དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་རྣམ་ཐར།

文摘   2024-11-26 10:03   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


༄༅། ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བའི་ཆ་ཤས་ཀྱི་ཡང་ཤས་བརྗོད་པ་སྐལ་ལྡན་བསོད་ནམས་ཞིང་གི་མཆོད་པ་ཞེས་བྱ་བ་བཞུགས་སོ། །


 

         

 

༧ ཚོགས་གཉིས་དགེ་འདུན་བླ་མ་ལྷག་པའི་ལྷས། །    

རྗེས་བཟུང་བྱིན་རླབས་ཟབ་རྒྱས་བདུད་རྩིའི་རྒྱུན། །

གདུལ་བྱ་རྒྱ་མཚོར་བརྩེ་བས་འདོམས་མཛད་པ། །

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །

         

 

  དེ་ཡང་མི་བསྲུན་གདུག་པའི་གོ་མཚོན་དྲག་པོ་མཁའ་རུ་འཕྱར་ཡང་སྙིང་རྗེ་འོད་ཟེར་ཀུན་ཏུ་འཕྲོས་པའི་དུས་ངན་སྙིགས་མའི་བྱང་ཆུབ་སེམས་དཔའ། བསླབ་པ་གསུམ་གྱི་ཡོན་ཏན་མངོན་པར་མཐོ་ཞིང་དབང་ལུང་མན་ངག་གཏེར་དུ་གྱུར་པའི་སྨྲ་བའི་དབང་ཕྱུག་ཆེན་པོ།  རྒྱལ་བའི་གསང་གསུམ་ཡོན་ཏན་གཅིག་ཏུ་བསྡུས་པའི་ངུར་སྨྲིག་ཟློས་གར་འཛིན་པ།  བསྟན་པའི་རྒྱལ་མཚན་ཕྱོགས་མཐར་སྤེལ་བའི་ཡོངས་ཀྱི་བཤེས་གཉེན་ཆེན་པོ། མཚན་གྱིས་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། ༧རྗེ་བཙུན་དགེ་འདུན་རྒྱ་མཚོ་དཔལ་བཟང་མཆོག་ནི་རབ་རྒྱལ་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ༡༩༣༢ལོར།  ས་ལ་དགེ་བཅུ་མ་ལུས་ཚང་ཞིང་སྲིད་ཞིའི་དགེ་མཚན་གྱིས་སྐྱེ་འགྲོའི་རེ་བ་ཅིག་ཅར་སྐོང་བ་ཡུལ་སྟོད་སོག་བཱེ་སི་ཞེས་བྱ་བ་རུ་ཐེ་ཇུའི་ཐམ་རྟགས་ཀྱི་ཆོ་ལོ་ཐོབ་པའི་ཁྱིམ་དུ་ཡབ་དཀོན་མཆོག་སྐྱབས་དང་ཡུམ་ལྷ་མོ་གཉིས་ལ་སྲས་སྲས་མོ་བཞི་ཡོད་པའི་གསུམ་པར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་ཁོང་རིན་པོ་ཆེའི་སྐྱེས་ལྷ་ནི་ད་ལྟའི་རྨ་ལྷོ་སོག་རྫོང་གི་རྨ་ཉིན་བཀྲ་ཤིས་དེའུ་ཡག་བྱ་བ་དེ་ཡིན།    

སྐྱེས་ལྷ་བཀྲ་ཤིས་དེའུ་ཡག་གི་དབྱར་དགུན་གྱི་རྣམ་པ། 

   དགུང་ལོ་ལྔ་བ་སྟེ་སྤྱི་ལོ༡༩༣༧ལོར་པཎ་ཆེན་སྣང་བ་མཐའ་ཡས་སྐུ་འཕྲེང་དགུ་བ་རྗེ་བཙུན་ཆོས་ཀྱི་ཉི་མ་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དུས་འཁོར་དབང་ཆེན་གནང་བར་མཇལ་ཏེ་ཕྱིར་རང་ཡུལ་ལ་ལོག་པའི་ལམ་བར་ནས་རིང་མིན་ཆོས་ཀྱི་དགའ་ཚལ་ལ་མངོན་པར་རོལ་བའི་རྟགས་དང་མཚན་མ་མང་དུ་བསྟན།

དགུང་ལོ་དྲུག་པ་སྟེ་སྤྱི་ལོ༡༩༣༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཨ་ལགས་རིན་པོ་ཆེ་རྗེ་བཙུན་བླ་མ་དམ་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་ལས་རབ་བྱུང་དང་ཚུགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས།  ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཨ་ཁུ་སངས་རྒྱས་རྒྱ་མཚོ་བ་གནས་དང་ཀློག་གི་སློབ་དཔོན་དུ་བསྟེན་ཏེ།  ཅི་གསུངས་བཀའ་བཞིན་བསྒྲུབས་ཤིང་། ཁྱད་པར་རྗེ་དེ་ཉིད་དགུང་ལོ་དོན་དགུའི་ཐོག་སྐུ་སྙུང་བཞེས་སྐབས་སུ་ཁོང་རིན་པོ་ཆེ་དགུང་ལོ་བརྒྱད་ཙམ་ལས་མེད་ཀྱང་།  གང་ནུས་ཅི་ལྕོགས་ཀྱིས་གསོལ་ཇ་འདྲེན་པ་དང་དྲི་ཆེན་དྲི་ཆུ་ཕྱག་གིས་སེལ་བ་སོགས་བཤེས་གཉེན་གང་ཐུགས་ཟིན་པའི་བསྙེན་བཀུར་དང་སྲི་ཞུ་གང་ལེགས་ལེགས་གནང་། ཁོང་གིས་ང་ལ་བྱ་བ་ལམ་འགྲོ་རེ་འབྱུང་གིན་ཡོད་པ་འདི་ཆུང་དུས་བླ་མ་བསྟེན་ཚུལ་ལེགས་པ་དང་ཁྱད་པར་དུ་ཨ་ཁུ་སངས་རྒྱས་རྒྱ་མཚོ་ཚང་ལ་གཙང་བཙོག་དང་དཀའ་ཚེགས་ཀྱི་སྣང་བ་མེད་པར་ཕྱག་གཡོག་རེ་བྱས་པའི་རྒྱུ་རྐྱེན་གྱིས་ཡིན་ཞེས་ཕྱིས་སུ་གསུངས།  ཁོང་ཨ་ཁུ་སངས་རྒྱས་རྒྱ་མཚོ་བ་སྐུ་གཤེགས་ནས་དགུང་ཞག་རིང་བོ་མ་ལོན་པའི་དུས་གང་ཙ་ལ།  ཁོང་རིན་པོ་ཆེ་ཐུགས་ཁོང་དུ་ཆུད་དེ་བཙུགས་ཤིང་ར་བར་ཕེབས་པའི་སྐབས་སུ།  གུང་ཐང་རིན་པོ་ཆེ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གིས་ཁོང་སྡོང་མགོར་ཡར་བཀྱགས་ཏེ་ཨ་ར་པ་ཙའི་ལུང་གནང་སྟེ་བརྩེ་བའི་ཐུགས་ཀྱིས་ཟིན་པར་བྱས་སོ། །    

   ཁོང་ཨ་ཁུ་སངས་རྒྱས་རྒྱ་མཚོ་ཚང་སྐུ་གཤེགས་རྗེས། མཁས་བཙུན་བཟང་གསུམ་གྱིས་ཡོངས་སུ་ཕྱུག་པའི་དགེ་བཤེས་གསུང་རབ་རྒྱ་མཚོ་བ་སྐུ་མྱ་ངན་ལས་འདའ་རག་དབར་དུ་ཞབས་རྡུལ་སྤྱི་བོར་བླངས་པས་ཐུགས་ཟིན་གྱི་ཉེ་གནས་དམ་པར་གྱུར་ཏོ། ། ཞེས་གསུངས།    

   བདེ་ཐང་མཁན་ཆེན་རྗེ་བཙུན་ཆོས་ཀྱི་ཉི་མ་མཆོག་གི་དྲུང་ནས་བསླབ་པ་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་ནས་དམ་ཚིག་སྤྱན་འབྲས་བཞིན་དུ་སྲུང་བར་མཛད། 

  དགུང་ལོ་ཉེར་དྲུག་པ་སྟེ་ནག་ཕྱོགས་རྡུལ་གྱི་རླུང་ནག་གང་སར་འཚུབ་པའི་དུས་འགྱུར་དམངས་གཙོའི་བཅོས་སྒྱུར་ལ།  ཁོང་རིན་པོ་ཆེ་ཡང་གྲྭ་དམངས་བྱིངས་དང་འདྲ་བར་རྐྱེན་ངན་བགེགས་ཀྱི་མཚན་མ་མང་དུ་བྱུང་སྟེ། རོང་ངར་ས་ཆའི་གནས་སུ་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག   ཤི་གསོན་གྱི་ཁྲུན་ཐག་ཆོད་པར་དཀའ་བའི་དུས་ཚོད་གང་མང་ཉིན་ཐོག་ཉིན་དང་ཟླ་ཐོག་ཟླས་ཕར་ལ་བསྐྱལ།  དུས་གང་ཤེད་ལ། སྐབས་དེའི་ཐོན་སྐྱེད་ཀྱི་མགོ་བ་མཱ་ཧྲོའུ་ཅུ་ཟེར་བ་ཞིག་གིས་བསང་ཁོག་སྒར་སྐོར་དུ་ཡོད་པའི་ཁོང་གི་ཚ་བོ་ཨ་རྡོ༼ ཨ་རྡོ་སྔོ་མགོ ༽ལ་བརྡ་བཏང་སྟེ། ཁྱོད་ཚང་གི་ཨ་ཁུ་གཤེགས་ལ་ཉེ་བས། བེམ་པོ་ལེན་དུ་སོང་ན་ཟེར་བར།   ཁོ་རང་དེ་འཕྲལ་སྨན་རྟ་ཞིག་ཡོད་པ་ཞོན་ནས་རོང་ངར་ཕྱོགས་ལ་གཟས་ཏེ་སོང་། དེར་འབྱོར་དུས་ས་ཡང་རུབ་ལ་ཉེ། འགྲམ་གྱི་གྲོག་ཤུར་མང་བོའི་ནང་དུ་བེམ་པོའི་སྟེང་ལ་བེམ་པོས་བཀང་སྟེ་མིག་གིས་བལྟ་མི་ཕོད་པ་དང་སེམས་ཀྱིས་བཟོད་མི་ཚུགས་པ་ལྟ་བུ་བྱུང་། གཞུང་ཁང་ངམ་ཁང་ཆེན་གང་ཞིག་ཏུ་ཤི་གསོན་གཉིས་ཀ་ལྷན་དུ་གནས་ཤིང་ཨ་ཁུ་ཁོང་རིན་པོ་ཆེ་ཡང་དེ་དག་གི་དབུས་སུ་བཞུགས། ཕལ་བའི་ཤའི་མིག་གིས་བལྟས་ན། སྐུ་ཉམས་ཞན་པ། གསུང་གདངས་ཆག་པས་སྙིང་ཚ་ཧང་ངེ་བ་ཞིག་བྱུང་།  དེ་འཕྲལ་ཕྱིར་འབྲོ་ཕེབས་ཞུས་པ་ན། ཁོང་གིས་ད་ནི་ས་ཡང་རུབ་འདུག  སང་ཞོགས་སོང་ན་འགྲིག་ཅེས་གསུངས་པས། དེ་མུར་བཀའ་ལན་ལྡོག་མ་ཐུབ་པར་བསྡད་ཙམ་བྱུང་མོད།  སེམས་ནས་སྐད་ཅིག་ཙམ་ཡང་འདུག་མི་བཟོད་པ་བྱུང་། མཚན་དཀྱིལ་ཙམ་ལ།  ཁོང་རིན་པོ་ཆེ་ལ་ཨུ་ཚུགས་མཐའ་ནན་བྱས་ཏེ་ལམ་ལ་ཆས། སྐུ་ལྕོགས་ཆེར་མི་ཐུབ་པར་སྔ་སྐྱོར་ཕྱིར་སྐྱོར་བརྒྱབ། ཐུལ་བ་ཞིག་གི་ཁུད་ལྕུ་གུས་བསྡམས་ཏེ་རྟའི་གོང་ལ་ཆིབས།   མདའ་མེད་ལུང་རྒན་སོགས་བརྒྱུད་དེ་བསང་ཁོག་ལ་སླེབས་དུས་རྒྱང་མིག་ཆད་ལ་ཉེ།  སྐབས་དེར་ཁོང་རིན་པོ་ཆེས་ཨ་རྡོ་རྟའི་འཕོངས་ལ་ཅིས་ཀྱང་ཞོན་གསུངས་པར། ཨ་རྡོས་ན་བཟའ་སོགས་འགོམ་ཉེས་འབྱུང་བར་ལབ་ཀྱང་།  ད་ནི་འཆི་བའི་འགག་སྒོར་སླེབས། དེ་འདྲའི་སྐབས་མིན་པས་མགྱོགས་མྱུར་ངང་ཡུལ་དུ་སླེབས་ན་བཟང་ཞེས་བསང་ཁོག་ཏུ་ཐོག་མར་ཕེབས་པའི་རྣམ་ཐར་གྱི་ས་བོན་ཙམ་ཞིག་གོ། །    

   སྤྱི་ལོ༡༩༦༢ལོར། ཆོས་སྒོ་ཏབ་ཅིག་ལ་ཕྱེས་པར་ཕྱིར་རང་དགོན་བཀྲ་ཤིས་འཁྱིལ་བར་ཕེབས། སྤྱི་ལོ༡༩༦༣ལོར་ཡང་བསྐྱར་ཆོས་སྒོ་བརྒྱབ་པས་བླ་བྲང་དགོན་པའི་ཉེ་འཁོར་ཡས་མས་སུ་གསང་སྟབས་ཀྱིས་ཞུགས་ཏེ་ཐོས་བསམ་གྱི་རྒྱུན་མ་ལྷོད་པ་གནང་།    

   དགུང་ལོ་སོ་དྲུག་པ་སྟེ་སྤྱི་ལོ༡༩༦༨ཡས་མས་སུ་བསང་ཁོག་གི་ཧྲེ་གྲལ་ལ་ཞུགས་ཏེ་སྒར་སྐོར་འདམ་ཤར་གྱི་ཨ་རྡོ་ཚང་ཞེས་པའི་ཁྱིམ་ཚང་དུ་བཞུགས།

  ལོ་དེའི་བཅུ་བའི་ལྔ་མཆོད་ཀྱི་ཞོགས་པར། འདབ་ལྡན་ཁ་བ་དཀར་བོས་ས་ཆེན་མ་མའི་ལྟོ་བ་ཡོངས་སུ་བཀླུབས་ཏེ་དཀར་ལམ་ལམ་བྱེད་ཅིང་མི་རྣམས་དགའ་བའི་ཉམས་སྣང་བཅོས་མིན་དུ་སྟེར།  ཁོང་རིན་པོ་ཆེ་ཞབས་ཐང་དུ་སྒོར་ཕེབས་ཏེ་ད་ནི་རྟེན་འབྲེལ་མ་བསྒྲིགས་ལྷུན་འགྲིག་རེད་གསུངས་པ་ཁོང་གི་ཉེ་གནས་ཀྱི་མི་རྣམས་ཀྱིས་དངོས་སུ་ཐོས་པ་ཕྲན་གྱིས་ཡི་གེར་བཀོད་པ་ལས་བློ་བཟོའི་ཆའི་དྲི་མ་ཙམ་ཡང་མི་མངའོ། །

གསུང་འདི་ཙམ་ལས་ཀྱང་རྗེས་སོར་གྱི་བྱ་བ་མཐའ་དག་རྗེན་པར་གཟིགས་ཀྱང་ད་རུང་ཡང་ང་འདྲའི་བླུན་པོ་ལུག་མགོ་ཅན་དག་མིག་ཟུང་ལོང་ཏོག་གིས་བསྒྲིབས་པ་ཡ་ཆ།

   མགོན་པོ་གང་ཉིད་བཞུགས་སའི་ཁྱིམ་ཚང་འདི་མ་ཟད། སྡེ་ཚོ་གང་དག་ཐམས་ཅད་ཀྱང་འཚོ་བ་ངན་ངོན་དང་ཚ་གྲང་ལྟོགས་སྐོམ་མྱོང་།  ཁོང་གྲང་ངར་ཤིན་ཏུ་ཆེ་བའི་དགུན་ཟླ་གང་དུའང་ཅོག་རས་ཤིག་ཏུ་བཞུགས་ཏེ་ཚོགས་བསགས་སྡིག་སྦྱོང་གི་ལས་ཤ་སྟག་འབད།     

   ལོ་དེའི་དཔྱིད་ཀ་ལ། གྲྭ་བ་བློ་བཟང་རྒྱ་རག་སོགས་སྐོར་ཞིག་ཡོང་སྟེ་ལྐོག་ཏུ་ཁོང་རིན་པོ་ཆེ་སྐུང་སའི་ཕུ་རིང་ལ་གཏིང་ཟབ་པའི་ས་ཕུག་རིང་མོའི་ཁང་གཞིས་ཞིག་ལས། དེའི་ནང་དུ་ཆོས་དཔེ་སྣ་ཚོགས་བཞུགས།  ངོས་ཤིང་ལེབ་སོགས་ཀྱིས་བཅད། དེར་འདམ་བག་བྱུག  སུས་བལྟས་ཀྱང་མི་ཤེས་པའི་ཚོད་དུ་བྱས།  མདུན་དུ་མི་གཅིག་ཙམ་ལས་མི་ཤོང་བའི་གཟིམ་ཤག་ལྟ་བུའི་སྤྱིལ་བུ་བསྐྱིལ། ལྐོག་ཏུ་མཆོད་མེ་ཕུལ་ས་ཞིག་ལས།  དེའི་འཁྲིས་སུ་ཁོང་གི་ཉེ་གནས་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བློ་བཟང་རྒྱ་མཚོ་ཚང་བཞུགས་པ་སོགས་ནི།  ཇི་སྐད་དུ། རྟེན་འབྲེལ་ལྟས་ཀྱི་རྣམ་པ་དང་། ། མགོ་མཛད་ལྷ་ཡི་བརྡ་རྟགས་ལས། ། བསོད་ནམས་ལྡན་པའི་མི་རྣམས་ཀྱིས། ། དུས་སུ་བྱ་བ་རྩོམ་པར་བྱེད། ། ཞེས་གསུངས་པ་ལྟར་རོ། །    

  སྐབས་དང་སྐབས་སུ་སྔོན་ཐོན་པ་སྐོར་རེ་སླེབས་ནས་ཁོང་ལ་ལྟ་རྟོག་བྱེད་སྐབས། ཁོང་གི་ཞབས་སྒྱིད་ལ་སྒོག་སྔོན་བྱུགས་ཏེ་བཞེངས་མི་ཐུབ་པའི་ཟོལ་བསྟན། དངོས་གནས་དྲང་གནས་ཤ་རྗིད་རུལ་བའི་མདོག་ཅི་ཡང་མངོན། ཞོ་འཐུང་བྱིས་པ་ཚུན་ཆོད་ལ་འདྲི་བརྩད་བྱས་ཀྱང་རྫུན་ཞབས་རྡོལ་མཁན་གཅིག་ཀྱང་མ་བྱུང་བས། དེ་དག་ཀྱང་རློམ་པར་བྱས་པས་སླད་མར་ལྟ་རྟོག་པ་ཉུང་ནས་ཉུང་དུ་ཕྱིན། དོན་དུ་ངོ་མཚར་ཐུན་མིན་གྱི་རྣམ་ཐར་བརྗོད་དུ་དཀའ་བ་ཞིག་ཡིན་མོད། འདིར་ཐུན་མོང་བ་དབང་བཙན་པར་བྱས་ཏེ་གླེང་བའོ། །

དེ་ལྟར་ཉིན་མཚན་འཁོར་མོ་ཡུག་ཏུ་དཔེ་གཟིགས་དང་སྒྲུབ་པ་མཉམ་བཞེས་མཛད་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་ཕྱག་ཕྱིར་དགོངས་པའི་བརྩོན་པའི་གོ་ཆ་བརྟན་པོ་ལྷུར་གྱིས་བཞེས།    

         

 

དུས་འགྱུར་སྐབས་སྒྲུབ་པ་ཉམས་ལེན་གནང་སའམ་སྐུང་ས། 

    ཉིན་ཞིག  ཁྱི་ཚོགས་ཀྱིས་སྲེ་མོང་ཞིག་བདའ་འདེད་ཀྱིས་སྡེ་དཀྱིལ་དུ་འོང་བ་ན། སུས་ཀྱང་སྐྱོབ་མ་ཐུབ་པར་གཟིགས་ཏེ་ཁོང་ཉིད་རིངས་སྟབས་ཀྱིས་སྲེ་མོའི་སྟེང་མཆོངས་ཏེ་སྨད་གཡོགས་འོག་ཏུ་བཅུག  མདུན་གྱི་ཨ་རྡོ་ཟེར་བ་ལ། ཁྱོད་རང་མདའ་མགོ་མདུང་མགོ་མི་སྐྲག་ཟེར་མཁན་ཞིག  འདི་འདྲའི་སྲོག་ཆགས་ཉམ་ཆུང་ཞིག་ལ་སྐྲག་གམ་གསུངས་ཏེ་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ་སྲེ་མོང་དེ་ཐག་རིང་ཐག་རིང་གི་གནས་སུ་བསྐྱལ།  དེ་མིན་ཁྱི་དང་ཞི་ལ་ཚུན་ཆོད་ཉམ་ཐག་འགྲོ་བ་ཀུན་ལ་ཁྱད་མེད་དུ་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་སྟེ་བསྔོ་བ་སྨོན་ལམ་གསུངས་པ་བདེན་པ་དང་གནས་ལུགས་ཤིན་ཏུ་བརྩི་བའི་རྒན་པོ་བསང་གི་རབ་བརྟན་ཟེར་བའི་མི་སྐྱ་མཁས་པ་དེས་གཅིག་མིན་དུ་མར་བཤད་པ་གུས་པ་ཕྲན་གྱི་རྣ་བར་ཡང་ཡང་ལྷུང་ངོ་། །    

   མགོན་པོ་གང་ཉིད་སྡེ་དེར་བཞུགས་པའི་ཚེ།  རུ་སྐོར་དེ་གའི་རྒན་གཞོན་མཐའ་དག་གིས་ཁོང་ལ་གསོལ་ཆུ་ལེན་པ། འབུད་རྒྱུ་འཐུ་བ་སོགས་ཞབས་ཏོག་གང་ལྷག་བསྒྲུབས།  གསོལ་ཆུ་ནི་ཆུ་མགོ་ཡར་འཁྱིལ་ཟེར་བ་ནས་ལེན། རུ་བ་དབྱར་སར་སྤོར་དུས་ཀྱང་། ཨ་རྡོའི་ཆུང་མ་བསོད་ནམས་སྐྱིད་ཟེར་བ་སོགས་ཤུལ་དུ་ལྷགས་ཏེ་ཁོང་རིན་པོ་ཆེ་ལ་གསོལ་ཇ་གསོལ་ཆུ་དྲངས་པའི་ལོ་རྒྱུས་སྣང་།  ལྷག་པར་སྔོན་ཐོན་དག་རྩད་གཅོད་ལ་སླེབས་ཚེ།  དགེ་རྡོ་ཟེར་བ་སོགས་ཀྱིས་མཚོན་པའི་རྒན་པོ་དག་གིས་རང་གི་སྲོག་ལ་མ་འཛེམ་པར་དཔེ་ཆ་གླུམ་རོགས་བྱས་པའི་ངོ་མཚར་བའི་གཏམ་རྒྱུད་ཀྱང་མོད།  སྟབས་ཀ་གང་ཡོད་ལ།  ཁོང་རིན་པོ་ཆེས་ལྐོག་ཏུ་རྗེ་བློ་བཟང་རྒྱ་མཚོ་ཚང་དང་ངག་དབང་བདེ་ལེགས་རབ་རྒྱས་ཚང་སོགས་གཟུར་གནས་མཁས་པ་དམ་པ་དག་ལ་དབུ་མ་ཕར་ཕྱིན། འདུལ་བ་སོགས་ཟབ་ཆོས་ཀྱི་བདུད་རྩི་ཕངས་མེད་སྩལ་བ་ན་དད་པའི་པད་ཚལ་ཆེས་ཆེར་བཞད།

    ཁོང་གི་ཞལ་ནས། རྣམ་བཤད་སྙིང་བོའི་རྒྱན་འདིའི་བཤད་ལུང་གི་རྒྱུན་སྔོན་ཨ་ལགས་རིན་པོ་ཆེའི་མཆོད་དཔོན་ཨ་ཁུ་རིན་པོ་ཆེ་དགེ་འདུན་རྒྱ་མཚོའི་དྲུང་ནས་རང་གི་ཆེད་གཉེར་གྱིས་ཞུས་ཏེ་ཐོབ་པ་ཡིན། དེ་ཡང་འགྲིག་ལམ་ཧ་ཅང་བཙན་དུས། རིག་གནས་གསར་བརྗེའི་སྐབས་སུ་བསང་ཁོག་གི་ཧྲེ་ནང་ན་ཡོད་དུས། ཨ་ཁུ་ཚང་བསང་ཁོག་གི་རུ་བཀལ་ནས་འབྲོག་ཏུ་སོང་ཤུལ་དུ་གདན་དྲངས་ཏེ། དེ་ནས་ཁོང་གིས་གནང་བ་དེ་འདྲ་རེད། རྣམ་བཤད་སྙིང་བོའི་རྒྱན་གྱི་བཤད་ལུང་གི་རྒྱུན་ཧ་ཅང་དཀོན་པོ་ཡིན༼ རྣམ་བཤད་སྙིང་བོའི་རྒྱན་གྱི་བཤད་ལུང་གི་སྒྲ་ཐག་ལས ༽ ཞེས་གསུངས་པ་ལྟར་ཁོང་གིས་ཀྱང་དགེ་བའི་བཤེས་གཉེན་དག་གི་མདུན་ནས་ཐོས་བསམ་གསན་སྦྱང་མཛད་དེ་ཡང་དར་བསྟན་པའི་ཉི་མ་ཕྱོགས་མེད་ཀུན་ཏུ་འཕྲོ་བའི་ཡིད་ཆེས་དང་ཐུགས་སྤོབས་བླ་མེད་བརྟས་པ་ལེགས་པར་མཚོན་ནུས་སོ། །    

གསོལ་ཆུ་ལེན་ས་ཆུ་མགོ་ཡར་འཁྱིལ་གྱི་ད་ལྟའི་རྣམ་པ། 

    སྐབས་དང་སྐབས་སུ། མཚན་དཀྱིལ་ཙམ་ལ་ཁོང་གི་གཟིམ་ཤག་སྤྱིལ་བུ་རུ་འོད་ཤར་སེར་རྒྱུ་བ་མང་མང་གིས་ཆོས་སྐྱོང་རྒྱུ་བ་རེད་ཟེར།  དོན་དུ་ཡང་ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་གཡེལ་མེད་དུ་སྒྲུབ་པའི་མངོན་རྟགས་སུ་སྨྲ་ཆོག་ཀྱང་བདག་འདྲའི་ཕལ་བ་དག་གིས་དཔོག་པར་མི་ནུས་པས་རྣམ་ཐར་དུ་སེམས་སོ། །    

དེ་ལྟར་ལྟོ་རྒྱབ་གོས་ཧྲུལ་དང་སྐུ་ངལ་ཁྱད་བསད། ཉིན་མཚན་ཐོ་ཐག་ཏུ་དཔེ་གཟིགས་དང་བསགས་སྦྱངས་མཉམ་བཞེས་གནད་དུ་བསྣུན་པ་སོགས་དོན་ལྡན་ལས་ཀྱི་འཁོར་ལོ་རྣམ་པར་བསྐོར།  འགྲིག་ལམ་ཅུང་ཙམ་ལྷོད་གཡེང་གི་སྐབས་སུའང་སྒོར་ཕེབས་པ་མཐོང་དཀོན་པའི་ཚུལ་ཏེ་ཟབ་དོན་ཆོས་ཀྱི་བདུད་རྩི་ལ་ངོམས་མེད་རིང་དུ་མཛད། དེ་ཡང་ཇི་སྐད་དུ།  ཐོས་པ་རྫོགས་པར་བྱེད་པ་ཤེས་རབ་སྟེ། ། བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། ། བསྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ཡིན། ། དེ་ལས་དངོས་གྲུབ་བླ་ན་མེད་པ་ཡི། ། བློ་དང་ལྡན་པས་འདི་ལྟར་བསམས་ནས་ནི། ། ཐོག་མར་ཐོས་པའི་དོན་ལ་འབད་པ་ཡིས། ། རྟག་ཏུ་བརྩོན་པར་བྱེད་པ་གང་ཡིན་པ། ། དེ་ཡི་ལག་ཏུ་དངོས་གྲུབ་ངེས་པར་ཐོབ། ། ཅེས་གསུངས་པ་དེ་ལྟ་དེ་ལྟར་ཁོ་ནའོ། །

   དགུང་ལོ་ཞེ་བདུན་པ་སྟེ་སྤྱི་ལོ༡༩༧༩ལོར་སྒྲིག་ལམ་ཅུང་ཙམ་ལྷོད་པ་དང་བསྟུན་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས། ཁཱ་ཁྲེ༼ སྐྱེལ་འདྲེན་རླངས་འཁོར ༽ནང་དུ་དཔེ་ཆ་སྒྱེ་ཆེན་པོ༡༢་འདྲུད་པ་ད་ལྟ་ཡང་ཁོང་གི་གཟིམ་ཤག་ཏུ་བཞུགས་སྐད།    

    ཇི་ལྟར་རླུང་ནི་འགྲོ་བ་དང་། ། འོང་བས་ཤིང་བལ་དབང་བསྒྱུར་བ། ། དེ་བཞིན་སྤྲོ་བས་དབང་བསྒྱུར་ཏེ། ། དེ་ལྟ་ན་ནི་འགྲུབ་པར་འགྱུར། །ཞེས་པ་དང་། འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ། ། གཡུལ་ངོར་རལ་ཁ་ལྷགས་པ་བཞིན། ། ཉོན་མོངས་མཚོན་ལས་གཟུར་བྱ་ཞིང་། ། ཉོན་མོངས་དགྲ་རྣམས་གཞོམ་པར་བཏག ། ཅེས་གསུངས་པ་ནང་བཞིན་ནོ། །

    ད་ནི་གཟིགས་བདེ་ཕྱིར། ཁོང་གི་རིན་པོ་ཆེའི་ལོ་རྒྱུས་རྣམ་ཐར་གྱི་ས་བོན་ཐར་ཐོར་རྣམས་དཀྱུས་གཅིག་ཏུ་གུང་བསྒྲིགས་ཏེ་བཤུས་པ་དགོད་པར་བྱ་བ་སྟེ།

   ༡༩༨༠ལོ་སྟེ་ལྕགས་ཕོ་སྤྲེལ་ལོར་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དང་། རྗེ་བཙུན་དགེ་འདུན་རྒྱ་མཚོ་དང་། རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ཞལ་སྔ་ནས་གསུམ་གྱིས་ཟླ་གཅིག་ལྷག་ལ་བླ་བྲང་གི་དཔེ་རྙིང་འཐོར་བ་དག་ལེགས་སྒྲིག་གནང་།

   ༡༩༨༣ལོར་མཛོད་དགེ་སྒར་རྙིང་དགོན་པའི་འདུས་སྤྱི་ནས་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ལ་ཡང་ཡང་ཞུས་ངོར། ཁོང་གིས་སྐྱབས་མགོན་རིན་པོ་ཆེ་ལ་ཞུས་པ་དང་འབྲེལ་སྒར་རྙིང་དགོན་པར་ཆོས་འབྲེལ་ཐོག་མར་ཞུས།

    ༡༩༨༧ལོར་པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་ལྟར་ནང་བསྟན་མཐོ་རིམ་སློབ་གླིང་དུ་དགེ་རྒན་གནང་།

   མེ་ཡོས་ལོ་སྤྱི་ལོ་༡༩༨༧ལོར་མཛོད་དགེ་སྒར་སར་དགོན་པས་ཆོས་འབྲེལ་ཐོག་མར་ཞུས་ཏེ། ཁོང་གིས་སྐྱབས་ཁྲིད་རྒྱས་པར་གནང་།    

   ༡༩༨༩ལོར་རྡོ་རམས་པའི་དམ་བཅའ་བཞག  གདན་ས་བཀྲ་ཤིས་འཁྱིལ་བའི་རྒྱུད་པའི་ཁྲི་བར་བཞུགས།

  ༡༩༩༡ནས་༡༩༩༣ལོའི་དབར་རྗེ་གུང་ཐང་བསྟན་པའི་དབང་ཕྱུག་གི་ཁྲི་ཚབ་ཏུ་བཞུགས།

   ལྕགས་ལུག་ལོ་སྟེ་སྤྱི་ལོ༡༩༩༡ལོའི་ཟླ༩པར་རྗེ་འདི་བ་དང་དཔོན་སློབ་བདུན་གཏེར་ལུང་སྒར་དུ་གདན་དྲངས། ཚེས་ཉེར་ལྔ་ནས་ཉིན་གསུམ་ལ་འོད་དཔག་མེད་ཀྱི་ལྷ་ཁང་རྟེན་བརྟེན་པ་བཅས་གསར་བཞེངས་ལེགས་འགྲུབ་ལ་སྨད་རྒྱུད་པའི་ཕྱག་བཞེས་བཞིན་གསང་འདུས་ཀྱི་སྒོ་ནས་རབ་གནས་ཆེན་པོ་ཕུལ།  རྗེ་འདི་བ་དང་བསེ་རིན་པོ་ཆེ་རྣམ་གཉིས་ལྷ་ཁང་སྟེང་ཤོད་དུ་གསོལ་ཇ་ལྷན་དུ་བཞེས་པ་དང་ཐུགས་སྣང་གཤིན་པའི་གསུང་གླེང་དམར་བ་མཛད། ཕྱི་དྲོར་ཁོང་རྣམ་གཉིས་བླ་བྲང་དུ་ཕེབས་ཏེ་ཀུན་མཁྱེན་མཆོག་ལ་མཇལ་ཏེ་བཀའ་དྲིན་ཞུས།

    ༡༩༩༢ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན་ལ། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཡོངས་རྫོགས་བསྟན་པའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་ཚང་དང་།  རྗེ་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་རྣམ་གཉིས་ཀྱིས་དབུ་བྱས་པའི་ཧོར་གཙང་ཁྲི་སྤྲུལ་འཇིགས་མེད་གྲགས་པ་རྒྱ་མཚོ་མཆོག་དང་། ཟམ་ཚ་ཚང་གི་ཡང་སྲིད་མཆོག་སོགས་སྟོན་འཁོར་མང་བོ་འདི་ཕྱོགས་སུ་ཤིང་སློང་དུ་ཆིབས་བསྒྱུར་གནང་།   ཚེས་བཅུ་ལ་གནས་ཁང་དུ་ཚོགས་འཁོར་ཕུལ་ཅིང་།   རྗེ་དགེ་འདུན་རྒྱ་མཚོ་མཆོག་དགོན་ནང་དུ་ཕེབས་ཏེ་གྲྭ་ཚང་ལ་འཇམ་དཔལ་མཚན་བརྗོད།   འཇམ་དབྱངས་གང་བློ་མ།   རྟེན་འབྲེལ་བསྟོད་པ་སོགས་ཀྱི་ལུང་གནང་།     

     ༡༩༩༣ལོའི་ཟླ་དྲུག་པར་གདན་ས་བཀྲ་ཤིས་འཁྱིལ་བའི་ཚོགས་ཆེན་ཁྲི་བར་བཞུགས།

   ༡༩༩༣ལོར། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་གསོལ་བ་ཡང་ཡང་བཏབ་པར་བརྟེན། རྒྱལ་ཟླའི་ཚེས་ལྔ་ལ་གཏེར་ལུང་དུ་ཕེབས་པར་བསྙེན་བཀུར་བླ་མེད་ཞུས་ཐོག  ཚེས་དྲུག་ཉིན་ནས་བཅུ་བཞིའི་སྔ་དྲོའི་བར།  བསེ་མཆོག་སྤྲུལ་རིན་པོ་ཆེ་གཙོས་རྔ་བའི་ཨ་ལགས་འཇམ་པོ་ཚང་སོགས་ཕྱོགས་འདུས་ཀྱི་ཉན་མཁན་སོ་གཉིས་ལ།  འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གནང་། ཚེས་བཅོ་ལྔའི་སྔ་དྲོར། འགྲེལ་བའི་མཇུག་བསྡུས་ཏེ་རྒྱུད་གཏད་བླ་མ་རྒྱུད་མཆོག་གནང་། ཕྱི་དྲོར་མཁའ་སྤྱོད་མའི་སིན་དྷུ་རའི་དབང་གནང་།

རབ་གནས་ཤིང་ཁྱི་ལོ་སྟེ་སྤྱི་ལོ༡༩༩༤ལོའི་ཧོར་ཟླ༤ཚེས་༡༧ཉིན་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགེ་འདུན་སྟོང་ཕྲག་ཉེ་བ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བདུན་སྒྲུབ་དང་འབྲེལ། ཚོགས་ཆེན་འདུ་ཁང་ཆེན་པོའི་རྟེན་དང་བརྟེན་པ་བཅས་ལ་རབ་གནས་མཛད།    

     ལོ་དེའི་ཧོར་ཟླ་བརྒྱད་པའི་ཚེས་ལྔ་ཉིན་ལ་འདུ་ཁང་ལེགས་འགྲུབ་དགའ་སྟོན་གྱི་ཚོགས་འདུར་ཕེབས།

སྤྱི་ལོ༡༩༩༦ལོའི་ཟླ་དྲུག་པར་གདན་ས་བཀྲ་ཤིས་འཁྱིལ་བའི་ཚོགས་ཆེན་ཁྲི་ཟུར་གནང་།

   སྤྱི་ལོ༡༩༩༦ལོའི་ཟླ༦པའི་ཚེས་༡༡ཉིན།  གཏེར་ལུང་དགོན་དུ་གདན་འདྲེན་ཞུས་པར། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དང་ཨ་ལགས་གླིང་རྒྱ་ཚང་སོགས་བླ་གྲྭ་ཉི་ཤུ་ལྷག་ལ། ཚེས་༡༢ཉིན་ནས་བཟུང་ཉིན་རེར་ཆོས་ཐུན་གཉིས་སུ་བྱས་ཏེ་ཉིན་དང་བོ་གཉིས་ལ་གསང་བསྐྱེད་དངོས་གྲུབ་རྒྱ་མཚོའི་བཤད་ལུང་།  དེ་ནས་ཉིན་གསུམ་ལ་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཟབ་བཤད་གནང་། ཚེས་བཅུ་བདུན་དང་བཅོ་བརྒྱད་ཉིན། གྲྭ་ཚང་ལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་དང་ལུས་དཀྱིལ་གྱི་དབང་།  སེང་གདོང་གཙོ་འཁོར་གསུམ་གྱི་རྗེས་གནང་བཅས་སྩལ་བ་མནོས་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་རྟེན་གསུམ། ན་བཟའ་ཆ་ཚང་། དམངས་སྒོར་ཇ་ཆེན་བཅས་ཕུལ།

   སྤྱི་ལོ༡༩༩༧ལོའི་ཟླ༨པའི་ཚེས༥ཉིན། གཙོས་དགོན་པའི་གཟིམ་ཆུང་དུ་གདན་དྲངས་ནས་གསོལ་ཇ་དྲངས། བསེ་ཚང་རིན་པོ་ཆེས་ཕྱག་དང་ལྷ་དར་ཕུལ།

   སྤྱི་ལོ༡༩༩༧ལོའི་ཟླ༨པའི་ཚེས༥ཉིན། ཨ་ཁུ་རྡོ་རྗེ་འཆང་སྐུ་འཁོར་དང་བཅས་མཛོད་དགེ་སྒར་རྙིང་དགོན་དུ་ཕེབས།    

   རབ་བྱུང་བཅུ་བདུན་པའི་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བ་༡༩༩༦ལོར་དམ་པ་ཁོང་དགོན་མཛོད་དགེ་སྒར་སར་དུ་ཕེབས་ནས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གནང་། ད་དུང་ལོ་དེར་འཇམ་དཔལ་ཞལ་ལུང་དང་། བླ་མ་རྒྱུན་མཆོད་ཀྱི་ཁྲིད་སོགས་གནང་། ལམ་རིམ་བསྡུས་དོན། བློ་སྦྱོང་ཚིགས་བརྒྱད་མའི་བཤད་ལུང་། གསོལ་འདེབས་དབང་གི་རྒྱལ་བོའི་ཕྲེང་མཛེས། འཇམ་དབྱངས་གང་བློ་མ། དམིགས་བརྩེ་མ། ཨ་ར་པ་ཙ། ཀུན་མཁྱེན་སྐུ་ཕྲེང་དྲུག་པ་མཆོག་གི་གསོལ་འདེབས། རབ་འབྱམས་གསུང་རབ་མ་སོགས་ཀྱི་ལུང་གནང་།

༡༩༩༦ལོ་སྟེ་འཛིན་བྱེད་ཅེས་པ་མེ་བྱི་ལོར། རྗེ་འདི་བ་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་གི་ཁྲིར་བཞུགས་ནས་ལོ་གསུམ་ལ་བསྐྱངས། ཁོང་གིས་དགོན་འདིར་མཚན་ཉིད་གསར་འཛུགས་དང་ཁྲིར་བཞུགས་ནས་ཐོག་མར་གྲྭ་ཚང་ཡོངས་རྫོགས་འཛིན་གྲྭ་གསུམ་དུ་བགོས། ༧ ཨ་ལགས་རིན་པོ་ཆེའི་རྩོད་ཡིག་ལྟར་ལོ་གསུམ་རེ་སོང་མཚམས་འཛིན་གྲྭ་འཕར་རྒྱུ་སོགས་ཐུགས་བཀོད་ཞིབ་རྒྱས་གནང་བས་ད་ལྟ་བསྡུས་གྲྭ་འཛིན་གྲྭ་གཉིས། རྟགས་རིགས་འཛིན་གྲྭ། གཞུང་སར། སྐབས་དང་བོ། ཕར་ཕྱིན་འཛིན་གྲྭ། དབུ་མ་འཛིན་གྲྭ། མཛོད་འཛིན་གྲྭ་བཀའ་རམས་བཅས་འཛིན་གྲྭ་དགུ་ཁ་ཚང་འདུག ཁོང་གིས་འདིར་དབང་རྗེས་གནང་། ཁྲིད་བཤད་ལུང་། དཔེ་ཁྲིད་བཅས་གནང་ནས་གཟིགས་སྐྱོང་ཚད་མེད་མཛད། གདན་ས་འདིར་དུས་གཅིག་ལ་བསྒྲུབ་བྱ་ཉི་ཤུ་ལྷག་ལ་བསྙེན་རྫོགས་བསྒྲུབས་ནས་བསྟན་པ་རྫོགས་པར་མཇལ་བའི་སྐལ་བ་ཅན་དུ་བྱས། མ་ཟད་འཇིགས་བྱེད་བསྙེན་ཆེན་ལ་བཞུགས་ཐུབ་ནི་ཡོད་ན་བཟང་གསུངས་པས་ཨ་ཁུ་དགེ་ལེགས་དང་ཚུལ་ཁྲིམས། འཇིགས་མེད། དཀོན་མཆོག་བཅས་འཇིགས་བསྙེན་ཆེན་པོར་བཞུགས། དུས་ཚིགས་རེར་འཇིགས་བྱེད་དཔའ་གཅིག་གི་མཚམས་ལ་བཞུགས་ནས་ལུས་བཞིའི་སྦྱིན་སྲེག་ལྡུག་རྒྱུའི་གསུང་བཀོད་དང་སྒྲིག་ལམ་རྟིང་བསྐུལ་ནན་མོར་གནང་བར་མ་ཟད་ཁྲི་བ་དང་དགེ་རྒན་མངག་གཏོང་ཐད་ལའང་ཐུགས་ཁུར་བླ་ལྷག་གནང་ངོ་། །    

   དབང་ཕྱུག་ཅེས་པ་མེ་མོ་གླང་གི༡༩༩༧ལོར་ཁོང་ཡང་བསྐྱར་མཛོད་དགེ་སྒར་སར་དུ་ཕེབས་ནས་ལོ་གྱོན་མའི་རྗེས་གནང་དང་། ལྷ་མོ་རིག་བྱེད་མའི་རྗེས་གནང་། ཐེག་ཆེན་གསོ་སྦྱོང་གི་ལུང་སོགས་གནང་།

   རབ་གནས་ས་ཡོས་ཏེ་སྤྱི་ལོ༡༩༩༩ལོའི་ཧོར་ཟླ༨པའི་ཚེས༣ཉིན། རྗེ་འདི་བ་དང་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་གྲགས་པ་རྒྱ་མཚོ། རྗེ་བློ་བཟང་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་བོ་དང། དགེ་འདུན་པ་སྟོང་ཕྲག་ལྷག་གིས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱང་ཆུབ་མཆོད་རྟེན་ཆེན་པོ་མཐོང་དོན་ལྡན་ལ་ཁྲུས་གསོལ་ཕུལ། ཚེས༦ནས་རྗེ་འདི་བ་དང་ཆོས་སྡེ་འདིའི་ཁྲི་ལས་ཐོག་པ་རྗེ་བློ་བཟང་རྒྱ་མཚོ་རྣམ་གཉིས་གཙོས་དགེ་འདུན་པ་བརྒྱ་ཕྲག་ལ་ཉེ་བས་དཔལ་རྡོ་རྗེ་འཇིགས་བྱེད་དང་འབྲེལ་ཏེ་བྱང་ཆུབ་མཆོད་རྟེན་ཆེན་པོར་རབ་གནས་རྒྱས་པ་ཕུལ། ཉིན་དེའི་ཕྱི་དྲོར།  ཁོང་རིན་པོ་ཆེས་དགེ་འདུན་པ་ཡོངས་ལ་རྟེན་འབྲེལ་བསྟོད་པའི་བཤད་ལུང་དང་། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་། ཧྭར་བ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཅས་ཀྱི་ལུང་།    

   རབ་གནས་ཆུ་རྟ་སྟེ་སྤྱི་ལོ༢༠༠༢ལོའི་ཧོར་ཟླ་༥བའི་ཚེས་༡༣ཉིན་ནས་ཧོར་ཟླ་༦པའི་ཚེས་༡༢དབར། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་ནང་ནས་སྒོ་མང་དགོན་གྱི་བླ་གྲྭ་ཡོངས་རྫོགས་གཙོས་དགོན་ཁག་མང་བོ་ནས་ཕེབས་པའི་དགེ་འདུན་ཤིན་ཏུ་མང་བོར་མི་ཏྲ་རྡོར་ཕྲེང་གི་དབང་ཆ་ཚང་དང་། ཚེས་གསུམ་ནས་ཚོགས་ཆེན་འདུ་ཁང་ཆེན་པོའི་ནང་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། ཚེས་བཞིའི་ཉིན་ནས་མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ། ཆོས་རྒྱལ་ཕྱི་སྒྲུབ། ལྷ་མོ།  རྣམ་སྲས་སེར་ཆེན། རྡོར་སེམས་རྒྱུད་སྡེ་འོག་མའི་ལུགས་བཅས་ཀྱི་རྗེས་གནང་བཅས་སྩལ།  ཟླ༦པའི་ཚེས་བཅུ་བདུན་ཉིན་ཨ་ལགས་ཧྭར་བ་རིན་པོ་ཆེས་སྒོ་མང་དགོན་མདོ་སྔགས་བཤད་སྒྲུབ་གླིང་གསར་དུ་བཙུགས་པའི་མགོན་དུ་ཡང་ཁོང་ཉིད་ཕེབས་ཤིང་བྱང་ཆུབ་ལམ་རིམ་ཆེན་པོའི་དབུ་ནས་ལུང་སྡེ་སྡོད་གསུམ་ལ་མཁས་པར་འགྱུར་རོ་ཞེས་པའི་དབར་གནང་།

    ༢༠༠༠ལོའི་ཧོར་ཟླ༤བའི་ཚེས༡༥ཉིན།  ཀླུ་ཚང་དགོན་དུ་ཕེབས་ཏེ་ཚེས༡༩ནས་འཇིགས་བྱེད་དབང་སྟ་གོན་དང་། ཚེས༢༠ཉིན་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་། ཚེས༢༡ཉིན་ནས་དཔལ་གསང་བ་འདུས་པའི་དབང་། ཚེས༢༢ཉིན་ནས་ཟླ༥པའི་ཚེས༣བར་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་ཞིབ་ཏུ་གནང་ནས་རྗེས་སུ་འགྲེལ་དབང་། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་གནང་།    

  ༢༠༠༠ལོའི་སྟོན་ཁར། བླ་བྲང་གི་ཧོར་གཙང་ཚང་གི་ནང་ཆེན་ནས་བླ་བྲང་དགོན་པའི་གྲྭ་བ་རྣམས་གཞིར་བྱས་ཕྱོགས་ཡས་མས་ནས་ཕེབས་པའི་སློབ་གཉེར་བ་དང་། ཆེད་དུ་ཕེབས་པ་བཅས་དགེ་འདུན་པ་མང་བོ་ལ་སྔོན་འགྲོ་འཁྲིད་ཆེན་བཞིའི་འཁྲིད་ཉིན་དྲུག་ལ་གནང་། ཉིན་དང་བོ་དང་གཉིས་པ་ལ་བསྟན་པའི་སྒྲོན་མེའི་སྐྱབས་ཁྲིད་དང་། ཉིན་གསུམ་པར་བླ་མ་མཆོད་པ་བདེ་སྟོང་དབྱེར་མེད་མ། ཉིན་བཞི་བ་དང་ལྔ་བར་མཎྜལ་འཁྲིད་ཡིག་དཔག་སམ་སྙེ་མ།ཉིན་དྲུག་པར་རྡོར་སེམས་སྒོམ་བཟླས་བཅས་ཀྱི་འཁྲིད་གནང་བ་དང་།  ཉིན་དྲུག་པའི་རྡོར་སེམས་སྒོམ་བཟླས་ཀྱི་རྗེས་སུ་ཀུན་མཁྱེན་གསུང་འབུམ་གྱི་ལྗགས་ལུང་གནང་བའི་དབུ་བཙུགས་ཏེ་རྣམ་ཐར་བཀའ་རྩོམ་གྱི་ལུང་བཅས་གནང་བའོ། །

   ལྕགས་འབྲུག་ལོ་སྟེ་༢༠༠༠ལོའི་ལོ་སར་ཚེས་ལྔ་ལ། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་རྗེ་འདི་བ་ལ་ལོ་སར་ཕུལ་ནས་གཏེར་ལུང་དགོན་པའི་འདུ་ཁང་གསར་བའི་རབ་གནས་ཀྱི་མགོན་དུ་ཕེབས་རྒྱུའི་སྙན་གསན་ཞུས་པར་ཞལ་བཞེས་བཟང་བོ་ཐོབ།    

   ༢༠༠༠ལོའི་ཟླ་དགུ་བའི་ཡར་ཚེས་ལ།  རྗེ་འདི་བ་དང་བླ་བྲང་རྒྱུད་སྨད་པའི་དགེ་སློང་རྡོ་རྗེ་འཛིན་པ་བཅུ་བཅས་གཏེར་ལུང་དུ་ཕེབས་པར།  གྲྭ་ཚང་གི་སེར་སྦྲེང་དང་བསེ་མཆོག་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་གིས་ལྷ་དར་ཕུལ་བའི་མུར་བསུས་ཏེ་གཟིམ་ཁང་དུ་གསོལ་ཇ་བཞེས་གྲོ་བཞེས་འབྲས་སོགས་དྲངས། གུང་ཚིགས་སྐབས་རྣམ་པ་གཉིས་ཀྱིས་བཞེས་པ་ལྷན་བཞེས་གནང་ཞོར་ལུགས་གཉིས་ཀྱི་གསུང་གླེང་ཞིབ་རྒྱས་གནང་། འདུ་ཁང་ཆེན་པོའི་སྟེང་འོག་བར་གསུམ་ཐམས་ཅད་བདེ་བླག་ངང་ལེགས་འགྲུབ་བྱུང་བར།  ཚེས་གསུམ་ནས་མཚུངས་མེད་ཆོས་ཀྱི་རྗེ་ཨ་ཁུ་རིན་པོ་ཆེས་སློབ་དཔོན་མཛད་དེ་སྨད་རྒྱུད་པའི་དགེ་སློང་རྡོ་རྗེ་འཛིན་པ་བཅུ་བཅས་ཀྱིས་དཔལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་བླ་བྲང་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ལྟར་གཟབ་རྒྱས་ཀྱི་ལུགས་སུ་ཉིན་གསུམ་ལ་གནང་སྟེ་དམ་ཚིག་པ་ལ་ཡེ་ཤེས་པ་དངོས་སུ་བསྟིམས་ཤིང་བྱིན་རླབས་མི་ཟད་གཏེར་གྱི་ཕུང་བོར་བསྒྲུབས།

    ལྕགས་སྦྲུལ་༢༠༠༡ལོའི་ཧོར་ཟླ་བཞི་བའི་ཚེས་གསུམ་ལ་མཚུངས་མེད་ཆོས་ཀྱི་རྗེ་ཨ་ཁུ་རིན་པོ་ཆེ་མཆོག་ཆེད་གཉེར་གྱིས་གཏེར་ལུང་སྒར་དུ་གདན་དྲངས་པར་བསུ་བཀུར་རྒྱ་ཆེན་པོ་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ཐོག་གསོལ་བ་རྩེ་གཅིག་ཏུ་བཏབ་པར་བརྟེན།  བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་བ་སྦས་དོན་ཀུན་གསལ་གྱི་བཤད་ལུང་ཉིན་གསུམ་ལ་ཆོས་ཐུན་གཉིས་རེ་བྱས་ཏེ་རྒྱས་པར་གནང་། ཚེས་བདུན་ནས་བཅུ་གསུམ་བར་ཨ་ཁུ་རིན་པོ་ཆེ་རྗེ་ཤེས་རབ་རྒྱ་མཚོའི་ཟིན་བྲིས་སྟེང་ནས་དཔལ་གསང་འདུས་དང་འཇིགས་བྱེད་བསྐྱེད་རྫོགས་ཀྱི་དམར་ཁྲིད། མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་ཁྲིད། རིག་བྱེད་མའི་རྗེས་གནང་། རྣམ་སྣང་མངོན་བྱང་གི་དབང་དང་། གསང་བདག་འཁོར་ཆེན་གྱི་དབང་བཅས་གཏེར་ལུང་གི་དགེ་འདུན་པ་ཡོངས་དང་སེར་སྐྱ་བརྒྱ་ཕྲག་འགའ་ལ་དགྱེས་བཞིན་གནང་། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་རྟེན་གསུམ། དངོས་འབུལ་སྤམ་མཐོ་བ་བཏེགས།    

    སྣྲོན་ཟླའི་ཚེས་གཅིག་ལ། འཇམ་མགོན་བསྟན་པའི་མངའ་བདག་ཁོང་ཨ་ཁུ་རིན་པོ་ཆེ་གཏེར་ལུང་དགོན་དུ་གདན་དྲངས་པའི་དྲུང་ནས། ཉིན་བདུན་གྱི་རིང་ལ།  རྗེ་ཤེས་རབ་རྒྱ་མཚོའི་གསུང་བདེ་མཆོག་བསྐྱེད་རྫོགས་ཀྱི་དམར་ཁྲིད་སྨིན་རྒྱས་དང་། སྡེ་ཁྲི་ཚང་གི་དུས་འཁོར་བསྐྱེད་རིམ་གྱི་བཤད་ལུང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ།  ཀྱཻ་རྡོར་ཐོད་པ་ཅན་ལྷ་དགུའི་དབང་། སྒྲོལ་ལྗང་།  ཁྱུང་ཁྲ།  ཇོ་ལུགས་ཛམ་དཀར་ལྷ་ལྔ་གསུམ་གྱི་རྗེས་གནང་བཅས་བསེ་རིན་པོ་ཆེ་བློ་བཟང་དཔལ་ལྡན་ཚང་དང་།  འཇམ་པོ་ཚང་། དགོན་ཁག་དུ་མ་ནས་ཕེབས་པའི་དགེ་བཤེས་དང་གཏེར་ལུང་དགོན་པའི་གྲྭ་ཚང་ལ་གནང་།    

   ༢༠༠༢ལོའི་ཟླ་བདུན་པའི་ཚེས་ལྔ་ནས་བཅུ་གཅིག་བར་ཀླུ་ཚང་དགོན་དུ། ལམ་རིམ་ཆེན་མོའི་བཤད་ལུང་དང་། རྟེན་འབྲེལ་བསྟོད་པ། ལམ་རིམ་བསྡུས་དོན། རྟོགས་བརྗོད་འདུན་ལེགས་མ་བཅས་ཀྱི་ལུང་གནང་།

སྣ་ཚོགས་ཞེས་པ་ཆུ་ཕོ་རྟ་ཡི་༢༠༠༢ལོའི་ཟླ༤བའི་ཚེས༢༠ཉིན་མཛོད་དགེ་སྒར་སར་དགོན་དུ་བྱོན་ནས། ཀུན་རིག་གི་དབང་དང་། མགོན་ཆོས་ལྔའི་རྗེ་གནང་། དམ་ཅན་རྗེས་གནང་། ཚེ་དབང་སོགས་གནང་། ལོ་དེར་རུ་སྟོད་མར་བདེ་གསང་འཇིགས་གྱི་དབང་གནང་བར་ང་ཚོའི་གྲྭ་ཚང་ཕེབས།

   ༢༠༠༣ཆུ་མོ་ལུག་ལོའི་ཧོར་ཟླ་༧པའི་ཚེས་༡ཉིན་རྙེ་དགོན་བཤད་སྒྲུབ་དགེ་འཕེལ་དར་རྒྱས་གླིང་དུ་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་བོའི་བཤད་ལུང་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་ཚང་གི་གཞི་གསུམ་ཆོ་གའི་བཤད་ལུང་གནང་། 

   རབ་གནས་ཆུ་ལུག་སྟེ་སྤྱི་ལོ༢༠༠༣ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ནས་ཉེར་བཞིའི་དབར་དུ་རྗེ་འདི་བས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཉིན་ལྔ་ལ་སྔ་ཕྱི་དྲོར་ཆོས་ཐུན་གཉིས་ཀར་ཆུ་ཚོད་གཉིས་རེར་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་བོའི་བཤད་ལུང་ཆ་ཚང་སྩལ།    

   ཉི་མ་ཞེས་པ་ཆུ་མོ་ལུག་གི་༢༠༠༣ལོའི་ཟླ་༤བའི་ནང་མཛོད་དགེ་སྒར་རྙིང་དགོན་ནས་སྔགས་ཀྱི་སྤྱི་དོན་གནང་སྟེ་གྲྭ་ཚང་སྤྱི་ལ་ཆོས་འབྲེལ་ཐོབ།

   ༢༠༠༤ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཀའ་འགྱུར་གྱི་བཀླགས་ལུང་གནང་།

   རབ་གནས་མེ་ཁྱི་སྟེ་སྤྱི་ལོ༢༠༠༦ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ནས་ཉིན་བཞི་ལ་སྒོ་མང་ཚོགས་ཆེན་འདུ་ཁང་དུ་རྗེ་འདི་བས་འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་བོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་མའི་ལུང་དང་། དེ་ནས་དེའི་རྒྱ་ཆེར་འགྲེལ་བ་བསྟན་པའི་དེ་ཉིད་སྣང་བའི་བཤད་ལུང་དང་། ཚེས་བཅོ་ལྔའི་ཉིན་རྒྱལ་ཀུན་སོར་རྟོག་མའི་ལུང་གནང་།

    ཤིང་བྱ་ལོ་སྟེ་སྤྱི་ལོ༢༠༠༥ལོའི་ཟླ་༥ཚེས་༡༨ཉིན། ཡང་བསྐྱར་གཏེར་ལུང་དགོན་དུ་གདན་དྲངས། ཆེད་དུ་ཡང་ཡང་གསོལ་བ་བཏབ་པའི་ངོར། ཚེས༡༩ཉིན་ནས་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དང་། ཆས་པའི་གཤིས་དགེ་བཤེས་བསྟན་འཛིན།  མཛོད་དགེ་སྐལ་བཟང་སྦྱིན་པ་གསུམ་ལ་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་དང་འཇམ་དབྱངས་དཀར་པོའི་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་གསང་རྒྱ་དམ་པོའི་ངང་སྩལ། གཏེར་ལུང་གྲྭ་ཚང་བཅས་ལ་རིག་བྱེད་མ་གསང་སྒྲུབ་ལྷ་ལྔ། རིག་བྱེད་མ་ཕྱི་སྒྲུབ་ལྷ་གཅིག་མའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་།  རྣམ་སྲས་ཀྱི་རྗེས་གནང་སྩལ།    

   ༢༠༠༦ལོར་ཨ་མཆོག་མཚན་ཉིད་དགོན་དུ་ཕེབས་ནས་སྔགས་རིམ་ཆེན་མོའི་བཤད་ལུང་གནང་།

   ༢༠༠༦ལོའི་ཧོར་ཟླ༨པའི་ཚེས༡༧ཉིན་ཁོང་ཉིད་ཁ་གྱའི་སྒར་རྙིང་དུ་ཕེབས་ཏེ་འདུ་ཁང་ནས་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ། ཚེ་ལྷ་རྣམ་གསུམ་གྱི་གཟུངས། རིག་གསུམ་མགོན་པོའི་གཟུངས། དྲག་པོ་གསུམ་སྒྲིལ་སོགས་ཀྱི་ལུང་གནང་། ཕྱི་དྲོ་འགྱང་རོའི་བླ་བྲང་དུ་ཡོན་ཏན་གཞིར་གྱུར་མའི་ཁྲིད་དང་གང་སེར་མ། ཕྱོགས་བཅུའི་མུན་སེལ། དཔུང་རྒྱན། ཁ་མཆུ་ཞི་མདོ་སོགས་ཀྱི་ལུང་གནང་ཚར་ནས་གྲྭ་ཚང་ལ་མཇལ་ཁ་གནང་།

   ཁོང་གིས་རྗེའི་ལྷ་ཁང་དུ་བཀའ་འགྱུར་གྱི་བཀླགས་ལུང་གནང་དུས་དགེ་བའི་བཤེས་གཉེན་པོ་རྗེ་འཇམ་དབྱངས་རྒྱ་མཚོས་མཆོག་ཆེད་དུ་མདུན་དུ་ཕེབས་ནས། ད་ཁྱེད་ཚང་དགུང་ལོ་མཐོ་བ་དང་སྐུའི་བབས་ཀྱིས་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་གནང་རྒྱུ་མི་ལྕོགས་པས།  བློ་བཟང་རྒྱ་མཚོ་ལ་གནང་དུ་བཅུག་ན་གསུངས་པར། ཁོང་གིས། འོ་ད་ཤི་སོང་རུང་རྒྱལ་བའི་གསུང་གི་ཆེད་རེད་མོ་གསུངས།

   དེ་ནས་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གིས། འོ་ལགས་སོ། །དེ་ཡིན་ན་ཡ་མཚན་པ་རེད་གསུངས་ནས་ཕྱིར་ལ་ཕེབས་པ་ཡིན་གསུངས། རྗེས་སུ་བཀའ་འགྱུར་གྱི་བཀླགས་ལུང་རྒྱུན་ཆ་ཚང་བ་གྲུབ་པ་དང་རིམ་གྱིས་སྐུ་མ་བདེ་བས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཞེས་ཁོང་གིས་གསུངས་པ་ད་ལྟ་ཡང་མཇལ་རྒྱུ་འདུག    

   གཞན་ཡང་། ཁོང་ནི་རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ་ཡིན་པར་བསྔགས་པ་བརྗོད་པའི་གསུང་གསེར་ནག་གི་ཐིགས་པ་དག་ནི་གཞན་དང་གཞན་ལས་ཤེས་པར་མཛོད།

    ཁོང་གིས་རིམ་བཞིན་བསྡུས་གྲྭ་བློ་རྟགས། ས་ལམ་གྲུབ་མཐའ།ཕར་ཕྱིན་མཐའ་དཔྱོད། དབུ་མ་ལུང་རིགས་སྒྲོན་མེ་སོགས་གཞུང་སོ་སོའི་མཐའ་དཔྱོད་དང་ཟུར་བཀོད། སྡོམ་བཅས་ཐུགས་ལ་བྱང་བར་བཟུང་ཞིང་། ཁྱད་པར་པོ་ཏི་ལྔའི་རྩ་བ། བྱམས་ཆོས་གཞན་བཞི། འགྲེལ་བ་དོན་གསལ། གསེར་ཕྲེང་སྐབས་དང་བོ་དང་གསུམ་པ། སྤྱོད་འཇུག་ཆེན་མོ་དྲང་ངེས་ལེགས་བཤད་སྙིང་བོ། དབུ་མ་རྩ་བ་ཤེས་རབ། རྣམ་བཤད་དགོངས་པ་རབ་གསལ།  འཇུག་ཊཱིཀ་གསལ་བའི་མེ་ལོང་།  ལམ་རིམ་ཆེན་པོ་དང་སྔགས་ཀྱི་སྤྱི་དོན། སྔགས་རིམ་ཆེན་པོ་ཐུགས་འཛིན་གནང་། ཁྱད་པར་ལམ་སྔགས་གཉིས་རྒྱུན་གྱི་ཞལ་འདོན་དུ་མཛད།

ལྷག་པར་བཀྲ་ཤིས་འཁྱིལ་བའི་ཕྱག་སྲོལ་བཞིན་རྟག་ཏུ་ཐུགས་སུ་བཟུང་བའི་གཞུང་དེ་དག་སྐྱོར་སྦྱོང་ལ་འབད་པར་མཛད་ཅིང་། མཚན་ཕུད་མཛད་པའང་མང་ཞེས་ཁོང་གི་ཞལ་ནས་གསུངས།    

   སྔ་རྗེས་སུ་རྗེ་གསུང་རབ་རྒྱ་མཚོ་དེ་གཉིས་ཀྱིས་གཙོས་གང་གི་སློབ་མ་རྗེ་བཙུན་བསྟན་པ་རྒྱ་མཚོ་དང་། རྗེ་འཇིགས་མེད་རྒྱ་མཚོ་དང་། མཁས་གྲུབ་ཆེན་པོ་ཁྱ་དགེ་ངག་དབང་རབ་གསལ་ཚང་། རྗེ་སྦྱིན་པ་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་བོ་བསྟེན་ཞིང་རྟག་གུས་ཀྱི་བརྩོན་པས་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་ནས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན།

    ཀུན་མཁྱེན་ལྔ་བ་ཆེན་པོ་རྗེ་བཙུན་བསྟན་པའི་རྒྱལ་མཚན་དང་། པཎ་ཆེན་ཡོངས་འཛིན་རྒྱ་ཡག་ཚང་། རྗེ་བཙུན་དགེ་འདུན་རྒྱ་མཚོ། རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། རྗེ་བསམ་གཏན་རྒྱ་མཚོ། རྗེ་ཡེ་ཤེས་རྒྱ་མཚོ་བ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ལ་ཉེ་བའི་ཞབས་པད་གཙུག་ཏུ་བསྟེན་ནས་སྨིན་བྱེད་དབང་དང་།  དཔེ་ཁྲིད་དང་ཁྲིད་བཤད་ལུང་། དབང་རྗེས་གནང་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་མདོ་སྔགས་བསྟན་པའི་བདག་པོར་གྱུར་ཅིང་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཁྲི་རབས་གོ་ལྔ་བར་བཞུགས།

    ཁོང་གིས་སྐུ་ཚེ་གང་བོར་ཚ་གྲང་ལྟོགས་སྐོམ་ངལ་དུབ་ཁྱད་དུ་བསད་ནས་ཚོགས་གསོག་སྒྲིབ་སྦྱོང་དང་ཉིན་མཚན་འཁོར་མོ་ཡུག་ཏུ་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་ཅིང་། ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བསྡུས་གྲྭ་ནས་བཀའ་རམས་བར་གྱི་འཛིན་གྲྭ་མཐའ་དག་ལ་དཔེ་ཁྲིད་གནང་ཞིང་། ཉིན་རེ་བཞིན་ཞོགས་པར་སྐྱ་རེངས་ཤར་བ་ནས་ས་རུབ་བར་དུ་སློབ་མ་རྣམས་ལ་གང་ལ་གང་འཚམ་གྱིས་དཔེ་ཁྲིད་གནང་བ་ཁོང་གིས་བུ་སློབ་དག་གསུངས།    

    ཁྱད་པར་བླ་བྲང་བཀྲ་ཤིས་འཁྱིལ་དང་། རྔ་བ་སྒོ་མང་དགོན། མཚན་སྒྲོགས་དགོན་། གཏེར་ལུང་དགོན།  ཆུ་ཁ་མ། འོལ་ཁ་ཆོས་ལུང་། ཤིས་ཚང་སྒར་གསར། ཁྱ་དགེ་དགོན། ཆོ་ཤེས་དགོན།  རྒྱ་མཁར་དགོན། ཨ་མཆོག་དགོན། མཛོད་དགེ་རི་སྟོད་མ་དགོན། མཛོད་དགེ་སྒར་རྙིང་སྒར་གསར་གཉིས། ཧོར་ཚང་ཙག་ཙག་དགོན། ཡི་གེ་ཐང་། ཁ་གྱའི་སྒར་རྙིང་དགོན། ཙ་ཡུས་དགོན། སྐུ་འབུམ་བྱམས་པ་གླིང་། མང་རའི་ཀླུ་ཚང་དགོན། ཤིང་བཟའ་དགོན། མདའ་ཚན་དགོན།  ཁྲི་ཀ་དགེ་ལྡན་བསྟན་རྒྱས་གླིང་། ཁྲི་ཀ་མི་ཉག་དགོན་སོགས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ། བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་མཛད། 

   མེ་ཕག་སྤྱི་ལོ་༢༠༠༧ལོའི་ཟླ༥ཚེས་༥ཉིན། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ཁོང་ཨ་ཁུ་རིན་པོ་ཆེ་རྗེ་བཙུན་དགེ་འདུན་རྒྱ་མཚོ་དཔལ་བཟང་བོ་ལན་ཇུའི་དམག་སྤྱིའི་སྨན་ཁང་དུ་བཞུགས་པ་ལ། ཆེད་གཉེར་གྱིས་བྱོན་ཏེ་སྐུ་ཕྱག་སྔོན་དུ་བཏང་ནས་ཚེ་སྐུ་དང་ལྷ་དར་ཆེ་ལེགས་བཅས་ཕུལ་ཏེ་མཇལ།  ཞེས་གསུངས།    

   རབ་བྱུང་བཅོ་བརྒྱད་པའི་མེ་མོ་ཕག་གི་ལོ་སྟེ་སྤྱི་ལོ་༢༠༠༧ལོའི་ཧོར་ཟླ༡༢པའི་ཚེས་༢༣ཉིན་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་ཏོ། །

         

 

   གསུང་ལས་སྐྱེས་པའི་སློབ་མ་ལ་ཡང་།  ཁྲི་ཆེན་ཧོར་གཙང་བ་འཇིགས་མེད་གྲགས་པ་རྒྱ་མཚོ་དང་། བསེ་ཚང་བློ་བཟང་དཔལ་ལྡན་ཚང་། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བློ་བཟང་རྒྱ་མཚོ།  ཡོངས་ཀྱི་བཤེས་གཉེན་ཆེན་པོ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་སོགས་བགྲང་མཐའ་ཡས་སོ། །

    བཀའ་རྩོམ་ལ། མངོན་རྟོགས་རྒྱན་གྱི་ཚིག་ཊཱིཀ་དང་། གུང་ཐང་དྲུག་པ་ཆེན་པོའི་རྣམ་ཐར་དཔག་བསམ་ལྗོན་བཟང་། གསུང་རྩོམ་ཐོར་བུ། གཞན་ཁོང་གི་དཔེ་ཁྲིད་ཀྱི་སྒྲ་འཁོར་དཀར་ཆག་གཅིག་བུའང་ཤོག་བུ་སྣ་ཐུང་བརྒྱད་ཙམ་མཆིས་ཤིང་། དེ་ལས་དཔེ་ཁྲིད་ཟིན་བྲིས་སྐོར་ཞིག་གི་མཚན་ཐོ་དགེ་ལུགས་པའི་དྲ་བར་བཀོད་པ་འདི་ལྟ་སྟེ།

    ད་ལྟ་རྗེ་དགེ་འདུན་རྒྱ་མཚོའི་གསུང་ཟིན་བྲིས་སུ་བཏབ་པའི་སྐོར་ཞིག་ཕྱོགས་སོ་སོར་བཀྲམ་ཡོད་ཅིང་། འདི་དག་ནི་སློབ་གཉེར་བའི་གསོས་སུ་གྱུར་ཡོད་པས་འདིར་ཆེད་དུ་མཐོང་ཐོས་བྱུང་བའི་དཔེ་ཆ་འགའ་ངོ་སྤྲོད་ཞུ་བ་ཡིན། ཡིན་ཡང་འདི་ངེད་དྲ་བ་དཔེ་ཆ་འདི་དག་ལ་འབྲེལ་བ་མེད་པས་མཁོ་བ་དག་ལ་གཞན་པའི་གནས་ཚུལ་ཅི་ཡང་ཞུ་མི་ཐུབ་ལགས།    

   རྗེ་དགེ་འདུན་རྒྱ་མཚོའི་དཔེ་ཁྲིད་ལས་བླ་མ་མཆོད་པའི་ཟིན་བྲིས་བླ་མའི་ཞལ་ལུང་།  འཇིགས་མེད་བསམ་འགྲུབ་ཀྱིས་ཟིན་བྲིས་སུ་བཏབ།

   དབལ་མང་སྐྱབས་འགྲོའི་ཁྲིད།  མདའ་བཞིའི་བསོད་ནམས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

   བདེ་ལམ་གྱི་དཔེ་ཁྲིད་ཀྱི་ཟིན་བྲིས།  ཡོན་ཏན་རྒྱ་མཚོས་ཟིན་བྲིས་སུ་བཏབ།

  ཀུན་མཁྱེན་འཇམ་དཔལ་ཞལ་ལུང་གི་བཀའ་ཁྲིད་ཟིན་བྲིས་བཞུགས་སོ། །  ཟོན་ཐར་སྐྱིད་དང་སྒྲོལ་དཀར་ཚེ་རིང་གིས་ཟིན་བྲིས་སུ་བཏབ། 

རྟགས་རིགས་ཀྱི་ཟིན་བྲིས། རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

རྟགས་རིགས་རང་ལུགས་ཀྱི་ཟིན་བྲིས། རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

བློ་རིག་མཐའ་དཔྱོད་ཀྱི་ཟིན་བྲིས། རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

གྲུབ་དོན་ས་གསུམ་གྱི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། བྲག་དཀར་འཇིགས་མེད་རྒྱ་མཚོས་ཟིན་བྲིས་སུ་བཏབ།    

ས་ལམ་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

གྲུབ་མཐའི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

ཕར་ཕྱིན་མཐའ་དཔྱོད་ཀྱི་དཔེ་ཁྲིད་ཀྱི་ཟིན་བྲིས།  ལོ་བའི་རབ་བརྟན་རྒྱ་མཚོས་ཟིན་བྲིས་སུ་བཏབ།

ཀུན་གཞིའི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། ཁ་རྒྱའི་ཆོས་འཛིན་གྱིས་ཟིན་བྲིས་སུ་བཏབ།

ཀུན་གཞིའི་རྩ་མཆན་གྱི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

བསམ་གཟུགས་ཀྱི་ཟིན་བྲིས།  ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

ཟུར་བཀོད་བཞིའི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། རྫོང་དཀར་དམ་ཆོས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

དབུ་མ་ལུང་རིགས་གཏེར་མཛོད་ཀྱི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། མང་རའི་འཇམ་དབྱངས་ཆོས་འཕེལ་གྱིས་ཟིན་བྲིས་སུ་བཏབ།

སྡོམ་གསུམ་བསླབ་བྱའི་ཟིན་བྲིས་ཐུབ་དབང་ཞལ་ལུང་། འཇམ་དབྱངས་རབ་རྒྱས་ཀྱིས་ཟིན་བྲིས་སུ་བཏབ།

གཞི་གསུམ་ཆོ་གའི་ཟིན་བྲིས་འདུལ་འཛིན་དགོངས་རྒྱན། འཇམ་དབྱངས་རབ་རྒྱས་ཀྱིས་ཟིན་བྲིས་སུ་བཏབ།    

འདུལ་བའི་མཐའ་དཔྱོད་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །ཧོར་བ་འཇམ་དབྱངས་ཀྱིས་ཟིན་བྲིས་སུ་བཏབ།

ཟིན་བྲིས་སུ་བཏབ་ཀྱང་ད་དུང་དཔར་མེད་པའི་དཔེ་ཆ།

སྐྱབས་ཁྲིད་ཟིན་བྲིས། ཐར་ཤུལ་ཡེ་ཤེས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུའི་ཞལ་ལུང་གི་ཟིན་བྲིས། སྒྲོལ་དཀར་ཚེ་རིང་གིས་ཟིན་བྲིས་སུ་བཏབ།

བླ་མ་མཆོད་པའི་ཁྲིད་ཡིག་གི་བཀའ་ཁྲིད་ཟིན་བྲིས་བཞུགས་སོ། །  སྒྲོལ་དཀར་ཚེ་རིང་གིས་ཟིན་བྲིས་སུ་བཏབ། 

རྗེའི་བསྟོད་འགྲེལ་ཆེན་པོའི་བཤད་ལུང་གི་ཟིན་བྲིས་བཞུགས་སོ། ། སྒྲོལ་དཀར་ཚེ་རིང་གིས་ཟིན་བྲིས་སུ་བཏབ།

སྤྱོད་འཇུག་ཆེན་པོ་ཉམས་སུ་ལེན་ཚུལ།  ཤིས་ཚང་ཚུལ་ཁྲིམས་ཀྱིས་ཟིན་བྲིས་སུ་བཏབ།

དོན་བདུན་ཅུའི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །  བྱ་མདོ་རྒྱལ་མཚན་གྱིས་ཟིན་བྲིས་སུ་བཏབ།    

བྱང་ཆུབ་ལམ་སྒྲོན་གྱི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །   བྱ་མདོ་རྒྱལ་མཚན་གྱིས་ཟིན་བྲིས་སུ་བཏབ།

མདོ་རྒྱན་སྦྱར་བའི་བཤད་ལུང་གི་ཟིན་བྲིས་བཞུགས་སོ། །   ཀླུ་ཚང་འཇམ་དབྱངས་ཤེས་རབ་གྱིས་ཟིན་བྲིས་སུ་བཏབ།

གསེར་ཕྲེང་སྐབས་གསུམ་པའི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །   བྱ་མདོ་འཇམ་དབྱངས་ཤེས་རབ་ཀྱིས་ཟིན་བྲིས་སུ་བཏབ།

གསེར་ཕྲེང་དགེ་འདུན་ཉི་ཤུའི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །   བྱ་མདོ་འཇམ་དབྱངས་ཤེས་རབ་ཀྱིས་ཟིན་བྲིས་སུ་བཏབ།

ཕར་ཕྱིན་མཆན་གྱི་ཟིན་བྲིས། རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

དགེ་འདུན་ཉི་ཤུའི་ཟིན་བྲིས། ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

རྟེན་འབྲེལ་ལུང་རིགས་བང་མཛོད་ཀྱི་ཟིན་བྲིས། ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

དྲང་ལེགས་རྩ་མཆན་གྱི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །  མང་རའི་འཇམ་དབྱངས་ཆོས་འཕེལ་གྱིས་ཟིན་བྲིས་སུ་བཏབ།    

སྐབས་བཞི་བའི་སྡོམ་གྱི་ཟིན་བྲིས།   མདའ་བཞིའི་བསོད་ནམས་རྒྱ་མཚོས་ཟིན་བྲིས་སུ་བཏབ།

མངོན་རྟོགས་རྒྱན་གྱི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །  ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

སྡོམ་གསུམ་བསླབ་བྱའི་དཔེ་ཁྲིད་ཟིན་བྲིས། ཡ་རུ་བསྟན་འཛིན་རྒྱ་མཚོས་ཟིན་བྲིས་སུ་བཏབ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བའི་རྣམ་བཤད་སྙིང་པོའི་རྒྱན་ཟིན་བྲིས། སྒྲོལ་དཀར་ཚེ་རིང་གིས་ཟིན་བྲིས་སུ་བཏབ། 

དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་བཤད་ལུང་ཟིན་བྲིས། ཤིང་བཟའ་ལུང་རྟོགས་ཀྱིས་ཟིན་བྲིས་སུ་བཏབ། 

གཞི་གསུམ་ཆོ་གའི་ཟིན་བྲིས།  ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

གཞི་གསུམ་ཆོ་གའི་ཟིན་བྲིས།  ཤིང་བཟའ་ལུང་རྟོགས་སོགས་ཀྱིས་ཟིན་བྲིས་སུ་བཏབ།

འདུལ་སྡོམ་གྱི་དཔེ་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། ། ནག་བཟའ་བློ་བཟང་ཆོས་གྲགས་ཀྱིས་ཟིན་བྲིས་སུ་བཏབ།

མཛོད་མཐའ་དཔྱོད་ཀྱི་དཔེ་ཁྲིད་ཟིན་བྲིས་བཞུགས་སོ། ། བན་ཤུལ་མཆོག་གྲུབ་གྱིས་ཟིན་བྲིས་སུ་བཏབ།

         

      ཁྲི་ཟུར་༧ རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བའི་ཆ་ཤས་ཀྱི་ཡང་ཤས་པ་སྐལ་ལྡན་བསོད་ནམས་ཞིང་གི་མཆོད་པ་ཞེས་བྱ་བ་འདི་ནི་བདག་གི་དགེ་རྒན་བཀའ་དྲིན་ཅན་དགེ་བའི་བཤེས་གཉེན་གང་གིས་སྐུ་ཚེ་ཧྲིལ་བོར་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་གྱི་མཛད་བཟང་གསེར་གྱི་ཅོད་པན་མངོན་པར་མཐོ་ཞིང་།  རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་སྤེལ་བ་ལ་ཐུགས་སྟོབས་རབ་ཏུ་བརྩན་པའི་མགོན་པོ་གང་ཉིད་ཀྱི་རྣམ་ཐར་ས་བོན་ཙམ་མམ་བརྗེད་བྱང་ཞིག་འབྲི་ཐུབ་ན་ཅི་བས་ལེགས་པའི་ཞལ་གསུང་དྲོན་པོ་ཐོབ་པ་དང་།  གུས་པ་ཨ་ཐའི་མིང་ཅན་རང་གིས་ཀྱང་རྗེ་བཙུན་བླ་མ་དམ་པ་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་རྒྱུར་དམིགས་ཏེ་རབ་གནས་ཤིང་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ༢༠༢༤ལོའི་ཧོར་ཟླ༡༠ཚེས་༢༢ཉིན་ཏེ་རབ་དཀར་ཁ་བས་རི་ལུང་ཐང་གསུམ་ལེགས་པར་བཀླུབས་ཤིང་འཆར་ཀའི་འཛུམ་དཀར་རབ་ཏུ་གྲོལ་བའི་ཞོགས་པ་ལ་བསྒྲིགས་གྲུབ་བགྱིས་སོ། །

         

 

   

 དཔེ་ཁུངས་དག་དཀྱུས་གཅིག་ཏུ་བཀོད་ན།

དཔལ་ལྡན་བླ་མ་དམ་པའི་ཡོན་ཏན་རྗེས་སུ་དྲན་པ་གདུང་སེལ་བདུད་རྩིའི་ཟེགས་མ།  རྗེ་བློ་བཟང་རྒྱ་མཚོ།

དགེ་བའི་བཤེས་གཉེན་ཆེན་པོ་ཁྱ་དགེ་རབ་གསལ་མཆོག་གི་རྣམ་ཐར། རྗེ་འཇམ་དབྱངས་རྒྱ་མཚོ།

མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།   དགེ་བཤེས་རྒན་གྱའི་དཀོན་མཆོག་རྒྱ་མཚོ།

རྣམ་ཐར་ས་བོན་སྐོར་གྱི་བཅར་འདྲི།

རྔ་བ་སྒོ་མང་དགོན་གྱི་གདན་རབས་ཆེན་པོ།  ལྡོང་ཡོན་ཏན་རྒྱ་མཚོ།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་མདོར་བསྡུས། ཤེས་རབ་བསྟན་དར།

དགེ་ལུགས་པའི་དྲ་བ།

རྣམ་བཤད་སྙིང་བོའི་རྒྱན་གྱི་བཤད་ལུང་གི་སྒྲ་ཐག

བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་ཡོངས་འཛིན་རྣམས་ཀྱི་རྣམ་ཐར་དངུལ་གྱི་ཕྲེང་བ།    གཏེར་ལུང་དཔལ་ལྡན།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་ཚང་རྗེས་སུ་དྲན་པ།   ཤིས་ཚང་ཚུལ་ཁྲིམས།

རྗེ་བློ་བཟང་བསྟན་དར་གྱི་རྣམ་ཐར།

མཛོད་དགེ་སྒར་སར་ཕྱོགས་ཀྱི་མཐོང་ཐོས་མྱོང་གསུམ། 

ཤིང་བཟའ་ལུང་རྟོགས་ཀྱི་ཟིན་བྲིས།    



版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章