ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
༄༅། །བྱ་སྐོར་དགེ་སློང་གྲགས་པ་སེང་གེ་རིན་པོ་ཆེའི་རྣམ་ཐར་མདོ་ཙམ་བརྗོད་པ།
དྷཱི་ཚ། རླབས།
དེ་ཡང་དམ་པ་མང་བོས་རྭ་ལོ་ཙཱ་པའི་རྣམ་སྤྲུལ་དུ་བསྔགས་པའི་གནས་བརྟན་འདུལ་འཛིན་ཆེན་པོ་བྱ་སྐོར་དགེ་སློང་གྲགས་པ་སེང་གེ་ཚང་ནི་སྤྱི་ལོ་༡༨༧༩ལོར་དམེ་གླིང་སྡེ་བར་ཡབ་གཅོད་ལེ་དང་། ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། རིམ་གྱིས་ནར་སོན་པ་དང་བསྟུན་ཡབ་ཀྱི་སྤུན་མཆེད་མཚམས་པ་བསྟན་པ་རིན་ཆེན་ཞུ་བ་ཁོང་ལས་ཡི་གེ་སྦྱོར་ཀློག་དང་། ཆོ་ག་ཆོས་སྤྱོད་སོགས་ལ་སྦྱང་བརྩོན་ལྷོད་མེད་གནང་ཞིང་། ཁྱད་པར་དུ་བློན་ཆོས་སྤྱི་བའི་ཕྱག་སྲོལ་གྱི་རིམ་པ་མཐའ་དག་ལ་ཐུགས་གཉེར་བྱང་ཆུབ་པ་མཛད། ཁོང་གི་རབ་བྱུང་དང་བསྙེན་རྫོགས་སོགས་ཀྱི་མཁན་པོ་སུ་ཡིན་གྱི་གསལ་ཁ་ཆེར་མ་བྱུང་བས་ཇི་བཞིན་མི་ཤེས་མོད། མཚན་ཟུར་ལ་བརྟགས་ན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྡོམ་རྒྱུན་ཞིག་ཡིན་པར་སེམས་ཏེ་དཔྱད་གཞིར་བཀོད་པ་ཙམ་མོ། ། ཁོང་སྔགས་སའི་དགོན་དང་། གསེར་ལག་དགོན་གཉིས་ནས་རིས་མེད་དུ་བཞུགས་ནས་ཐོས་བསམ་སློབ་གཉེར་གནང་ཞིང་། ཡིག་རིགས་དཀར་ནག་དང་། ཐིག་རྡུལ་ཚོན་སོགས་རིག་གནས་ཀུན་ལ་མཁས་པའི་ཚུལ་ནི་བཤེས་གཉེན་ཆེན་མོ་ཨ་ཁུ་བ་དན་ཚང་གི་ཞལ་གྱི་བུམ་བཟང་ལས། དགེ་སློང་གྲགས་སེང་ཞེས་པ་ཡི་གེ་དཀར་ནག་དང་ལྷ་བྲིས་སོགས་རིག་གནས་ཀུན་ལ་མཁས་ཤིང་། སྔགས་སའི་དགོན་པའི་གཞུང་གི་ལྷ་སྐུ་དང་། ཐིག་རྡུལ་ཚོན་མཚམས་བསྙེན་བསྒྲུབ་སོགས་ལྷུར་ལེན་མཛད་དེ། ཞེས་གསུངས་ཡོད་ལ། ཁོང་དང་སྔགས་སའི་མཁན་པོ་ཚང་རྣམ་པ་གཉིས་ནི་ཕྱག་ཤིན་ཏུ་བདེ་བོ་ཡོད་པ་ཞིག་ཡིན་སྟབས་སྔགས་སའི་དགོན་པ་གསར་བཞེངས་སྐབས་ཡིག་རིགས་སྣ་ཚོགས་དང་ལྷ་སྐུ་འབྲི་བཞེངས་མང་བོ་ཞིག་ཁོང་རྣམ་གཉིས་ཀྱིས་བཞེངས་པ་ཡིན་ཞེས་སྐབས་དེའི་མི་སྣ་འགའ་རེས་གླེང་། གང་ལྟར་ཡང་སྔགས་སའི་དགེ་བཤེས་རིན་པོ་ཆེ་མཆོག་དང་ཁོང་རྣམ་གཉིས་ཕན་ཚུན་ཐུགས་བརྩེ་ཤིན་ཏུ་ཟབ་པ་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ་སྟེ། སྔགས་སའི་དགེ་བཤེས་ཆེན་མོའི་མ་ཡུམ་མཆོག་ཞི་བར་གཤེགས་སྐབས་ཁོང་གིས་དགེ་སློང་གྲགས་སེང་ཚང་སྦྱིན་སྲེག་བླ་མར་གདན་འདྲེན་ཞུས་པ་བཞིན་ཕེབས་ཤིང་། ཁོང་རྣམ་གཉིས་ཀྱིས་ས་དཔྱད་མཛད་དེ་ས་འབུམ་བཞེངས་པའི་ཤུལ་ད་ལྟ་ཡང་མ་མཉམ་པར་ཡོད་དོ། །
ཁོང་གིས་རི་ཁྲོད་པའི་ཕྱག་བཞེས་བཞིན་བརྒྱ་རྩ་ཆག་མེད་དང་། འཇིགས་བྱེད་དཔའ་ཅིག་ཆག་མེད་མཛད་པ་སོགས་ཉམས་ལེན་མཐར་འཁྱོལ་བ་གནང་བའི་ཚུལ་ཡང་། བཤེས་གཉེན་ཨ་ཁུ་བ་དན་ཚང་གི་ཞལ་ནས། འཇིགས་བྱེད་བསྙེན་ཆེན་དགུ་དང་། ལས་རུང་ཟླ་མཚམས་སོ་དགུ། གཉན་ཁྲོད་ཆུ་མིག་ལྔ་བརྒྱ་སོགས། ཞེས་གསུངས་སོ། ། པད་དཀར་འཆང་བ་སྔགས་སའི་དགེ་བཤེས་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་བོ་མཆོག་དང་། གསེར་ལག་དགོན་པའི་སྐུ་ཕྱོགས་ཨ་རིག་རིན་པོ་ཆེ། སྔགས་སའི་མཁན་པོ་ཚང་སོགས་དམ་པ་མང་བོའི་དྲུང་ནས་དབང་ལུང་མན་ངག་མཐའ་དག་བུམ་གང་བྱོའི་ཚུལ་དུ་གསན་བཞེས་མཛད། ཁོང་གིས་འཇམ་མགོན་ཙོང་ཁ་བ་ཡབ་སྲས་ཀྱི་རྣམ་ཐར་བཞིན་སྐུ་ཚེ་གང་བོར་འཇིགས་བྱེད་དཔའ་བོ་གཅིག་པའི་ཉམས་ལེན་མཐར་ཕྱིན་མཛད་པས་དམ་པ་དུ་མས་ཁོང་ནི་རྭ་ལོ་ཙཱ་པའི་རྣམ་སྤྲུལ་དུ་བསྔགས་པ་མཛད། ཁོང་རིག་གནས་སྤྱི་དང་བྱེ་བྲག་ས་དཔྱད་ལ་ཡང་མཁྱེན་དཔྱོད་ཤིན་ཏུ་ཡངས་པས་ཁོང་གིས་འབུམ་ས་དང་གཏེར་ས་མང་བོ་གཟིགས་པ་ད་ལྟའི་ཆར་ཡང་མ་ཉམས་པར་ཡོད། སྐབས་ཤིག་ཁ་དཀར་དགོན་དུ་གྲྭ་སྲི་ཞུགས་ནས་ཧ་ཅང་ཉེན་ཆེ་བའི་སྐབས་སུ་ཁོང་གདན་འདྲེན་ཞུས་པ་བཞིན་ཕེབས་ནས་འཇིགས་བྱེད་དཔའ་བོ་གཅིག་པའི་སྒོ་ནས་སྒྲུབ་པ་ནན་ཆེར་མཛད་པས་གྲྭ་སྲི་དེ་ཡང་བཅད་སོང་། ཞེས་ཁ་དཀར་དགོན་པའི་བཤེས་གཉེན་ཆེན་མོ་ཨ་ཁུ་འོད་ཉི་ཚང་གིས་དངོས་སུ་གསུངས།
གཞན་བཤེས་གཉེན་ཆེན་མོ་ཨ་ཁུ་བ་དན་ཚང་སྐུ་ན་ཕྲ་མོའི་དུས་སུ་ལུགས་གཉིས་ཀྱི་བསླབ་སྟོན་སོགས་གསོ་སྐྱོང་གང་ལེགས་གནང་ཞིང་། ཁོང་གིས་ཁྲིད་ནས་ཨ་ལགས་གདོང་དཔྱད་ཚང་ལ་བརྡ་ལུང་ཕབ་པའི་ཚུལ་ཡང་རྗེ་དེ་ཡི་རྣམ་ཐར་དུ་གསལ་བ་ལྟར་རོ། །ཞིང་གཤེགས་དམ་པ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་ཁོང་གི་སྐུའི་ཉེ་བར་བཅར་ནས་ཡུན་རིང་བཞུགས་མྱོང་ལ། ཁོང་གཉན་ཁྲོད་འགྲིམ་པའི་སྐབས་སུ་ཞབས་གཡོག་པར་ཕེབས་ཚུལ་དང་། སྐབས་དེའི་རྣམ་ཐར་ཐུན་མོང་མ་ཡིན་པ་འགའ་རེ་ཡང་ཁོང་གི་ཞལ་ལས་དངོས་སུ་གསུངས། ཁྱད་པར་དུ་ཁོང་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ལ་དབང་འབྱོར་བ་ཞིག་ཡིན་སྟབས་བཀའ་དྲིན་མཚུངས་མེད་ཡབ་རྗེ་བརྩི་བཞག་རིན་པོ་ཆེ་ཡང་ཆེད་གཉེར་གྱིས་ཕེབས་ཏེ་ཁོང་ལ་བསྐྱེད་རྫོགས་ཀྱི་སྐོར་བཀའ་འདྲི་གནང་མྱོང་ལ། ཐུན་མིན་གྱི་མཐོང་སྣང་འགའ་རེ་ཅུང་མི་འདྲ་བའི་ཚུལ་ཡང་ཡབ་རྗེ་བླ་མ་མཆོག་གིས་དབང་བཤད་ཅིག་གི་སྐབས་དངོས་སུ་གསུངས་ཤིང་། ཕྱིས་སུ་ཡབ་རྗེ་བླ་མ་མཆོག་ལ་བེག་ཙེའི་བྲིས་ཐང་བྱིན་ཅན་ཞིག་ཁོང་གིས་བཞེངས་སྐྲུན་མཛད་ནས་གནང་བ་དང་། དེ་དང་འབྲེལ་བའི་མཛད་པ་ངོ་མཚར་ཅན་མང་བོ་ཞིག་མཆིས་མོད་འགའ་རེ་ཁོ་བོས་གཞན་དུ་བྲིས་ཟིན་པས་དེས་འཐུས་ལ། བླ་མ་རིན་པོ་ཆེས་སྐུ་ཡུལ་དུ་གདན་དྲངས་ནས་རྣམ་པ་གཉིས་ཀས་སྒྲོལ་མའི་རླུང་རྟའི་ཀྭ་འཛུགས་མཛད་པ་སོགས་ཐུགས་འདྲིས་ཟབ་མོ་ཡོད་པའི་ཚུལ་སྐུ་སྤུན་ཤཀྱཱ་ལགས་ཀྱིས་བདག་ལ་དངོས་སུ་གསུངས། མེ་དབུས་སྐ་གསུམ་དུ་གྲགས་པའི་ཡ་གྱལ་མེ་ལོང་ཉག་དམར་ཞེས་པར་ཁོང་དབུ་བཞུགས་མཛད་ནས་བདུན་ཕྲག་གཅིག་ལ་ས་བཅུད་བུམ་སྒྲུབ་དམ་པ་གོང་མའི་ཕྱག་བཞེས་ལྟར་དང་། སྐྱེ་འགྲོ་སྤྱི་དང་བྱེ་བྲག་ཡུལ་འདིའི་སྣོད་བཅུད་ཀུན་ལ་བཀྲ་ཤིས་ལོ་ལེགས་འབྱུང་བའི་ཐུགས་སྨོན་ཆེན་པོའི་སྒོ་ནས་གཏེར་སྒྲུབ་མཛད། ཕྱིས་སུ་གསེར་ལག་དགོན་པའི་སྨད་སོག་ལེགས་བཤད་ཉི་མ་མཆོག་གི་ཐུགས་བཀོད་ལྟར་ཁོ་བོའི་ཕ་ལགས་ཀྱིས་གཏེར་ས་དེར་བཀའ་ཐང་ཚར་གཅིག་བཞེངས་བསྐྲུན་བྱས་ཤིང་།
དེ་ནས་བཟུང་ལོ་རེ་བཞིན་དམེ་གླིང་སྡེ་སྤྱི་ནས་ཡོན་ཕུལ་ཏེ་ལམ་སྔགས་གཉིས་དང་། རྒྱལ་བོ་བསོད་ནམས་སྟོབས། སངས་རྒྱས་མཚན་འབུམ། སངས་རྒྱས་སྟོང་སྐུ། གུ་རུ་མཚན་བརྒྱད་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བརྒྱ་ཕྲག་མང་བོ་བཞེངས་བསྐྲུན་བྱས་ཤིང་། ད་ལྟའི་བར་དུ་ལོ་རེ་བཞིན་རྒྱུན་མ་ཆད་པར་གསོལ་མཆོད་བྱེད་བཞིན་ཡོད་པར་མ་ཟད་ཁོང་དཔལ་ལྡན་བླ་མ་རིན་པོ་ཆེ་སྐུ་དངོས་ཀྱིས་རབ་གནས་མཛད། ཉིས་སྟོང་དགུ་ལོར་སྐྱབས་རྗེ་ཁང་སར་རིན་པོ་ཆེས་རྡོ་ཁ་འདི་ལ་“དཔའ་རི་པདྨ་འོད་ཀྱི་དགའ་ཚལ་གླིང་། ”ཞེས་མཚན་བསྩལ་ཏེ་འགྲོ་བའི་བསོད་ནམས་གསོག་པའི་དཔལ་དུ་བཞུགས་པའོ། ། ད་ནི་སྐབས་དོན་གླེང་བར་བྱ་སྟེ་གནས་བརྟན་ཆེན་པོ་ཁོང་གིས་སྐུ་ཚེ་གང་བོར་བྱ་ཉུང་དོན་ཉུང་དང་ཐོས་བསམ་སྒོམ་པ་འབའ་ཞིག་ལྷུར་བླངས་ནས་མཐར་དགུང་གྲངས་བརྒྱད་ཅུ་བ་སྟེ་༡༩༥༨ལོའི་ཟླ་༥བར་སྟག་ཐང་སྤར་ཆུང་དུ་གཟུགས་སྐུའི་བཀོད་པ་བསྡུས། སྐུ་གདུང་སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་བཀོད་ལྟར་བྱ་གཏོར་མཛད། སྐུ་ཐོད་ཁོང་གི་ཚ་མོ་ལ་རྒྱ་ཟེར་བས་ཉར་ཚགས་བྱས་ཏེ་དུས་འགྱུར་སྐབས་སུ་ཡང་བོར་བརླག་ཏུ་མ་སོང་བར་ཡོད་ལ། ཕྱིས་སུ་དཔལ་ལྡན་བླ་མ་རིན་པོ་ཆེའི་བཀའ་དགོངས་ལྟར་དབུས་རི་དགོན་གྱི་མཁའ་སྤྱོད་མའི་ལྷ་ཁང་དུ་བཞུགས་པ་ལགས་སོ། །
ཞེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ཟབ་མོར་དབང་འབྱོར་བའི་དྲང་སྲོང་ཆེན་པོ་ཁོང་གི་རྣམ་ཐར་མདོ་ཙམ་བརྗོད་པ་འདི་ཡང་བཤེས་གཉེན་ཆེན་མོ་འཇམ་དབྱངས་རབ་རྒྱས་མཆོག་གི་གསུང་ལ་གཞིར་བྱས་ཤིང་། གཞན་དམ་པ་འགའ་ཡི་གསུང་གི་ཟུར་བརྒྱན་ཏེ་རབ་གནས་ཤིང་འབྲུག་ལོའི་དགུན་ཟླ་འབྲིང་བོའི་དམར་ཕྱོགས་བཟང་བ་གསུམ་པའི་ཉིན་དབུས་རི་བསྟན་འཛིན་རྒྱ་མཚོས་ལེགས་པར་གཏན་ལ་ཕབ་པ་དགེའོ། །
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!