སྐུ་འདྲའི་ཐིག་རྩ་ལས་སངས་རྒྱས་ཀྱི་སྐུའི་ཐིག་རྩ།

文摘   文化   2024-10-24 22:03   青海  

སྐུ་འདྲའི་ཐིག་རྩ་ལས་སངས་རྒྱས་ཀྱི་སྐུའི་ཐིག་རྩ།




སྐུ་འདྲའི་ཐིག་རྩ།

རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོ།

      ༄༅། །སྒྱུ་མ་ཆེ་དང་དོན་གྱི་འོད་གསལ་བ། །གཉིས་མེད་གཅིག་གྱུར་ཆོས་སྐུའི་རྒྱ་མཚོ་ལས། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་རླབས་གཡོ་བ། །གཉིས་མེད་གཉིས་སུ་སྣང་བ་དེ་ལ་སྨོན། །དེ་ཡི་ཕྱིར་ན་བསོད་ནམས་ཛགན་མོ། །འགུགས་ཕྱིར་ལེགས་བཤད་ལྷ་ལམ་ལས་ལོངས་པ། །ཕན་བདེ་ཙནྡན་ལྗོན་པའི་བསུང་མངར་པོ། །ལྷག་བསམ་དྲི་བཞོན་གྱིས་དྲངས་ངོ་མཚར་སྒྲུབ། །

    དེ་ལ་འདིར་ལོངས་སྤྱོད་གྱི་སྐུ་ཡི་ཚད་ཀྱི་ངེས་པ་དག་བརྗོད་པ་ལ། འདིའི་བརྡ་ཁྱད་ཀྱང་། སྐུ་གཟུགས་གང་ཡིན་དེའི་རང་སོར་བཅུ་གཉིས་ལ་ཞལ་ཚད་དམ། མཐོ། ཐལ་མོ། མཐིང་ཆ་ཆེན་ཟེར་ཞིང་། རང་སོར་ལ། སོར་མོ་དང་། ཆ་ཆུང་། དེའི་བཞི་ཆ་ལ་རྐང་པ། བརྒྱད་ཆར་ནས་གང་ཟེར་རོ། །

    ཐིག་ཁང་དང་པོ། བླ་མ་དང་སངས་རྒྱས་སོགས་སྐུ་དྲང་པོར་བཞུགས་པ་ལ། དང་པོ་ཚངས་ཐིག་བཏབ། དེ་ལ་སོར་བདུན་ཅུ་ཡོད་དབང་གིས། འཕྲེད་ཐིག་དང་པོ་ནོར་བུའི་ཏོག་གི་ཐིག །དེ་ནས་སོར་གཉིས་ན་གཙིག་ཏོར་ཐིག །དེ་ནས་སོར་བཞི་ན་ཐོད་དཔངས་ཐིག །དེ་བཞིན་དུ། དེ་ཙམ་ན་སྐྲ་མཚམས། སོར་བཅུ་གཉིས་ན་ཀོས་ཀོ། སོར་བཞི་ན་མགྲིན་ཐིག །སོར་བཅུ་གཉིས་ན་སྙིང་ཐིག །ཡང་བཞི་ན་མགྲིན་ཐིག །སོར་བཅུ་གཉིས་ན་ལྟེ་འོག །སོར་བརྒྱད་ན་གསང་གནས། སོར་བཞི་ན་ཞབས་བསྣོལ་མཚངས། སོར་བཞི་ན་པུས་མོའི་འོག་མཐའི་ཐིག་སྟེ་འཕྲེད་ཐིགབཅུ་གཉིས། ཡང་དཀྱུས་ཐིག་འདེབས་ལུགས་ནི། ཚངས་པའི་གཡས་གཡོན་ན་སོར་བཅུ་གཉིས་རེ་ལ་ཕྲག་པའི་ཐིག །དེ་ནས་སོར་བཞི་ན་དཔུང་པའི་ནང་། དེ་ནས་གཉིས་ན་དཔུང་པའི་ཕྱིར། དེ་ནས་བརྒྱད་ན་པུས་མོའི་ཕྱི་ཐིག་སྟེ་གཡས་གཡོན་ཚངས་བཅས་བསྡོམས་པས་དགུ་ནི་དཀྱུས་ཐིག་གོ །ཀོས་ཀོའི་ཐིག་དང་དཔུང་པའི་ནང་ཐིག་འཕྲད་མཚམས་ནས། ཚངས་དང་པུས་མོའི་འོག་ཐིག་འཕྲད་མཚམས་བར་གཡས་གཡོན་གཉིས་ཀ་ནས་བཏབ་པས་གྲུ་གསུམ་རྩེ་ཐུར་བསྟན། དེས་འཆན་རྩ་རྩིབ་ལོགས་ཀྱི་ཞེང་རྟོགས། ཡང་ཕྲག་པའི་ཐིག་དང་པུས་མོའི་ཕྱེད་ཐིག་འཕྲད་པ་ནས་ཕྱིར་སོང་དོ་སོང་བ་ནས། ཀོས་ཀོའི་ཐིག་དང་། ཚངས་པ་འཕྲད་སར་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན། དེས་ལྟ་ཟུར་གྱི་ཞེང་རྟོགས། གྲུ་གསུམ་གཉིས་པོ་འཕྲད་ས་ནས་སྐེད་པའི་ཚད་ཤེས། ཡང་ལྟེ་ཚངས་འཕྲད་ས་ནས། གསང་གནས་དང་པུས་མོའི་ཕྱི་འཕྲད་མཚམས་བར་ཕྱོགས་གཉིས་ཀ་ནས་བཏབ་པས་སྐྱིལ་ཀྲུང་གི་བརླའི་རི་མོ་རྟོགས། གསང་གནས་དང་དཔུང་པའི་ནང་འཕྲད་མཚམས་ནས། ཟུར་གསུམ་རྩེ་གྱེན་བསྟན་གྱི་འོག་ཟུར་སོ་སོར་བཏབ་པས། གཡས་གཡོན་བསྣོལ་མཚམས་དེས་སྐྱིལ་ཀྲུང་བསྣོལ་མཚམས་རྟོགས་ཏེ་ཟུར་ཐིག་གོ །

    ཞལ་ཐིག་ནི། ཞལ་གྱི་ཐད་ཚངས་ཐིག་ནས་ཕྱོགས་གཉིས་ཀར་སོར་དྲུག་སོང་བ་ན། སོར་བཅུ་གཉིས་ཀྱི་སྲིད་ཚད་ཅན་རེ་དང་། དེ་ནས་ཕྱིར་སོར་དོ་ནའང་དེ་འདྲ་རེ་བཏབ་པས་འགྲམ་པ་དང་སྙན་གྱི་ཕྱི་མཐའ་རྟོགས། ཚངས་དང་ཀོས་ཀོ་འཕྲད་མཚམས་ནས་ཕྱོགས་གཉིས་ཀར་སོར་དོ་སོང་མཚམས་ནས། ཚངས་དང་སྐྲ་མཚམས་འཕྲད་སར་བཏབ་པས། སྨིན་མའི་ནང་རྩེ། སྤྱན་གྱི་ནང་ཟུར། ཤངས་ཀྱི་རྟིང་པ། ཞལ་གྱི་གྲྭ། ཀོས་ཀོའི་ཞེང་རྣམས་ཤེས། ཡང་ཚངས་དང་སྐྲ་མཚམས་འཕྲད་ས་ནས་འོག་ཏུ་སོར་གསུམ་ན་སྨིན་མ། དེ་འོག་ནས་གང་ན་སྤྱན། དེ་འོག་ནས་ཕྱེེད་ན་སྤྱན་གྱི་མས། དེ་འོག་ནས་ཕྱེད་བཞི་ན་ཤངས་ཀྱི ་རྩེ་སྟེ་འཕྲེད་ཐིག་བཞི་བཏབ། ཚངས་དང་སྐྲ་མཚམས་འཕྲད་ས་ནས། ཤངས་རྩེའི་འཕྲེད་ཐིག་གི་རྩེ་སོ་སོར་བཏབ། ཀོས་ཀོའི་ཐིག་དང་ཚངས་པ་འཕྲད་ས་ནས་གཡས་གཡོན་དུ་སོར་དོ་སོང་བ་ནས། སྨིན་མའི་ཐིག་གི་རྩེ་སོ་སོར་བཏབ་པས། སྟེང་དུ་བསྣོལ་མ་གཉིས་དང་། འོག་ཏུ་ བསྣོལ་མ་གཅིག་འབྱུང་། སྔ་མ་གཉིས་ནི་སྤྱན་སོ་སོའི་ཕྱི་ཟུར་དང་། འོག་ནས་ཡ་མཆུའི་རྩ་རྟོགས་སོ། །ཐིག་ཁང་འདི་ལ་ས་གནོན་མཉམ་གཞག་གི་འགྲོས་སུ་བཤད་ཀྱང་།ཕྱག་གི་འགྲོ་ཚུལ་ཤིན་ཏུ་མང་བས་བྲིར་མ་ལྡོངས་ཤིང་། དེ་དག་མཐོང་རྒྱུན་ལྟར་གལ་ཆེའོ། །

      ཐིག་ཁང་གཉིས་པ། བདེ་མཆོག་ཀ་རྡོར་དུས་འཁོར་སོགས་ཀྱི་ཐིག་ལ་ཚངས་ཐིག་བཏབ། དེའི་གཡས་གཡོན་ཞལ་ཚད་རེའི་ཐིག་ལྔ་རེ་གདབ་ལ། གཡས་ཀྱི་ཞལ་ཚད་དང་པོ་དང་། གཡོན་གྱི་ཞལ་ཚད་གཉིས་པ་ཕྱེད་དུ་བགོས་པའི་ཐིག་སྟེ་དཀྱུས་ཐིག་བཅུ་གསུམ། འཕྲེད་ཐིག་ལ། དང་པོ་ནོར་བུའི་ཐིག །དེ་ནས་སོར་བཞི་ན་གཙུག་ཏོར། བཅུ་གཉིས་ན་ཐོད་དཔངས། བཞི་ན་སྐྲ་མཚམས། བཅུ་གཉིས་ན་ཀོས་ཀོ། བཞི་ན་མགྲིན་པ། བཅུ་གཉིས་ན་ཐུགས་ཀ །བཅུ་གཉིས་ན་ལྟེ་བ། བཞི་ན་ལྟེ་འོག །བཅུ་གཉིས་ན་གསང་གནས། བཅུ་གཉིས་ན་པུས་མོ། བཞི་ན་རྗེ་ངར། བཅུ་གཉིས་ན་རྗེ་ངར་དབུས། བཅུ་གཉིས་ན་ཞབས་འབོལ། བཞི་ན་ཞབས་མཐིལ་གྱི་ཐིག་སྟེ། འཕྲེད་ཐིག་བཅོ་ལྔའོ། 

      དེ་ནས་ནོར་བུའི་རྩེ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་གཡས་སུ་སོར་ལྔ་ན་མཚན་མ་དང་།མགྲིན་ཐིག་འོག་ཚངས་སྟེང་ནས་ཐུར་དུ་སོར་དྲུག །དེ་ནས་གཡོན་དུ་སོར་དྲུག་ན་མཚན་མ། དེ་གཉིས་ཐིག་གིས་སྦྲེལ། དེ་ནས་ཚངས་གསང་འཕྲད་མཚམས་ན་སྦྲེལ་བས། འགྱིང་ཐིག་སྟེ་འགྱིང་ཚད་སྟོན། ཞལ་ཐིག་ནི་གཡས་ཀྱི་ཞལ་ཚད་དང་པོ་དང་ཚངས་པ་འཕྲད་ས་ནས་འོག་ཏུ་སོར་ཕྱེད་བཞིའི་སར་མཚན་མ། ཡང་གཡོན་གྱི་ཞལ་ཚད་དང་པོའི་ཐིག་དང་། ཐོད་ཁྱིམ་འཕྲེད་པ་ནས་གྱེན་དུ་སོར་ཕྱེད་བཞིའི་སར་མཚན་མ། དེ་གཉིས་སྦྲེལ་བས་ཞལ་འགྱིང་བའི་སྐྲ་མཚམས། ཡང་གཡས་ཀྱི་ཞལ་ཚད་དང་པོ་དང་མགྲིན་ཐིག་འཕྲད་པ་ནས་གྱེན་དུ་སོར་གསུམ། དེ་ནས་ནང་དུ་སོར་གསུམ་བསྐུམས་པའི་སར་མཚན་མ། གཡོན་དུ་ཞལ་ཕྱེད་དོའི་ཐིག་དང་ཀོས་ཀོའི་ཐིག་འཛོམ་ས་ནས་གྱེན་དུ་སོར་བཞིའི་སར་མཚན་མ། དེ་གཉིས་སྦྲེལ་བས་ཀོས་ཀོའི་ཐིག །འགྱིང་ཞལ་གྱི་ཚངས་ཐིག་ནས་གཡས་གཡོན་སོར་དྲུག་རེ་ན་མགྲིན་ཐིག །དེ་ནས་སོར་དོ་རེ་ན་སྙན་གྱི་ཐིག །དེ་ནས་གཡས་གཡོན་སོར་བཞི་རེ་ན་ཟུར་ཞལ་གྱི་ཐིག་སྟེ་སླར་ཡང་གཡོན་དུ་སོར་དོ་ན་རྒྱབ་ཞལ་གྱི་དཀྱུས་ཐིག་བྱའོ། །

         ཕྱག་གི་སྐོར་ཐིག་ལ། ཐུགས་ཀའི་ཐིག་དང་ཚངས་པ་འཛོམ་ས་ནས་གཡས་སུ་སོར་དྲུག །དེ་ནས་གྱེན་དུ་སོར་ཕྱེད་བཞི་ནས་བཟུང་སྟེ་སོར་ཉི་ཤུས་བསྐོར་ཏེ།ཡས་མས་དབུས་ཀྱི་ཞལ་དང་པོའི་ཐིག་ལ་རེག་པར་བྱ་བ་གྲུ་མོའི་ཚིག་མཚམས་སོ། །ཡང་མཚམས་དེ་ནས་སོར་བཅུ་དྲུག་བསྣན་ནས་བསྡོམས་པས་སོར་སོ་དྲུག་གིས་བསྐོར་བ་ཡར་སྣེ་གཡས་ཀྱི་ཞལ་ཚད་དང་པོ་དང་། མར་སྣེ་ཞལ་ཚད་གཉིས་པའི་ཐིག་ལ་རེག་པ་ནི་མཁྲིག་མའི་ཐིག །ཡང་མཚམས་དེ་ནས་སོར་ཞེ་གཉིས་པའི་སྐུད་པས་སྔར་གྱི་ཡས་མས་དང་འདྲ་བ་བྱས་ནས་བསྐོར་བས་ཕྱག་གི་ཕྱི་སྐོར་རོ། །

        གཡོན་ཕྱག་ནི། ཐུགས་ཚངས་འཕྲད་ས་ནས་གཡོན་དུ་ཞལ་ཕྱེད་གཉིས། དེ་ནས་གྱེན་དུ་སོར་ཕྱེད་དྲུག་ན་བཟུང་སྟེ་སོར་ཉི་ཤུ། སོར་དྲུག །ཞེ་གཉིས་གསུམ་གྱིས་བསྐོར་བ། གཡོན་གྱི་ཞལ་ཚད་གཉིས་པའི་ཐིག་ལ་རེག་པར་བྱའོ། །ཚངས་གསང་འཕྲད་ས་ནས་ལོང་བུའི་ཐིག་དང་གཡས་ཀྱི་ཞལ་ཚད་གསུམ་པ་འཕྲད་སར་བཏབ། དེ་ནས་ཕྱིར་སོར་བཞི་ནས་ཐུགས་ཚངས་འཛོམ་སར་བཏབ་པས། གཡས་བརྐྱང་གི་ཚད་རྟོགས། ལྟེ་འོག་དང་། གཡོན་གྱི་ཞལ་ཚད་དང་པོ་འཕྲད་ས་ནས། གཡོན་གྱི་ཞལ་ཚད་གཉིས་པ་དང་། བརླ་ཐིག་འཛོམ་སར་བཏབ། ཚངས་གསང་འཛོམ་ས་ནས། པུས་ཐིག་དང་གཡོན་གྱི་ཞལ་ཕྱེད་དོའི་ཐིག་འཕྲད་མཚམས་བར་བཏབ་པས་གཡོན་གྱི་བརླ་དང་། བརླའི་ནང་གི་མར་སྣེ་ནས། ལོང་བུ་དང་གཡོན་གྱི་ཞལ་ཚད་དང་པོ་འཛོམ་སར་བཏབ། ལོང་བུ་དང་གཡོན་གྱི་ཞལ་ཕྱེད་དོའི་ཐིག་འཛོམ་ས་ནས་ནང་དུ་སོར་བཞི་འོང་བ་ནས་བརླའི་ཕྱི་ཐག་གི་མར་རྩེ་བར་བཏབ་པས་ཞབས་གཡོན་བསྐུམས་ཀྱི་ཚད་རྟོགས། འདིའི་ཁོངས་སུ་མ་ཧཱ་མ་ཡ་སོགས་དྲང་སྲོང་ཁྲོས་པའི་ཉམས་ཅན་གྱི་ཡི་དམ་བཞེངས་སྟབས་ཅན་རྣམས་འདུས་པའོ། །

      ཐིག་ཁང་གསུམ་པ། སྤྱན་རས་གཟིགས་སོགས་ཕྱག་སྟོང་དབུ་མང་གི་ཐིག་ནི། ཚད་གང་འདོད་ཀྱི་ཚངས་ཐིག་བཏབ་ལ།ནས་རིམ་བཞིན། འཕྲེད་ཐིག་དང་པོ་ནོར་བུའི་རྩེ་ཐིག །དེ་ནས་རིམ་བཞིན།  སོར་ཕྱེད་ན་གཙུག་ཏོར་གྱི་ཐིག །སོར་གང་ན་ཐོད་ཁྱིམ། སོར་ཕྱེད་ན་སྐྲ་མཚམས། སོར་བཞི་ན་སྟེང་ཞལ། དེ་བཞིན་དུ། སོར་དོ། དྲུག །བཞི། བརྒྱད། བཞི། བརྒྱད་དེ་ཞལ་གཉིས་པ་གསུམ་པ་བཞི་པ་རྣམས་ཀྱི་སྐྲ་མཚམས་དང་ཞལ་རྣམས་ཏེ་འཕྲེད་ཐིག་བཅུ་གཅིག །དེ་ནས་སོར་བཞི་ན་རྩ་ཞལ་གྱི་སྐྲ་མཚམས། བཅུ་གཉིས་ན་ཀཽས། བཞི་ན་མགྲིན་པ། བཅུ་གཉིས་ན་ཐུགས་ཀ །བཅུ་གཉིས་ན་ལྟེ་བ། བཞི་ན་ལྟེ་འོག །བཞི་ན་དཔྱི། བརྒྱད་ན་གསང་གནས། ཉེར་བཞི་ན་བརླ། བཞི་ན་པུས་མོ། ཉེར་བཞི་ན་བྱིན་པ། བཞི་ན་བོལ་ཏེ་འཕྲེད་ཐིག་བཅུ་གཉིས་སོ། །

       ཡང་ཚངས་པའི་གཡས་གཡོན་དུ་སོར་དོ་ན། སྟེང་ཞལ་གྱི་འགྲམ་ཐིག །དེ་བཞིན་དུ་སོར་གསུམ་ན་སྤྲུལ་སྐུའི། ཕྱེད་བཞི་ན་ལོངས་སྐུའི་འགྲམ་ཐིག །དེའི་གཡས་གཡོན་དུ་སོར་ཕྱེད་ན་དེའི་ཟུར་ཞལ། ཚངས་པའི་གཡས་གཡོན་དུ་སོར་བཞི་ན་རྒྱས་པའི་ཞལ་འགྲམ། དེ་ནས་སོར་དོ་ན་དེའི་ཟུར་ཞལ། ཡང་ཚངས་པའི་གཡས་གཡོན་དུ་སོར་དྲུག་ན་ཆོས་སྐུའམ་རྩ་ཞལ་གྱི་འགྲམ་ཐིག །དེའི་གཡས་གཡོན་དུ་སོར་བཞི་ན་དེའི་ཟུར་ཞལ་དང་མཆན་རྩེ་ཐུན་མོང་གི་ཐིག །དེའི་གཡས་གཡོན་སོ་སོའིམཚམས་ཤེས་བྱེད་ལས།ཐིག་རིང་པོ་མི་དགོས། དེ་ནས་སོར་བཞི་ན་དཔུང་པའི་ཕྱི།  དེ་ནས་སོར་བརྒྱད་ན་རྩ་ཕྱག་འབྲེལ་མཚམས་ཏེ། དཀྱུས་ཐིག་རིང་པོ་གཡས་གཡོན་གྱི་གཉིས་རེ་དང་། ཚངས་ཐིག་སྟེ་ལྔ་ཁོ་ནའོ། །ཐུགས་ཀའི་ཐིག་དང་མཆན་རྩེའི་ཐིག་འཕྲད་མཚམས་ནས་གྱེན་དུ་སོར་དོ་སོང་བ་ནས་བཟུང་། རྩ་ཞལ་གྱི་སྐྲ་མཚམས་ཐིག་དང་། དཔུང་པའི་ཕྱི་ཐིག་འཕྲད་མཚམས་ནས་འོག་ཏུ་སོར་ཕྱེད་ནས་བསྐོར་ཏེ།  མར་སྣེ་ཡང་དེ་ཉིད་ལ་གཏུགས་པས་རྩ་ཕྱག་གི་ཕྱི་ཐིག་དང་། དེའི་ཕྱི་ཐིག་སོར་བཞི་བཞི་སྟེ་རིམ་པ་ལྔ་ཐིག་དེ་ཉིད་ལ་གཏུགས་པས། སྤྲུལ་ཕྱག་ལྷག་མ་རྣམས་ཀྱི་འགྲོ་ཚད་རྟོགས། དེ་ལྟར་རིམ་པ་ལྔ་པོ་འཁོར་ལོའི་རྩིབས་ལྟར་ཆ་དྲུག་ཏུ་བགོ  །

     ནང་མའི་ཆ་རེ་རེའང་བཅུ་གཉིས་ནས་བཟུང་། ཕྱི་མ་ཉི་ཤུའི་བར་དུ་སྟེ་བཅུ་གཉིས། བཅུ་བཞི། བཅུ་དྲུག །བཅོ་བརྒྱད། ཉི་ཤུ་སོགས་སུ་བགོས་པས་ཤེས་ནུས་སོ། །འདིའི་ཁོངས་སུ་གདུགས་དཀར་སོགས་ཕྱག་སྟོང་ཅན་རྣམས་ཀྱང་འདུས་སོ།། །།

   

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章