ཐེག་པ་ཆེ་ཆུང་གི་བཀའ་བསྡུའི་སྐོར་དང་བསླབ་པ་གསུམ་གྱི་རྣམ་གཞག །

文摘   文化   2024-10-08 15:42   青海  


ཐེག་པ་ཆེ་ཆུང་གི་བཀའ་བསྡུའི་སྐོར།

      འཕགས་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་དེ་ཐོག་མར་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་ཤིང་། ཆོས་འཁོར་དང་པོ་འདི་ཡོངས་གྲགས་ཀྱི་ཚུལ་དུ་གསུངས་པ་ཞིག་ཡིན། དེའི་རྗེས་སུ་གསུངས་པའི་ཤེར་ཕྱིན་གྱི་གཞུང་ལ་སོགས་པ་རྣམས་གདུལ་བྱ་ལས་དག་ཉུང་ཤས་ཀྱི་ངོར་གསུངས་པ་ལས་ཡོངས་གྲགས་ཀྱི་ཚུལ་དུ་གསུངས་པ་མིན། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་ཞེས་གསུངས་པ་ལྟར། ཆོས་འཁོར་འདི་དག་གསུང་ཡུལ་ལ་མིའི་གདུལ་བྱ་ལས་དག་གི་རིགས་ཡོད་པའི་སྟེང་རང་རེ་མི་ཐ་མལ་པས་མཐོང་མི་ནུས་པའི་ལྷ་དང་གནོད་སྦྱིན་དང་དྲི་ཟ་སོགས་ཀྱི་ལས་དག་གི་གདུལ་བྱ་མང་པོའི་སར་གསུངས་པ་ཡིན་པས་ཡོངས་གྲགས་ལོ་རྒྱུས་ནང་ཕལ་ཆེར་འཁོད་མེད། 

        དེར་བརྟེན་ཐེག་ཆེན་གྱི་གཞུང་རྣམས་ཡོངས་གྲགས་དགྲ་བཅོམ་འོད་སྲུང་སོགས་ཀྱིས་བཀའ་བསྡུ་མཛད་པའི་ནང་མི་གསལ་ཞེས་དོགས་པ་བཀོད་པར་སློབ་དཔོན་ལེགས་ལྡན་གྱིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་འཇམ་དབྱངས། ཕྱག་རྡོར་ལ་སོགས་པ་ས་ལ་གནས་པའི་ལྷ་སྐུའི་རྣམ་པ་ཅན་གྱི་སེམས་དཔའ་ཆེན་པོ་དེ་དག་གིས་ཐེག་ཆེན་གྱི་གཞུང་མང་པོ་བཀའ་བསྡུ་མཛད་ཡོད་ཅེས་གསུངས་པ་ཕལ་ཆེར་དོན་ལ་གནས་པ་ཡིན། དེ་ཡང་ཐེག་ཆེན་གྱི་མདོ་དེ་དག་གདུལ་བྱ་ལས་དག་གི་ངོར་གསུངས་པ་ཡིན་པས་དེའི་འཁོར་དུ་ཡོད་པ་རྣམས་ཀྱིས་བཀའ་བསྡུ་གནང་བ་ལས་ཡོངས་གྲགས་ཀྱི་ཚུལ་དུ་བཀའ་བསྡུ་གནང་བའི་གྲས་སུ་མེད།

       དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་སྐོར་ལས་ཡོངས་གྲགས་ཀྱི་ཚུལ་དུ་གསུངས་པའི་བཀའ་སྡེ་སྣོད་གསུམ་ཞེས་པཱ་ལིའི་ནང་བཞུགས་པ་རྣམས་དེང་སང་ཡང་འབར་མ་དང་ཐའེ་ལནྜ། ཤྲཱི་ལང་ཀ་བཅས་སུ་དར་ཁྱབ་ཆེན་པོའི་ཚུལ་དུ་གནས་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱང་ཐོག་མར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལྟར་སྟོན་པས་གདུལ་བྱར་ཆོས་བསྟན་པའི་ཚེ་ཡང་ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པ་གསུངས་ཤིང་། དེ་ལ་ཡང་ཁྱིམ་པའི་ཚུལ་ཁྲིམས་དང་རབ་བྱུང་གི་ཚུལ་ཁྲིམས་གཉིས་སུ་གསུངས། བཅོམ་ལྡན་འདས་རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་མཛད་པ་ལྟར།

        བཅོམ་ལྡན་འདས་ཀྱི་གདུལ་བྱའི་གྲས་སུ་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཆོས་ཉམས་སུ་ལེན་པའི་རིགས་ཤིག་དང་། ཡང་དགེ་བསྙེན་གྱི་བསླབ་པ་ནོད་དེ་ཁྱིམ་པའི་གནས་བཟུང་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཉམས་སུ་ལེན་པའི་རིགས་ཤིག་སྟེ་སྡེ་ཚན་གཉིས་བྱུང་ཡོད། སྡེ་ཚན་དང་པོས་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་ལེན་གཙོ་བོར་བྱེད་པ་ཡིན།

བསླབ་པ་གསུམ་གྱི་རྣམ་གཞག །

       ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་ཡོད་པའི་སྟེང་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་བྱེད་པའི་མདོ་སྡེའི་སྡེ་སྣོད་ཀྱི་དོན་ཉམས་སུ་བླངས་ནས་སེམས་ལ་སྦྱོང་བརྡར་བྱས་ཏེ། སེམས་ཀྱི་ནུས་པ་ཤུགས་ཇེ་ཆེར་གཏོང་བར་བྱེད་པ་ཡིན། རྒྱུན་དུ་རང་རེའི་སེམས་དེ་རྣམ་གཡེང་གི་གཞན་དབང་ཁོ་ནའི་ངང་གནས་པ་ཡིན་པས་སེམས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ནུས་ཀྱི་མེད། ཏིང་ངེ་འཛིན་གྱི་བསླབ་པས་གཙོ་བོ་དྲན་ཤེས་བསྟེན་ཏེ་སེམས་ཀྱི་ནུས་པ་གཅིག་ཏུ་སྒྲིལ་བར་བྱེད་པ་སྟེ། དམིགས་པ་གང་ཡང་རུང་བ་ཞིག་ལ་དམིགས་ནས་རང་གིས་ཇི་ལྟར་འདོད་པ་ལྟར་སྐབས་བབ་ཀྱི་དམིགས་པ་དེ་གའི་སྟེང་བློ་ལྷན་ནེེར་གནས་པའི་ཐབས་བྱེད་པ་ལྟ་བུས་བློ་ལ་སྦྱོང་བརྡར་སྤྲད་དེ། བློའི་ནུས་པ་ཤུགས་ཇེ་ཆེར་གཏོང་བར་བྱེད་པ་ཡིན། དེ་ལྟར་ཚུལ་ཁྲིམས་ཀྱི་བསླབ་པའི་སྟེང་ནས་ཏིང་ངེ་འཛིན་གྱི་བསླབ་པ་འོང་བ་ཡིན།

         དེ་ནས་སེམས་ཀྱི་ནུས་པ་ཤུགས་ཇེ་ཆེར་ཕྱིན་མཚམས་གཙོ་བོ་བདག་མེད་པའི་དོན་བསམས་ཏེ་བདག་མེད་རྟོགས་པའི་ཤེས་རབ་སྐྱེད་པར་བྱེད་པ་ཡིན། སངས་རྒྱས་པའི་བསླབ་པ་གསུམ་གསུངས་པའི་སྐབས་ཀྱི་ཤེས་རབ་ཀྱི་བསླབ་པ་དེ་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ལ་གསུང་བཞིན་ཡོད། སྤྱིར་བསླབ་པ་གསུམ་གྱི་རྣམ་གཞག་ཙམ་མུ་སྟེགས་པ་དང་ཡང་ཐུན་མོང་བ་ཡིན། སངས་རྒྱས་པའི་གཞུང་ནས་བསླབ་པ་གསུམ་པོ་དེ་གཙོ་བོ་བདག་མེད་པའི་ལྟ་བའི་ཁྱད་པར་དང་འབྲེལ་ནས་གསུང་བཞིན་ཡོད། དཔེར་ན། ཚུལ་ཁྲིམས་ཀྱི་བསླབ་པ་ལྟ་བུ་ཐར་པ་སྒྲུབ་པའི་དོན་དུ་གསུངས་ཤིང་། ཐར་པའི་རྣམ་གཞག་ཀྱང་བདག་མེད་པའི་ལྟ་བ་དང་འབྲེལ་བའི་སྒོ་ནས་གསུངས། དེ་ལྟ་བུའི་ཐར་པ་འཐོབ་པའི་ཆེད་དུ་དམིགས་ཏེ་ལུས་ངག་གི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་སངས་རྒྱས་པའི་ལུགས་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བརྗོད། དེ་ལྟ་བུའི་ཐར་པ་འཐོབ་ཕྱིར་བདག་མེད་རྟོགས་པའི་ཤེས་རབ་བསྒོམ་པའི་དོན་དུ་རྩེ་གཅིག་པའི་ཞི་གནས་སྒྲུབ་པ་ཡིན་པས་དེ་འདྲའི་ཞི་གནས་ལ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཞེས་བརྗོད་པ་ཡིན། ཤེས་རབ་ཀྱི་བསླབ་པ་ལ་ཡང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་ཡང་ཡོད་ཅིང་དེ་དག་ཕྱི་ནང་ཐུན་མོང་བ་ཡིན།

          དེ་དག་ལས་ཁྱད་ཞུགས་ཏེ་བདག་མེད་པའི་ལྟ་བ་ལ་རྩེ་གཅིག་ཏུ་དམིགས་ཤིང་།  ཞི་གནས་ཀྱི་གྲོགས་དང་བཅས་པའི་སོ་སོར་རྟོག་པའི་ཤེས་རབ་བམ་ལྷག་མཐོང་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བརྗོད། དེ་ལྟར་བསླབ་པ་གསུམ་པོ་དེ་བདག་མེད་པའི་ལྟ་བ་དང་འབྲེལ་ནས་གསུངས་པས་ལྷག་པའི་བསླབ་པ་ཞེས་ལྷག་པའི་ཚིག་སྦྱར་ནས་གསུངས། འདི་དག་པཱ་ལིའི་གཞུང་ནས་གསུངས་པ་དེ་ཡིན།

         ཐེག་པ་ཆེན་པོས་ཇི་ལྟར་གསུང་བ་ཡིན་ཞེ་ན། རང་གཅིག་པུའི་དོན་དུ་ཐར་པ་བསྒྲུབ་རྒྱུ་གཙོ་བོ་མིན་པར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ལ་ཕན་བདེ་བསྒྲུབ་པའི་བློ་བསྐྱེད་རྒྱུ་གཙོ་བོར་བྱས་ཏེ་བློ་དེས་གཞན་ལ་ཕན་བདེ་བསྒྲུབ་པའི་བསམ་བློ་གཏོང་བཞིན་ཡོད། གཞན་ལ་ཕན་བདེ་བསྒྲུབ་ཅེས་པ་ཡང་དཔེར་ན། སོ་སོ་རང་ཉིད་ལ་མཚོན་ན་སེམས་དུལ་བའི་སྟེང་ནས་བདེ་སྐྱིད་བསྒྲུབ་དགོས་པ་ལས་དེ་ལས་གཞན་དུ་རང་གི་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་མེད་ལ། ཕྱི་དངོས་པོའི་ཡར་རྒྱས་རྐྱང་པའི་སྟེང་ནས་རང་གི་སྡུག་བསྔལ་རྩ་བ་ནས་ཞི་ཐུབ་པ་ཞིག་འོང་ཐབས་མེད། སེམས་ཅན་གཞན་ལ་མཚོན་ནའང་དེ་དག་ལ་བདེ་སྐྱིད་ཡོང་བ་ལ་གཙོ་བོ་སེམས་ཅན་རང་རང་གིས་བསམ་བློ་བཏང་སྟེ་སྡུག་བསྔལ་གྱི་རྒྱུ་གང་ཡིན་ལེགས་པར་ངོ་འཕྲོད་པའི་སྟེང་ནས་སྡུག་བསྔལ་གྱི་རྒྱུའི་གཉེན་པོ་བསྟེན་ནས་སྡུག་བསྔལ་ལས་ཐར་བར་བྱེད་དགོས་པ་ཡིན། 

     དཔེར་ན། རང་སྡུག་བསྔལ་ལས་ཐར་བ་ལ་ཐོག་མར་སྡུག་བསྔལ་གྱི་རྒྱུ་ངོ་ཤེས་པར་བྱེད་པ་དང་། དེ་ནས་དེ་ལ་གཉེན་པོ་བསྟེན་ཏེ་དེ་བཀག་པའི་སྒོ་ནས་འབྲས་བུ་སྡུག་བསྔལ་ལས་ཐར་བར་བྱེད་དགོས་པ་དེ་བཞིན་དུ་སེམས་ཅན་གཞན་ལ་མཚོན་ནའང་། དེ་དག་མཐར་ཐུག་པའི་བདེ་བ་ལ་འགོད་པ་ལ་ཐོག་མར་བླང་དོར་གྱི་གནད་བསྟན་ཏེ་བླང་དོར་གྱི་གནད་ཤེས་པའི་སྒོ་ནས་རང་རང་གི་སྡུག་བསྔལ་ལས་ཐར་བར་བྱེད་དགོས་པ་ཡིན།

        བླང་དོར་གྱི་གནད་བསྟན་པ་ལ་བླང་དོར་གྱི་གནད་བསྟན་ཡུལ་གྱི་གདུལ་བྱའི་ཁམས་དང་མོས་པ། བག་ལ་ཉལ། དབང་པོའི་ཁྱད་པར་སོགས་ཤེས་དགོས་ཤིང་། དེ་མ་ཤེས་ན་རང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་བཤད་ཀྱང་དོན་དུ་འགྱུར་མིན་ཐེ་ཚོམ་ཡིན། དཔེར་ན། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྟོོན་པ་དང་། །ཞེས་གསུངས་པ་ལྟར་ཡུལ་ཕ་རོལ་པོའི་ངོས་ནས་རྒྱུ་ཚོགས་སྨིན་པ་ཞིག་མ་བྱུང་ན་ཆོས་ཇི་ཙམ་ཟབ་པོ་ཞིག་བཤད་ཀྱང་དེས་ཕན་ཐོགས་མི་འབྱུང་བའི་གནས་སྟངས་འོང་བཞིན་ཡོད། གདུལ་བྱའི་ཁམས་དང་མོས་པ། བསམ་པ་སོགས་ཇི་བཞིན་ཤེས་པ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རྣམས་ལ་ཡང་མི་འབྱུང་། ཉོན་མོངས་པའི་དགྲ་བཅོམ་པ་ཙམ་གྱིས་གཞན་གྱི་ཁམས་དང་མོས་པ་ཇི་བཞིན་ཤེས་པ་མི་འོང་།

        ཉོན་མོངས་པས་རང་རྒྱུད་ལྡན་གྱི་གང་ཟག་དེ་ཉིད་ཉོན་མོངས་པར་བྱེད་པ་ཙམ་ཡིན་ལ། དེས་བཞག་པའི་བག་ཆགས་ཀྱིས་ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པ་ཡིན་པས་གཞན་གྱི་ཁམས་དང་མོས་པ་དང་། དབང་པོའི་ཁྱད་པར་ཇི་བཞིན་ཤེས་པ་ལ་ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པའི་སྒྲིབ་པ་བསལ་དགོས། དེ་ལྟ་བུའི་སྒྲིབ་པ་མ་བསལ་བར་གཞན་དོན་ཉི་ཚེ་བ་ཙམ་ཞིག་ལས་གཞན་དོན་མཐར་ཐུག་པ་བསྒྲུབ་མི་ནུས། དེས་ན། གཞན་དོན་སྒྲུབ་པའི་ལྷག་བསམ་བསྐྱེད་པ་ལྟར། ཁ་ཡོད་ལག་ཡོད་ཀྱི་གཞན་དོན་བསྒྲུབ་པ་ལ་རྣམ་མཁྱེན་མ་ཐོབ་པར་ཐབས་མི་འདུག་སྙམ་པའི་ངེས་པ་རྙེད་པ་ཞིག་འོང་བ་ཡིན། དེ་ལྟར་ཐེག་པ་ཆེན་པོ་བ་རྣམས་ཀྱིས་རང་གཅིག་པུའི་དོན་བསམ་པ་མིན་པར་མཐའ་ཡས་པའི་སེམས་ཅན་མཐའ་དག་གི་དོན་ལ་དམིགས་པར་བྱེད་པ་ཡིན། སེམས་ཅན་དེ་དག་གི་དོན་བསྒྲུབ་པའི་ཕྱིར་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པ་ཞིག་མ་བྱུང་ན་མི་འགྲིག་སྙམ་དུ་བསམ་པ་སྟེ།

མདོར་ན། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ལས་གཙོ་བོ་ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་ལ་འབད་པ་ཡིན། སྟོང་ཉིད་སྒོམ་པ་ཡང་ཉོན་མོངས་ཙམ་སྤོང་བའི་དོན་དུ་མིན་པར་གཙོ་བོ་ཤེས་བྱའི་སྒྲིབ་པ་སྤོང་བའི་དོན་དུ་སྒོམ་པར་གསུངས། དེའིེ་ཕྱིར་ཤེར་ཕྱིན་གྱི་གཞུང་ནས་སེམས་བསྐྱེད་གཞིར་བཞག་སྟེ་རྣམ་མཁྱེན་སྒྲུབ་པའི་ཐབས་ལམ་གསུངས་པ་ཡིན།

扫码

关注

别忘了点

分享、

收藏、

在看、

点赞

哦!

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章