སྲོག་ཁྲིམས་ཕྱིར་འགྱངས་ཀྱི་ཆད་པ་བཅད་འདུག

民生   2024-11-14 16:30   北京  

   འདྲི་ཞིབ་དང་པོར་ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཟུར་པ་ཁྲེན་ཅི་ཞིན་གྱིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་2024ལོའི་ཟླ་11ཚེས་12ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་བཅད་དོན་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཁྲེན་ཅི་ཞིན་ལ་ལྐོག་རྔན་བླངས་པའི་ནག་ཉེས་ཐོག་ནས་སྲོག་ཁྲིམས་གཅོད་རྒྱུ་དང་། ལོ་གཉིས་ཕྱིར་འགྱངས་ཐོག་ནས་ལག་ལེན་བསྟར་རྒྱུ། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ། སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་བཅས་དང་། ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་གཉིས་དང་དངུལ་ཆད་ཀྱང་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་གཅོད་རྒྱུ། སྲོག་ཁྲིམས་ལག་ལེན་བསྟར་རྒྱུ་དང་། ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་ལེན་བསྟར་རྒྱུ། ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱ་རྒྱུ་དང་འབྲེལ་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ། བྱས་ཉེས་པ་བསགས་པ་ལས་ཐོབ་པའི་རྒྱུ་དངོས་དང་འཕེལ་སྐྱེད་ཁྲིམས་ལྟར་བདའ་འདེད་གཏོང་རྒྱུ་དང་རྒྱལ་མཛོད་དུ་འབུལ་རྒྱུ། མི་འདང་བའི་ཆ་རྣམས་མུ་མཐུད་བདའ་འདེད་གཏོང་ཁྲིམས་ཐག་བཅད།

   ཞིབ་གཅོད་བྱས་པ་བརྒྱུད། 2002ལོ་ནས་2017ལོ་བར། ཞུ་སྦྱོར་ཕྱི་མ་བ་ཁྲེན་ཅི་ཞིན་གྱིས་ཀོང་ཏུང་ཞིང་ཆེན་ཅང་མོན་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་གོ་གནས་ཀྱི་སྟབས་བདེར་བརྟེན་ནས། འབྲེལ་ཡོད་ཚན་པ་དང་སྒེར་ལ་ས་ཁང་བདག་ཁོངས་རྣམ་གྲངས་གསར་སྤེལ་དང་། རྩོད་གཞི་ཐག་གཅོད། ས་ཆ་ནང་བཤུག་སོགས་ཀྱི་ལས་དོན་ཐད་རོགས་རམ་བྱས་པ་དང་། 2003ལོ་ནས་2020ལོའི་བར། ཁྲེན་ཅི་ཞིན་གྱིས་ཐད་ཀར་རམ་ཡང་ན་གཞན་པ་བརྒྱུད་དེ་འབྲེལ་ཡོད་མི་སྣས་སྤྲད་པའི་རྒྱུ་དངོས་ཁྲིམས་འགལ་ངང་ཐེངས་མང་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་2.78ལྷག་ཙམ་ཟིན་ཡོད་པ་རེད། 2019ལོ་ནས་2022ལོའི་བར། ཁྲེན་ཅི་ཞིན་རྒན་ཡོལ་ཞུས་རྗེས། དེ་སྔ་ཀོང་ཏུང་ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་དང་། ཅང་མོན་གྲོང་ཨུད་ཀྱི་ཧྲུའུ་ཅི། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་འཁུར་བའི་འགན་དབང་ངམ་ཡང་ན་གནས་བབ་ཐད་ཆགས་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་གྱི་གོ་གནས་ཐོག་གི་སྟབས་བདེར་བརྟེན་ནས་འབྲེལ་ཡོད་ཚན་པར་དངུལ་བུན་ཞིབ་མཆན་བཀོད་པ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་བ། ཁ་གསབ་སྙན་ཞུ། ས་ཆ་ནང་བཤུག་གཏོང་བ་སོགས་ཀྱི་ཐད་ཚུལ་མིན་ཁེ་ཕན་དོན་གཉེར་བྱས། 2018ལོ་ནས་2022ལོ་བར། ཁྲེན་ཅི་ཞིན་གྱིས་ཐད་ཀར་རམ་ཡང་ན་གཞན་བརྒྱུད་འབྲེལ་ཡོད་མི་སྣས་སྤྲད་པའི་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་115ལྷག་ཙམ་ཁྲིམས་དང་འགལ་ཏེ་ཐེངས་མང་བླངས་ཡོད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章