ཟླ་10ཚེས་28ཉིན། ནན་ཅིང་འགག་སྒོའི་ཁོངས་གཏོགས་ཀྱི་སུའུ་ཀྲོའུ་འགག་སྒོའི་སྦྲག་སྲིད་ཅུས་སུ་བཅའ་སྡོད་དོན་གཅོད་ཁྲུའུ་ཡིས“ཆི་ཆི”ཞེས་འདུན་ཞུ་བྱས་པའི་རྒྱལ་ཁོངས་ནང་འཛུལ་བའི་སྦྲག་རྫས་ཁག་གཅིག་ལ་ཞིབ་བཤེར་བྱེད་སྐབས། པར་རིས་རྒྱུན་ལྡན་མིན་པ་རྟོགས་ཤིང་། ཁ་ཕྱེ་ནས་ཞིབ་བཤེར་མཐར་ཕྱིན་བྱས་པ་བརྒྱུད། སྦྲག་རྫས་ནང་གྲོག་མ་གསོན་པོ་བླུགས་པའི་སྦུ་གུ་འབོར་ཆེན་ཡོད་པ་ཤེས་ཡོད། དངོས་བཤེར་ཁང་གིས་བརྟག་དཔྱད་བྱས་པ་ལྟར་ན། གྲོག་མ་དེ་དག་ནང་གྲོག་མ་མགོ་ཆེན་དང་གྲོག་མ་གཏུམ་པོ་རིགས་གཉིས་ཡོད་ལ། བསྡོམས་པས་438ཡོད་ཅིང་། ཚང་མ་ཕྱི་ཡོང་དངོས་རིག་རེད་འདུག
གྲོག་མ་མགོ་ཆེན་དང་གྲོག་མ་གཏུམ་པོ་གཉིས་ཀ་གྲོག་མ་ཆེན་པོ་གཏུམ་དྲག་ཅན་གྱི་རིགས་ཡིན། གལ་སྲིད་རྒྱལ་ནང་དུ་ཐོན་ཚེ་དེས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ལ་མི་མངོན་པའི་ཉེན་ཁ་བཟོ་སྲིད།
《སྐྱེ་དངོས་བདེ་འཇགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དང་《སྲོག་ཆགས་དང་རྩི་ཤིང་ཕྱིར་གཏོང་ནང་འདྲེན་གྱི་རིམས་ནད་ཞིབ་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དང་། དེའི་ལག་བསྟར་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ཆོག་མཆན་མ་ཐོབ་པར་རང་འཚམས་ཀྱིས་ཕྱི་ནས་ཡོང་བའི་དངོས་རིགས་ནང་འདྲེན་བྱེད་མི་ཆོག་པ་དང་། སྲོག་ཆགས་གསོན་པོ་དང་རྩི་ཤིང་རྒྱལ་ཁོངས་ནང་འཁྱེར་བ་དང་སྐུར་སྐྱེལ་བྱེད་མི་ཆོག