐོས་བསམ་སྒོམ་པའི་དཔལ་གྱིས་འཚོ་བར་ཤོག།

       ཟུལ་ཕུ་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་སྤྱི་ལོ་༢༠༢༤ལོའི་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཏེ་ལྷ་བབས་དུས་ཆེན་ཉིན་མགོ་ལོག་གཙང་སྐོར་ཞོལ་མ་དགོན་གྱི་བཤད་གྲྭ་འཇམ་དཔལ་སྒྱུ་འཕྲུལ་གླིང་གི་ཡང་སྟེང་དུ་ལི་ཐང་རབ་གསལ་དུ་འབོད་པས་སྦྱར་བའོ།།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!




卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章