སི་ཕེན་ཤར་ལྷོའི་རྒྱུད་ལ་ཟླ་10ཚེས་29ཉིན་གྱི་དགོང་མོ་ནས་ཚེས་30ཉིན་གྱི་ཐོ་རེངས་བར་དྲག་ཆར་བབས་པས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་། སི་ཕེན་སྲིད་གཞུང་གི་གཞི་གྲངས་གསར་ཤོས་ལས་མངོན་པར། རྒྱལ་ཁབ་དེའི་ཤར་ལྷོའི་རྒྱུད་ཀྱི་ཆུ་ལོག་གནོད་འཚེའི་ཁྲོད་ཉུང་མཐར་ཡང་མི་214རྐྱེན་ལམ་དུ་ཤོར་ཡོད་པ་རེད། ཚེས་2ཉིན་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ཕེ་ཏེ་ལུའོ་·སང་ཆེ་སིས་སླར་ཡང་གེགས་ཁུལ་ལ་དམག་མི་5000དང་། ཉེན་རྟོག་པ་5000 རྒྱལ་དམངས་ཉེན་སྲུང་རུ་ཁག་གི་མི་སྣ་བཅས་མངགས་གཏོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་“ཞི་བདེའི་དུས་སྐབས་སུ་སི་ཕེན་གྱི་དྲག་ཆས་དཔུང་སྡེའི་གཞི་ཁྱོན་ཆེ་ཤོས་ཀྱི་བྱ་སྤྱོད་ཅིག་རེད་”ཅེས་བརྗོད་པ་རེད། གཞན་ཡང་དང་བླངས་པ་སྟོང་ཕྲག་ཁ་ཤས་རོགས་སྐྱོབ་ནང་ཞུགས་ནས་གེགས་ཁུལ་གྱི་ཞིག་རོ་གཙང་སེལ་དང་དངོས་ཟོག་སྤྲོད་རོགས་བྱེད་ཀྱི་ཡོད་པ་རེད།