ཚེས་28ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཨ་རི་ཕྱོགས་ཀྱིས་ཉེ་ཆར་དམག་དོན་དང་དབྱི་རན་དང་འབྲེལ་བ་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ནས། ཀྲུང་གོའི་དངོས་ཚན་6“དངོས་ཚན་གསལ་ཐོའི”ནང་བཅུག་པ་མ་ཟད། ཀྲུང་གོའི་དངོས་ཚན་3“ཞིབ་དཔྱད་མ་བྱས་པའི་གསལ་ཐོའི”ནང་བཅུག་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་གཏན་ནས་ཡི་མི་རངས་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།
ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། དུས་ཡུན་རིང་པོའི་ནང་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཐ་སྙད་གང་འདོད་དུ་སྤྱད་པ་དང་། ཕྱིར་གཏོང་དོ་དམ་གྱི་བྱེད་ཐབས་གང་བྱུང་དུ་སྤྱད་པ། ཀྲུང་གོ་ཚུད་པའི་རྒྱལ་ཁབ་གཞན་གྱི་ཁེ་ལས་ལ་གནོན་ཤུགས་སྤྲོད་པ་དང་བཀག་འགོག་བྱེད་པ་བཅས་ཀྱིས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་་མཁོ་སྤྲོད་མུ་ཕྲེང་གི་བདེ་འཇགས་དང་བརྟན་བརླིང་ལ་གཏོར་བཤིག་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་མཚམས་འཇོག་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།