༈ བསླབ་པ་གསུམ། ​སློབ་དཔོན་ཟམ་གདོང་རིན་པོ་ཆེ།

文摘   文化   2024-10-19 13:06   青海  

༈ བསླབ་པ་གསུམ།



   ༄༅།། སྤྱིར་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་དགོས་པ་ནི་ཉོན་མོངས་པ་ས་བོན་དང་བཅས་པ་སྤོང་བའི་ཐར་པ་དེ་འཐོབ་བྱར་བཟུང་བར་བརྟེན། དེ་ཐོབ་པ་ལ་ཉོན་མོངས་པའི་རྩ་བ་དེ་རྩད་ནས་གཅོད་དགོས་པ་ལ་ཐུག་པ་རེད། དེ་ལ་ཐོག་མར་ཉོན་མོངས་པའི་རྩ་བ་དེ་ངོས་གཟུང་དགོས། དེ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ལ་ཐུག་པ་ཡིན། དེ་ལ་གྲུབ་མཐའི་ཁྱད་པར་གྱིས་འཇིག་ལྟ་དང་། བདག་འཛིན། བདེན་འཛིན་སོགས་འཇོག གང་ལྟར་གནས་ལུགས་ལ་རྨོངས་པའི་མ་རིག་པ་ལ་ཉོན་མོངས་པའི་རྩ་བ་ཟེར། དེས་ན་དེ་ལྟ་བུའི་ཉོན་མོངས་པའི་རྩ་བ་དེ་སྤོང་བ་ལ་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་ཞིག་དགོས། དེ་ནི་བདག་མེད་རྟོགས་པའི་ཤེས་རབ་མ་གཏོགས་གཞན་ཞིག་མེད། དེ་ལྟ་བུའི་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་བ་ལ་ཏིང་ངེ་འཛིན་དགོས་པ་དང་། ཏིང་ངེ་འཛིན་སྐྱེ་བ་ལ་ཚུལ་ཁྲིམས་དགོས།

      ནང་པ་སངས་རྒྱས་པའི་གཞུང་གི་ནང་བསླབ་པ་གསུམ་པོ་དེ་སྟ་རེ་དང་། སྟ་རེ་དེ་འཛིན་པའི་དཔུང་པ། དཔུང་པ་གང་ལ་བརྟེན་པའི་གང་ཟག་བཅས་གསུམ་ལ་དཔེ་སྦྱར་ནས་གསུངས། དེ་ཡང་ཤེས་རབ་ཀྱི་བསླབ་པ་དེ་སྟ་རེ་ལྟ་བུ་དང། ཉོན་མོངས་པའི་ལྗོན་ཤིང་གཅོད་པ་ལ་སྟ་རེ་མེད་ན་གཅོད་མི་ཐུབ། དེ་ཡང་སྟ་རེ་རྐྱང་པས་གཅོད་མི་ཐུབ་པར་དེ་ཟིན་མཁན་གྱི་དཔུང་པ་བརྟན་པོ་ཞིག་དགོས། དེ་ལྟ་བུ་ནི་ཏིང་ངེ་འཛིན་བསླབ་པ་རེད། ཏིང་ངེ་འཛིན་གྱི་བསླབ་པ་མ་ཐོབ་པར་ཤེས་རབ་ཀྱི་བསླབ་པ་མི་ཐོབ། ཕྱོགས་གཞན་ནས་བཤད་ན། ཞི་གནས་མ་ཐོབ་པར་ལྷག་མཐོང་མི་ཐོབ། དེས་ན་ལྷག་མཐོང་ཐོབ་པ་ལ་ཞི་གནས་ཐོབ་པ་སྔོན་དུ་འགྲོ་དགོས། དེ་ལྟ་བུའི་ཏིང་ངེ་འཛིན་གྱི་བསླབ་པ་ནི་སེམས་ཕྱིེ་རོལ་གྱི་གཡེང་བ་རགས་པ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལྟོས་པ་ཡིན། ཚུལ་ཁྲིམས་ཀྱི་བསླབ་པ་མེད་ན་ཏིང་ངེ་འཛིན་གྱི་བསླབ་པ་དེ་ཡག་པོ་ཞིག་མི་ཡོང་། དེས་ན་ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པ་དེ་གལ་ཆེ་བ་ཡིན།

        ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྒྲས་བརྗོད་རིགས་སམ་གོ་དོན་ཙམ་གྱི་ཐོག་ནས་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་གསུམ་རེད། དེ་གསུམ་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་གཙོ་ཆེ་བ་རེད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ནང་གཞག་རྒྱུའི་ཚུལ་ཁྲིམས་མཚན་ཉིད་པ་དེ་སྡོམ་པའི་ཚུལ་ཁྲིམས་དེ་རེད། སྡོམ་པའི་ཚུལ་ཁྲིམས་ལ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཞེས་བརྗོད། དེ་ཡང་སྤོང་བ་བདུན་ནི་ལུས་ཀྱི་མི་དགེ་བ་གསུམ་དང་། ངག་གི་མི་དགེ་བ་བཞི་ལས་ལྡོག་པ་དེ་རེད། ལུས་ངག་གི་མི་དགེ་བའི་ལས་བདུན་ལས་ལྡོག་པའི་སྡོམ་པ་དེ་ལ་ཚུལ་ཁྲིམས་ཟེར། དེ་ཡང་ཀུན་སློང་དང་བཅས་པ་ལྡོག་པ་ཡིན་ན། བདུན་པོ་དེའི་ཐོག་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ། ཡང་དག་པའི་ལྟ་བ་བཅས་བསྣན་ན་སྤོང་བ་བཅུའམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ཀྱི་ཕུང་པོ་བསྡུས་ན་སྐབས་འདིར་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་གཙོ་བོའི་ཐོག་མི་དགེ་བཅུ་སྤོང་བའི་ཚུལ་ཁྲིམས་དེ་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་མ་དེ་རེད།

      མི་དགེ་བཅུ་སྤོང་བའི་དགེ་བའི་ལས་ལམ་བཅུ་པོ་དེ་ཇི་ལྟར་ཐོབ་ཅེ་ན། ཁས་བླངས་པ་ལ་བརྟེན་ནས་ཐོབ་པ་ཡིན། སྤོང་སེམས་སམ་སྤོང་བའི་དམ་བཅའ་མེད་པར་ཚུལ་ཁྲིམས་དེ་ཡོང་ཐབས་མེད། ཚུལ་ཁྲིམས་ཡོད་པ་ལ་རྟག་ཏུ་དགེ་བ་ཡོང་བ་རེད། དཔེར་ན། སྤྱོད་འཇུག་ལས། མི་ལྡོག་པ་ཡི་སེམས་ཀྱིས་སུ།། སེམས་དེ་ཡང་དག་བླངས་གྱུར་པ།། དེ་ནས་བཟུང་སྟེ་གཉིད་ལོག་གམ།། བག་མེད་གྱུར་ཀྱང་བསོད་ནམས་ཤུགས།། རྒྱུན་མི་འཆད་པར་དུ་མ་ཞིག།། ནམ་མཁའ་མཉམ་པར་རབ་ཏུ་འབྱུང་།། ཞེས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་ན། གཉིད་ལོག་གམ་བག་མེད་པར་གྱུར་ནའང་བསོད་ནམས་ཤུགས་ཀྱིས་འཕེལ་བ་རེད། སྡོམ་པ་ཞེས་པ་དེ་གང་ལ་བརྗོད་ཅེ་ན། མི་དགེ་བ་བཅུའི་ཉེས་དམིགས་མཐོང་ནས་དེ་ལས་ལྡོག་ཆེད་དཀོན་མཆོག་སོགས་ཀྱི་དྲུང་ནས་དུས་བཀག་གིས་དམ་བཅས་པ་དེ་ལ་ཟེར། དེ་ཡང་དུས་བཀག་ནི་སང་ཉི་མ་མ་ཤར་གྱི་བར་དང་། ཇི་སྲིད་འཚོའི་བར། བྱང་ཆུབ་མ་ཐོབ་ཀྱི་བར་སོགས་འདྲ་མིན་རེད། དེང་སང་ཚུལ་ཁྲིམས་ལྔ་བླང་རྒྱུ་དེ་ཐེག་དམན་པ་ལ་དར་ཁྱབ་ཆེ། སྡོམ་པ་ལ་གཟུགས་ཅན་དུ་འདོད་པ་དང་སྲུང་སེམས་སུ་འདོད་པའི་གྲུབ་མཐའ་མི་འདྲ་བ་གཉིས་ཡོད། ད་ལྟ་ང་ཚོ་སྲུང་སེམས་ཡིན་པ་ལ་ཆ་གཞག་རྒྱུ་ཡིན། དེ་འདྲ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླངས་པ་ལ་བརྟེན་ནས་ཉེས་པ་ལས་སླར་ལྡོག་འདོད་ཀྱི་སེམས་སམ་སྲུང་སེམས་དེ་ཚུལ་ཁྲིམས་ཀྱི་ངོ་བོ་རེད།

        དེ་ལྟ་བུའི་ཚུལ་ཁྲིམས་ལ་སོ་སོར་ཐར་པའི་དབང་དུ་བྱས་ན། སོ་ཐར་གྱི་རིགས་མི་འདྲ་བ་བདུན་རེད། དེ་ཡང་དགེ་བསྙེན་ཕ་མ་གཉིས་དང་། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། དགེ་སློབ་མ་བཅས་ཡིན། དེ་དག་ལས་ཆུང་བ་ཡན་ལག་ལྔ་སྤོང་བ་དང་། ཡན་ལག་བརྒྱད་ཙམ་སྤོང་བ། ཡན་ལག་བཅུ་སྤོང་བ་སོགས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ནི་ཁྱིམ་པ་དང་ཐུན་མོང་བ་རེད། དེ་བཞིན་དགེ་བསྙེན་ཕ་མའི་ཚུལ་ཁྲིམས་ཀྱང་ཁྱིམ་པ་དང་ཐུན་མོང་བ་རེད། དེས་ན་ཁྱིམ་པ་ཡིན་ནའང་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་རྒྱུ་མེད་པ་མིན། རབ་ཏུ་བྱུང་བ་ཡིན་ན་དགེ་ཚུལ་གྱི་སྡོམ་པ་དང་། དགེ་སློང་གི་སྡོམ་པ་རེད། དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཡོད་ན་ཐེག་པ་ཆེན་པོའི་ཚུལ་ཁྲིམས་དང་། སྔགས་ཀྱི་སྡོམ་པ་བླངས་ཡོད་ན་གསང་སྔགས་ཀྱི་ཚུལ་ཁྲིམས་དེ་རེད། གལ་ཏེ་སོ་ཐར་དང་། བྱང་སེམས། གསང་སྔགས་བཅས་སྡོམ་པ་གསུམ་ལྡན་ཡིན་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་རེད། དེ་བཞིན་ཁྱིམ་པ་རྡོ་རྗེ་འཛིན་པ་ཡིན་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་དགེ་བསྙེན་གྱི་ཚུལ་ཁྲིམས་ཀྱི་ཐོག་ཏུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་སྔགས་ཀྱི་ཚུལ་ཁྲིམས་བཟུང་ན་ཁྱིམ་པའང་སྡོམ་པ་གསུམ་ལྡན་རེད། རབ་བྱུང་རྡོ་རྗེ་འཛིན་པ་དང་ཁྱིམ་པ་རྡོ་རྗེ་འཛིན་པ་ལ་དེ་ཙམ་ཁྱད་པར་མེད། བསྲུང་བྱ་ལའང་རབ་བྱུང་རྡོ་རྗེ་འཛིན་པའི་བསྲུང་བྱ་ཕལ་མོ་ཆེ་ཁྱིམ་པ་རྡོ་རྗེ་འཛིན་པས་བསྲུང་དགོས་པ་སྔགས་གཞུང་དུ་གསལ། དེ་ལྟ་བུའི་སྡོམ་པ་ལ་སྡོམ་པའི་ཚུལ་ཁྲིམས་ཞེས་བརྗོད།

     རྣམ་དཀར་གྱི་བྱ་བ་གང་བྱས་པ་དེ་དག་ཐམས་ཅད་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སུ་བཤད། དེ་བཞིན་གཞན་དོན་དུ་ཆོས་སྟོན་པ་དང་། གཞན་ལ་ཕན་བདེ་སྒྲུབ་པའི་བྱ་བ་གང་བྱས་ཐམས་ཅད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སུ་འདུས་ཤིང་། དེའི་ནང་སྦྱིན་པ་རྣམས་གཙོ་ཆེ་བ་རེད། དེས་ན་ཚུལ་ཁྲིམས་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཞེས་བརྗོད་དགོས་པ་ནི་དགེ་བའི་བྱ་བ་ཐམས་ཅད་ཚུལ་ཁྲིམས་ཀྱི་ཁོངས་སུ་གཏོང་ཆོག གཙོ་བོ་ཚུལ་ཁྲིམས་མཚན་ཉིད་པ་ནི་སྡོམ་པའི་ཚུལ་ཁྲིམས་དེ་རེད།

      དེ་ལྟ་བུའི་སྡོམ་པ་བླངས་པའི་ཚུལ་ཁྲིམས་དེ་མི་ཉམས་པར་སྲུང་བ་ལ་ཚུལ་ཁྲིམས་ཉམས་པའི་རྒྱུ་བཞི་སྤོང་དགོས། དེ་དག་ནི་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཞེས་མི་ཤེས་པ་དེ་གཅིག་རེད། དེ་ནི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་མི་ཤེས་པ་རེད། མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ཞེས་མ་གུས་པ་དེ་གཉིས་པ་རེད། ཉེས་པ་དེ་ནི་ཆུང་ཆུང་རེད། དེས་གང་ཡང་བྱེད་ཀྱི་མ་རེད་ཅེས་སྣང་མེད་གཏོང་བ་དེ་རེད། བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ཞེས་བག་མེད་པ་དེ་གསུམ་པ་རེད། བག་མེད་པ་ནི་བློ་སྒྲིམ་པོ་མེད་པའི་དོན་རེད། གང་ལྟར་གཟབ་གཟབ་མ་བྱས་པ་དེ་རེད། ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་སྒོ་ཞེས་ཉོན་མོངས་མང་བ་དེ་བཞི་པ་རེད། མི་ཁ་ཤས་ཉོན་མོངས་ཧ་ཅང་རགས་ཤིང་། གལ་ཏེ་འདོད་ཆགས་དང་ཞེ་སྡང་ཧ་ཅང་ཤུགས་ཆེན་པོ་བཀག་མ་ཐུབ་པ་སྐྱེ་བ་དེ་རེད། དཔེར་ན་ཁ་ཤས་ཁོང་ཁྲོ་ལངས་ན་སྨྱོན་པ་བཞིན་ལག་ཏུ་གང་ཐོབ་གཞུས་པ་དང་སོ་བརྒྱབས་པ་སོགས་བྱེད་ཀྱི་ཡོད། དེས་ན་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་བསྲུང་བྱ་རྣམས་ངེས་པར་དུ་སྦྱང་བའམ་སློབ་གཉེར་བྱེད་དགོས། དཔེར་ན་དགེ་བསྙེན་གྱི་སྡོམ་པ་ཞུ་མཁན་གྱིས་དེ་མ་ཞུས་གོང་དུ་དགེ་བསྙེན་གྱི་བསྲུང་བྱ་རྣམས་ཤེས་དགོས་ཤིང་། ང་ཚོས་གནང་མཁན་ཞིག་འདུག་ཟེར་ཚད་ཀྱི་རྗེས་སུ་རྒྱུགས་པ་མ་གཏོགས། གནང་བའི་སྐབས་སུ་བསྲུང་བྱ་རྣམས་གྲངས་འདྲེན་ཙམ་ཡང་བསམ་བློ་གཏོང་གི་མེད། དཔེར་ན་དུས་འཁོར་དབང་ཆེན་སྐབས་སུ་མི་ཚང་མ་རྒྱུགས་པ་ལྟ་བུ་ཞིག་ཡོད། 

         འོན་ཀྱང་དེའི་ནང་སྐྱབས་སྡོམ་ལྟ་ཅི། བྱང་སྡོམ་དང་སྔགས་སྡོམ་བླང་གི་ཡོད་རུང་། གལ་ཏེ་བྱང་སྡོམ་གྱི་མི་མཐུན་ཕྱོགས་ག་ཚོད་ཡོད་མིན་འདྲི་ན། ཧ་ལམ་ཕལ་ཆེ་བ་ལ་བཤད་རྒྱུ་མེད། དེ་བཞིན་སྔགས་སྡོམ་གྱི་མི་མཐུན་ཕྱོགས་རྩ་ལྟུང་སྦོམ་པོ་འདྲི་ན། མང་ཆེ་བས་གྲངས་འདྲེན་ཙམ་ཡང་མི་ཤེས། གང་ལྟར་དམ་ཚིག་དང་སྡོམ་པའི་རྣམ་གྲངས་ཁྱོན་ནས་མ་ཤེས་པར་ཞུ་གི་ཡོད། དེ་བཞིན་དགེ་ཚུལ་སྒྲུབ་མཁན་རྣམས་ཀྱིས་བླངས་འདས་སོ་དྲུག་མ་ཤེས་པར་སྒྲུབ་པ་དང་། དགེ་སློང་སྒྲུབ་མཁན་རྣམས་ཀྱིས་སྔོན་དུ་འདུལ་བའི་སློབ་སྦྱོང་མ་བྱས་པར་བསྒྲུབས་པ་རེད། འདུལ་བའི་སློབ་སྦྱོང་རྗེས་སུ་བྱེད་ཀྱི་ཡོད། སྔོན་མ་སོག་པོ་ཞིག་གིས་དགེ་སློང་ཡོད་དུས་འདུལ་བ་མི་འདུག འདུལ་བ་ཡོད་དུས་དགེ་སློང་མི་འདུག་ཅེས་གསུངས་ཡོད། སོག་པོ་དེས་དགེ་སློང་སྒྲུབ་དུས་འདུལ་བ་ཤེས་ཀྱི་མེད་པ་དང་། རྗེས་སུ་འདུལ་བ་ཤེས་དུས་དགེ་སློང་གི་སྡོམ་པ་ཉམས་ཟིན་པ་རེད། དེས་ན་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་དེ་ངེས་པར་དུ་བཀག་དགོས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ནི་ཁྱིམ་པ་དང་རབ་བྱུང་ཚང་མས་བསྲུང་རྒྱུའི་ཚུལ་ཁྲིམས་ཤིག་ཡིན་ཙང་། མི་དགེ་བ་བཅུ་པོའི་ངོ་བོ་ངོས་ཟིན་དགོས་པ་མ་ཟད། གང་ཐུབ་ཀྱིས་སྲུང་སྡོམ་བྱེད་དགོས། དཔེར་ན་ང་ཚོས་རྟག་ཏུ་སྲོག་གཅོད་མི་བྱེད་ཅིང་། སྲོག་མི་གཅོད་པའི་གནས་སྐབས་མང་བ་དེ་སྡོམ་པའི་ངོ་བོར་བསྒྱུར་ནས་བསོད་ནམས་ཤིག་བླང་ན་ཁེ་བཟང་ཆེ་བ་རེད། དེ་བཞིན་རྫུན་མི་བཤད་པའི་སྐབས་མང་པོ་དེ་སྡོམ་པའི་ངོ་བོར་བསྒྱུར་ན་ལས་སླ་པོས་བསོད་ནམས་མང་པོ་ཞིག་གསོག་ཐུབ། དེས་ན་མི་དགེ་བཅུའི་རྣམ་གཞག་ཤེས་ནས་དེ་ལས་བློ་ལྡོག་ནས་མི་བྱེད་པའི་ཡིད་ཀྱིས་དམ་བཅའ་རེ་འཇོག་ཐུབ་ན་དེ་ལ་བརྟེན་པའི་སྲུང་སེམས་ཤིག་སྐྱེ་བ་ན་ཚུལ་ཁྲིམས་ཀྱི་བསླབ་པ་རང་རྒྱུད་ལ་སྐྱེ་བའི་མགོ་ཚུགས་པ་ཡིན། དེ་ནས་རིམ་བཞིན་བྲེ་གསོག་ཕུལ་གསོག་གིས་མཐར་སྔགས་བྱང་སེམས་སོ་ཐར་དང་བཅས་པའི་སྡོམ་པ་ཐམས་ཅད་རང་བཞིན་གྱིས་སྲུང་ཐུབ་པ་ཞིག་ཡོང་རྒྱུ་རེད། དེས་བརྟེན་ཚུལ་ཁྲིམས་ཀྱི་བསླབ་པ་ལ་འཇུག་པའི་སྐབས་སུ་ཐོག་མར་ཚུལ་ཁྲིམས་ཀྱི་ཕན་ཡོན་བསམ་པ་དང་། ཚུལ་ཁྲིམས་མ་སྲུང་བའི་ཉེས་དམིགས་བསམ་པ་བཅས་ཀྱི་སྒོ་ནས་ཚུལ་ཁྲིམས་ལ་བསླབ་མགོ་ཚུགས་དགོས། དེ་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་སྐབས་སུ་སྔགས་དང་བྱང་སེམས་སོ་ཐར་བཅས་པའི་སྡོམ་པ་བླང་ཐུབ་པ་ཆགས་པ་རེད། དེ་ལྟ་བུ་ཞིག་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ཟེར།

       དེང་སང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པ་ཁྱོན་ནས་མ་གོས་པ་ནི་རྩོད་ལྡན་གྱི་དུས་སུ་ཡོང་ཁག་པོ་ཡིན་པར་བཤད། ཚུལ་ཁྲིམས་ཡོངས་སུ་དག་པའི་གང་ཟག་གི་ཚད་ཇི་འདྲ་ཞིག་ལ་འཇོག་ཅེ་ན། སྡོམ་པ་དེའི་རྩ་བའི་ལྟུང་བས་མ་གོས་པ་དང་། ལྟུང་བ་གཞན་དང་ཞག་ཏུ་མི་འགྲོགས་པ་ཞིག་ཚུལ་ཁྲིམས་རྣམ་དག་གི་གྲངས་སུ་བརྩི། དཔེར་ན། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བླངས་ཡོད་ན། དེའི་རྩ་བའི་ལྟུང་བ་དེ་གང་རེད་ཅེ་ན། མི་དགེ་བ་བཅུའི་གཞི་ལ་དངོས་སུ་ཞུགས་ནས་དེའི་མཐར་ཐུག་གྲུབ་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་བའི་རྩ་བའི་ལྟུང་བ་དེ་བྱུང་བ་རེད། རྩ་བའི་ལྟུང་བ་མ་བྱུང་ཡང། སྦྱོར་བའི་ལྟུང་བ་དང་། སྦྱོར་བའི་སྦྱོར་བའི་ལྟུང་བ་བྱུང་བ། དཔེར་ན། སྲོག་གཅོད་པའི་ལས་ལམ་དངོས་གཞི་མ་གྲུབ་ནའང་སྲོག་གཅོད་པའི་སེམས་སྐྱེ་བ་དང་། སྲོག་གཅོད་པའི་སྦྱོར་བ་ལ་ཞུགས་པ། སྲོག་གཅོད་པའི་སྦྱོར་བའི་སྦྱོར་བ་ལ་ཞུགས་པ་ནི་དེ་དང་འདྲེས་པའི་ཉེས་པ་རྣམས་རེད། དེ་ལྟ་བུ་བྱུང་ན་ལམ་སེང་བཤགས་སྡོམ་བྱེད་དགོས། དགེ་ཚུལ་ཡིན་ན་ཕམ་འདྲ་བཞིས་མ་གོས་པ་དང། དགེ་སློང་ཡིན་ན་ཕམ་པ་བཞིས་མ་གོས་པའི་ཐོག་ལྷག་མ་མན་ཆད་ཀྱི་ལྟུང་བ་རྣམས་བྱུང་བའི་ཉིན་མོ་དེར་བཤགས་དགོས་པ་རྣམས་བཤགས་པ་དང་། བསྡམ་དགོས་པ་རྣམས་བསྡམས། ཕྱིར་བཅོས་དགོས་པ་རྣམས་ཕྱིར་བཅོས་ཀྱིས་འདུལ་བ་ནས་གསུངས་པའི་ཆོ་ག་བཞིན་ཉིན་རེར་གཙང་སེལ་དགོས་པ་དང་། སོ་ཐར་གྱི་སྡོམ་པ་དང་སྔགས་བྱང་སེམས་ཀྱི་སྡོམ་པ་ལ་མི་འདྲ་བའི་ཁྱད་པར་ནི་སོ་ཐར་གྱི་སྡོམ་པ་ཇི་སྲིད་འཚོ་བའི་མཐའ་ཅན་ཡིན་སྟབས། ཕམ་པ་འཆབ་བཅས་ཀྱི་གོས་ནས་སྡོམ་པ་ཉམས་ན་སྡོམ་པ་བསྐྱར་དུ་བླང་རྒྱུ་མེད། སྡོམ་པ་ཕུལ་ནས་གཏོང་ན་བསྐྱར་དུ་ཐེངས་གསུམ་བར་དུ་བླང་རྒྱུ་ཡོད། འོན་ཀྱང་རྩ་ལྟུང་བྱུང་ན་ཤིང་ཏཱ་ལའི་མགོ་བོ་བཅད་པ་བཞིན་སླར་མི་སྐྱེ། འོན་ཀྱང་སྔགས་བྱང་སེམས་ཀྱི་སྡོམ་པ་ལ་རྩ་ལྟུང་གིས་གོས་ནས་སྡོམ་པ་གཏོང་ན་བཤགས་སྡོམ་བྱས་ནས་བསྐྱར་དུ་བླང་རྒྱུ་ཡོད། གང་ལྟར་རྩ་བའི་ལྟུང་བས་མ་གོས་པར་ལྟུང་བ་གཞན་རྣམས་ཉིན་རེར་བཤགས་སྡོམ་གྱིས་འགྲོ་བ་རྣམས་ལ་ཚུལ་ཁྲིམས་རྣམ་དག་གི་གང་ཟག་ཟེར། དེ་ནི་དགེ་སློང་ཡིན་ན་ཚུལ་ཁྲིམས་རྣམ་དག་གི་དགེ་སློང་དང་། བྱང་སེམས་ཡིན་ན་ཚུལ་ཁྲིམས་རྣམ་དག་གི་བྱང་སེམས་ཞེས་བརྗོད།

      ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤ་གང་དུ་ཕེབས་ནའང་འབྲལ་སྤང་གི་ཚུལ་དུ་མཆོད་རྟེན་ཞིག་བསྣམས་པ་དེ་ལྟུང་བའམ་ཉེས་པ་བྱུང་ན་ལམ་སེང་དྲན་ཤེས་བཞིན་གྱིས་ཟིན་པར་གནང་ནས་མཆོད་རྟེན་གྱི་སྐུ་མདུན་དུ་བཤགས་སྡོམ་གནང་བ་རེད། བོད་དུ་ཕེབས་པའི་སྐབས་སུའང་མཉམ་དུ་འགྲོ་མཁན་གྱི་འགྲུལ་པ་ཚོ་ལ་དཀའ་ལས་ཁག་པོ་ཡོད་ཅིང་། ཇོ་བོ་རྗེས་བཤགས་སྡོམ་གནང་ནས་བཞུགས་པར་བརྟེན་སླེབས་སར་ཕྱིས་པོ་མ་གཏོགས་འབྱོར་ཐུབ་ཀྱི་མེད་པ་དང་། སྐབས་རེ་མི་མེད་ལུང་སྟོང་དུ་བསྡད་དགོས་པའང་ཡོང་གི་ཡོད། དེ་ལྟ་བུ་ཉེས་ལྟུང་དང་ཞག་ཏུ་མི་འགྲོགས་པ་ལ་ཚུལ་ཁྲིམས་ལྡན་པ་ཞེས་བརྗོད། དེ་འདྲའི་ཚུལ་ཁྲིམས་ལྡན་པའི་གང་ཟག་དེ་སེམས་ཕྱི་རོལ་གྱི་གཡེང་བ་ལས་དགའ་རབ་ཅིག་ལྡོག་ཟིན་པ་རེད། དཔེར་ན། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཤིག་སྲུང་ནའང་དེ་ལ་བརྟེན་པའི་ཁོང་ཁྲོ་དང་འདོད་ཆགས་རགས་པ་མང་པོ་རང་ཤུགས་ཀྱིས་འགགས་པ་དང་། སྒྲིག་ལམ་ལྟ་བུ་ཞིག་གི་ནང་ཚུད་ཟིན།

       དེ་ནས་ཏིང་ངེ་འཛིན་གྱི་བསླབ་པ་ལ་བསླབ་དགོས་ཤིང་། ལུས་སེམས་གཉིས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་སེམས་རྩེ་གཅིག་པ་ལ་ཏིང་ངེ་འཛིན་ནམ་བསམ་གཏན་གྱི་བསླབ་པ་ཞེས་བརྗོད། ལུས་སེེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་སེམས་རྩེ་གཅིག་པ་ཐོབ་ན་ཞི་གནས་ཐོབ་པ་རེད། དེ་ལྟ་བུ་ལ་བསམ་གཏན་གྱི་རྩིས་ཟིན་པ་ཞེས་བཤད། ཞི་གནས་ནི་ནང་པའི་ཐུན་མོང་མ་ཡིན་པ་ཞིག་མིན། བསམ་གཏན་སྒྲུབ་སྟངས་དེ་ཕྱི་ནང་ཐམས་ཅད་ལ་ཡོད། ཡིན་ནའང་ང་ཚོའི་ཞི་གནས་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ཆགས་སྟངས་ནི་ཞི་གནས་སྒོམ་པའི་སྐབས་སུ་ནང་པའི་ཐུན་མོང་མ་ཡིན་པའི་ཞི་གནས་དང་འབྲེལ་བའི་ཐོག་ནས་མི་སྡུག་པ་དང་། མི་རྟག་པ། སྟོང་པ། བདག་མེད་པ་རྣམས་ཞི་གནས་ཀྱི་དམིགས་པ་ལ་བཟུང་ནས་སྒྲུབ་པར་བརྟེན། ཐོག་མར་ཞི་གནས་སྒྲུབ་སྐབས་ནས་ཕྱི་རོལ་པའི་ཞི་གནས་ལས་ལྷག་པ་རེད། སེམས་ཀྱི་དྭངས་ཆ་དང་གསལ་ཆ་ཡོངས་སུ་རྫོགས་པས་དམིགས་རྟེན་གཅིག་ལ་མི་གཡོ་བར་རྩེ་གཅིག་ཏུ་གནས་པའི་ནུས་པ་ཐོབ་ན་དེ་ལ་ཞི་གནས་ཟེར། རྩེ་གཅིག་ཏུ་གནས་པའི་ནུས་པ་ཐོབ་ནས་ལུས་ཤིན་སྦྱངས་དང་སེམས་ཤིན་སྦྱངས་ཀྱི་བདེ་བ་མ་ཐོབ་པའི་གནས་སྐབས་ལ་སེམས་གནས་དགུ་པ་ཞེས་ཟེར་བ་མ་གཏོགས། ཞི་གནས་མཚན་ཉིད་པ་མིན། སེམས་གནས་དགུ་པ་དེས་དྲངས་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ཡོངས་སུ་རྫོགས་པ་ཐོབ་པའི་ཤུགས་དེ་ཉམས་ནས་བརྟན་དུ་སོང་ན་ཞི་གནས་དང་བསམ་གཏན་དང་པོ་ཉེར་བསྡོགས་ཐོབ།

        དེ་ལྟ་བུའི་ཞི་གནས་ཀྱི་སེམས་དེ་ཤེས་རབ་ཀྱི་བསླབ་པ་ལ་སློབ་པའི་ལྷག་མཐོང་གི་ངོ་བོར་སྐྱེ་ཐུབ་པའི་སེམས་ཀྱི་ནུས་པ་ཞིག་ཏུ་གྱུར། དཔེར་ན། ད་ལྟ་ང་ཚོའི་སེམས་དེ་ཇི་ལྟར་ཡོད་ཅེ་ན། ཆུ་ལྟ་བུ་ལ་མཚོན་ན་རུག་རུག་མེད་པར་གང་སར་གྲམ་པ་ཡིན་ན་དེ་ལ་ནུས་པ་མེད། གལ་ཏེ་ཆུ་དེ་ཚོ་ཕྱོགས་གཅིག་ཏུ་བསྡོམས་ནས་ལྕགས་ཀྱི་སྦུ་གུའི་ནང་གཏོང་ན་ནུས་ཤུགས་ཆེན་པོ་ཐེབས་པ་རེད། སྤྱིར་བཏང་སོ་སོ་སྐྱེ་བོ་རྣམས་ཀྱི་རྣམ་པར་རྟོག་པ་རྒྱུན་རེ་རེ་བ་ཞེས་བརྗོད་པར་བརྟེན། ང་ཚོས་རྟོག་པའི་ཡུལ་དུ་སྣ་རེ་མ་གཏོགས་གཟུང་མི་ཐུབ་ཀྱང་། སྣང་ལ་མ་ངེས་པའི་ཚུལ་དུ་སེམས་དེ་ཧ་ཅང་གྲམ་པའམ་འཕྲོས་ནས་ཡོད། ཇི་ལྟར་འཕྲོས་ཡོད་ཅེ་ན། ཁྱེད་ཚོས་ད་ལྟ་ངས་བཤད་པའི་སྐད་ཆ་དེ་ཕྱེད་ཀ་ཙམ་གོ་བ་དང་། རྒྱབ་ཏུ་ཚལ་བཏུབ་པའི་སྒྲ་དང་། སྣུམ་འཁོར་གྱི་སྐད་ཀྱང་གོ་བ་རེད། དེས་ན་མིག་ཤེས་དང་། སྣ་ཤེས་སོགས་དབང་ཤེས་རྣམས་ཕྱིའི་ཡུལ་ལ་གྲམ་པ་མ་གཏོགས། དབང་ཤེས་ཀྱི་ནུས་པ་ཐམས་ཅད་བསྡོགས་ནས་ཡིད་ཤེས་དམིགས་པ་གཅིག་ལ་གནས་ཐུབ་པ་དེ་ང་ཚོ་ལ་སྐད་ཅིག་གི་ཆ་ཤས་ཙམ་རེད། ཇི་ཙམ་གཟབ་གཟབ་བྱས་ཀྱང་སྐད་ཅིག་གི་ཆ་ཤས་ཙམ་ཡང་གནས་མི་ཐུབ། གལ་ཏེ་གནས་པའི་ཆེད་དུ་དམིགས་པའི་ཐོག་ཏུ་བཞག་ནའང་བྱིང་རྒོད་ཀྱི་དབང་དུ་སོང་བ་རེད། 

       དེས་ན་ཐོག་མར་ཚུལ་ཁྲིམས་ཡང་དག་པ་སྲུང་བ་དང་། དེ་ནས་དགེ་བའི་བཤེས་གཉེན་གྱི་དྲུང་ནས་བསམ་གཏན་སྒོམ་པའི་མན་ངག་ལ་བརྟེན་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་བཞག་པའི་ཚུལ་དེ་ཡང་ཡང་བསྒོམས་པར་བྱས་པ་ལས་སེམས་རྩེ་གཅིག་པ་ཞིག་ཐོབ་པ་ཡིན། རིམ་བཞིན་བྱིང་བ་དང་རྒོད་པ་སོགས་སེམས་ཀྱི་རྣམ་རྟོག་གི་འཕྲོ་འདུ་རྣམས་སངས་ནས་སེམས་དེ་དམིགས་རྟེན་ཐོག་ཏུ་དཀའ་ངལ་མེད་པར་མི་གཡོ་བར་གནས་ཐུབ་པ་ཞིག་ཡོང་རྒྱུ་ཡོད། དེ་ལྟ་བུ་དེ་ལ་ཞི་གནས་ཞེས་བརྗོད། ཇི་སྐད་དུ་ལམ་རིམ་བསྡུས་དོན་ལས། བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ།། བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན།། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག།།ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན།། ཞེས་དམིགས་པ་གཅིག་ལ་བཞག་ན་རིའི་དབང་པོ་བཞིན་མི་གཡོ་བར་གནས་ཐུབ་པ་དང་། ལྷག་མཐོང་གི་ངོ་བོར་བསྐྱེད་ནས་དགེ་བའི་དམིགས་པ་ཐམས་ཅད་ལ་འཇུག་པ། དེ་ལ་བརྟེན་ནས་ལུས་དང་སེམས་ལས་སུ་རུང་བའི་བདེ་བ་ཆེན་པོ་འདྲེན་པ་ཡིན་ཙང་། ཏིང་ངེ་འཛིན་ནམ་བསམ་གཏན་གྱི་བསླབ་པ་ལ་ངེས་པར་དུ་བསླབ་དགོས།

       ནང་པ་ཡིན་ན་ཞི་གནས་ཐོབ་པ་ན་བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་འགྲོ་རྒྱུ་ལ་དོ་སྣང་མི་ཡོང་ཞིང་། གལ་ཏེ་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པའམ་ཞི་གནས་མཚན་ཉིད་པ་ཐོབ་ན་དེ་ལ་བརྟེན་ནས་ལྷག་མཐོང་སྐྱེས་ནས་དགྲ་བཅོམ་པའི་གོ་འཕང་བར་དེ་རང་གིས་འགྲིགས་པ་རེད། དེས་ན་དགྲ་བཅོམ་པ་ལ་རྒྱན་བཅས་དང་རྒྱན་མེད་གཉིས་རེད། བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ཐོབ་ནས་དེའི་སེམས་རྟེན་བྱས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལ་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་མེད་ལ། རྫུ་འཕྲུལ་དང་མངོན་ཤེས་སོགས་ཀྱང་མེད་པར་བརྟེན། བསྐྱར་དུ་ཆེད་མངགས་ཀྱིས་བསྒྲུབ་དགོས། དེ་ལྟ་བུ་ལ་དགྲ་བཅོམ་པ་རྒྱན་མེད་དང་། དེས་ན་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་དགྲ་བཅོམ་པ་དེ་དག་གིས་བསམ་གཏན་བསྒོམས་ཏེ་བསམ་གཏན་བཞི་པའམ་སྙོམས་འཇུག་གི་སྒྲིབ་པ་རྣམས་སྤངས་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་བསྒྲུབས་ཏེེ་གཞན་གྱི་དོན་མཛད་པ་མང་པོ་རེད། 

        དགྲ་བཅོམ་པ་ཁ་ཤས་ནི་དགྲ་བཅོམ་པའི་གོ་འཕང་ཐོབ་མ་ཐག་གཞན་དོན་གང་ཡང་མི་གནང་བར་འགོག་པ་ལ་བསྐལ་པ་ནས་བསྐལ་པའི་བར་སྙོམས་པར་ཞུགས་པའང་ཡོད། འགོག་པའི་ནང་ལྷུང་བ་དེ་བསྐལ་པ་མང་པོ་དམྱལ་བའི་ནང་ལྷུང་བ་ལས་ཀྱང་སངས་རྒྱས་ཀྱི་ས་ལ་བར་ཆད་ཆེ་བ་ཡིན་ཞེས་བཤད། དེས་ན་འཇིག་རྟེན་ལས་འདས་པའི་ལམ་གཞན་གྱི་རྟེན་བྱེད་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་བསམ་གཏན་དང་པོ་ཙམ་ཐོབ་ན་དེ་ཙམ་གྱིས་སྐྱེད་རིམ་རྫོགས་རིམ་གང་བསྒོམས་ཀྱང་དེའི་སེམས་རྟེན་ལ་གོ་ཆོད་པ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྒྱ་ཆེན་པོ་སློབ་པ་རྣམས་བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་སོགས་པའི་ཏིང་ངེ་འཛིན་གྱི་བསམ་གཏན་ཐམས་ཅད་ཐོབ་ནས་རྫུ་འཕྲུལ་དང་མངོན་ཤེས་སོགས་ཡོན་ཏན་གྱི་ཚོགས་མང་པོ་ཐོབ་པ་ཡིན། སྡོང་པོ་བཀོད་པའི་མདོ་དང་། དཀོན་བརྩེགས་སོགས་སུ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་རྣམ་གྲངས་མཐའ་ལས་འདས་པ་གསུངས་ཡོད། དེ་དག་ནི་ཏིང་ངེ་འཛིན་གྱི་བསླབ་པའི་རྒྱས་སྤྲོས་ལྟ་བུ་རེད། ཧ་ཅང་གི་སྤྲོས་པ་རྒྱས་པོ་ཆགས་པ་ན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་འདུ་འགོད་སྣ་ཚོགས་པ་བྱེད་ཐུབ་པ་ཡིན།

       དེ་ནས་བསམ་གཏན་གྱི་མི་མཐུན་ཕྱོགས་ནི་འདུ་འཛི་དང་ཅ་ཅོ་རེད། ཐོག་མར་བསམ་གཏན་སྒྲུབ་པའི་གང་ཟག་ཡིན་ན་སྐད་ཅོར་མེད་པ་དང་བསམ་གཏན་གྱི་ཚོགས་ལ་བརྟེན་དགོས། བོད་ནང་བསམ་གཏན་སྒྲུབ་པའི་མན་ངག་དྲག་ཤོས་ནི་སྒོམ་རིམ་གསུམ་པོ་རེད། སྒོམ་རིམ་གསུམ་པོ་ནི་བོད་ནང་མཛད་པ་ཡིན་ཙང་བོད་པ་དང་ཧ་ཅང་འབྲེལ་བ་ཆེ་ཞིང་། ལྷག་པར་དུ་བསམ་གཏན་གྱི་ངོ་བོ་ཞི་གནས་སྒྲུབ་ཚུལ་དང་། ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་སྒྲུབ་ཚུལ་གཉིས་ལ་ཧྭ་ཤང་གི་ལོག་པར་རྟོག་པ་རྣམས་བསལ་བའི་ཆེད་དུ་བརྩམས་པ་རེད། སྒོམ་རིམ་གསུམ་ནང་ཞི་གནས་དང་ལྷག་མཐོང་སྒྲུབ་ཚུལ་ཐོག་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་བཅས་ཀྱི་ཐོག་ནས་ཧ་ཅང་རྒྱས་པར་གསུངས་ཡོད། དེས་ན་བསམ་གཏན་གྱི་སྒོམ་གྱི་མན་ངག་ང་ཚོ་བོད་པ་ལ་ཡོད་པ་བཞིན་གཞན་དག་སུ་ལའང་མེད་ཅེས་བཤད་ནའང་ཆོག འོན་ཀྱང་ང་ཚོས་ཡོད་ཚུལ་བསྒྲགས་པ་མ་གཏོགས། ལག་ལེན་གྱིས་གཞན་ལ་བསྟན་པའི་ཐོག་ནས་བསྟན་པའི་བྱ་བ་གནང་ཐུབ་མཁན་དཀོན་པོ་རེད། དེང་སང་སྒོམ་བརྒྱབ་དགོས་རེད་ཟེར་དུས་ངེས་པར་དུ་ཐ་ཡི་ལེན་ (Thailand) དང་ཨེས་ཨེན་གོ་ཡིན་ཀ་ (S. N. Goenka) སར་འགྲོ་བ་ལྟ་བུ་མ་གཏོགས། བོད་པ་ལ་སྒོམ་མེད་པ་ལྟ་བུ་ཞིག་བྱེད་ཀྱི་ཡོད། དེ་ནི་བར་ལམ་བྱེད་སྟངས་ཀྱི་ཁྱད་པར་རྒྱུགས་པ་རེད་མ་གཏོགས། སྒོམ་གྱི་མན་ངག་བོད་པ་ལ་མེད་པ་རྩ་བ་ནས་མ་རེད།

       དེ་ལྟ་བུའི་ཞི་གནས་མཚན་ཉིད་པ་ཐོབ་ན་ཏིང་ངེ་འཛིན་གྱི་བསླབ་པའི་མགོ་རྙེད་པ་རེད། དེ་ལ་བརྟེན་ནས་བསམ་གཏན་དང་གཟུགས་མེད་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་བསྒྲུབས་ནས་ཏིང་ངེ་འཛིན་རྒྱ་ཆེན་པོ་བྱེད་རྒྱུའི་ལམ་རྙེད་པ་རེད། ཏིང་ངེ་འཛིན་གྱི་བསླབ་པ་ཙམ་ལ་མཉམ་པར་བཞག་པའི་མཉམ་བཞག་གི་བདེ་བ་ལ་གཡེང་ན་འདོད་པའི་བདེ་བ་དང་བསམ་གཏན་གྱི་བདེ་བ་ལ་གཡེང་བ་དང་ཁྱད་པར་གང་ཡང་མེད། ཁྱད་པར་གང་ཡོད་ཅེ་ན། འདོད་པའི་འདོད་ཆགས་དང་གཟུགས་ཀྱི་འདོད་ཆགས་ཀྱི་ཁྱད་པར་རེད། ཡང་ན་འདོད་པའི་འདོད་ཆགས་དང་གཟུགས་མེད་ཀྱི་འདོད་ཆགས་ཀྱི་ཁྱད་པར་རེད། འདོད་པའི་འདོད་ཆགས་སྤངས་ནས་གཟུགས་ཀྱི་འདོད་ཆགས་ནང་བསྡད་པ་དང་། གཟུགས་ཀྱི་འདོད་ཆགས་སྤངས་ནས་གཟུགས་མེད་ཀྱི་འདོད་ཆགས་ནང་བསྡད་ཀྱི་རེད། ཕྱི་རོལ་པས་བསམ་གཏན་རྐྱང་པ་བསྒོམས་པར་བརྟེན། གཟུགས་མེད་ཀྱི་འདོད་ཆགས་སྤོང་བའི་ལམ་མེད། ནམ་བསམ་གཏན་གྱི་འཕེན་པ་རྫོགས་པ་ན་ལྷུང་རྒྱུ་རེད། ཇི་སྐད་དུ། སྲིད་རྩེའི་བར་དུ་སོང་ནས་ཀྱང་།། སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ།། ཅེས་གཟུགས་མེད་ཀྱི་མཐའ་མ་སྲིད་པའི་རྩེ་མོའི་བར་དུ་སོང་ནའང་བསམ་གཏན་གྱི་ནུས་པ་ཉམས་པ་ན་སྡུག་བསྔལ་ཡང་འབྱུང་བའི་སྲིད་པ་སྒྲུབ་པ་མ་གཏོགས། སྲིད་པ་ལས་སྒྲོལ་བའི་ཐབས་དེ་ལ་མེད། དེས་ན་ང་ཚོས་བསམ་གཏན་གྱི་ཉེར་བསྡོགས་ཙམ་གྱི་ཐོག་ནས་ལྷག་མཐོང་ལ་འཕོ་བ་དེ་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་སློབ་ཚུལ་ལམ་ཤེས་རབ་ཀྱི་བསླབ་པ་ལ་སློབ་ཚུལ་རེད།

      ཤེས་རབ་ཀྱི་བསླབ་པ་ནི་གནས་ལུགས་མཐོང་བའི་བློ་ཞིག་རེད། དེ་ལ་ལྟ་བའི་གནས་ཚུལ་མི་འདྲ་བའི་དབང་གིས་ཤེས་རབ་ཀྱིི་བསླབ་པའི་ངོ་བོ་ལའང་ཁྱད་ཞུགས་པ་རེད། དཔེར་ན། ཕ་རོལ་ཏུ་ཕྱིན་པའི་གཞུང་ནས་བཤད་པའི་ཤེས་རབ་ཀྱི་བསླབ་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཙམ་རེད། གྲུབ་མཐའ་འོག་མ་ཡིན་ན་གང་ཟག་རང་རྐྱ་བའི་བདག་གིས་སྟོང་བའི་གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཤེས་རབ་ལ་ཤེས་རབ་ཀྱི་བསླབ་པ་དང། སེམས་ཙམ་པ་ཡིན་ན་གཟུང་འཛིན་རྫས་གཞན་གྱིས་སྟོང་བ་རྟོགས་པའི་བློའམ་ཕྱི་དོན་མེད་པར་རྟོགས་པའི་བློ་ཙམ་ལ་ཤེས་རབ་ཀྱི་བསླབ་པ། དབུ་མ་པ་ཡིན་ན་གང་ཟག་བདེན་མེད་དུ་རྟོགས་པའི་བློ་དེ་གང་ཟག་གི་བདག་མེད་དང་། གང་ཟག་ལས་གཞན་པའི་ཆོས་ཅན་གཞན་བདེན་མེད་དུ་རྟོགས་པའི་བློ་དེ་ཆོས་ཀྱི་བདག་མེད་བཅས་བདག་མེད་གཉིས་རྟོགས་པའི་བློ་ཙམ་ལ་ཤེས་རབ་ཀྱི་བསླབ་པ་ཞེས་བརྗོད། དེ་ནས་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ། འོད་གསལ་སོགས་བཤད་པའི་སྐབས་སུ་ཤེས་རབ་ཀྱི་བསླབ་པ་ལ་མི་འདྲ་བའི་ཁྱད་པར་ཞུགས་པ་རེད། དེའང་བསྒོམ་བྱའི་ཡུལ་གྱི་ཆ་ནས་དེ་ཙམ་ཁྱད་པར་མི་འགྲོ་བར། སྒོམ་བྱེད་བློ་ཡི་ཆ་ནས་ཁྱད་པར་འགྲོ་ཞིང་། དེ་ཡང་བློ་ཡི་ངོ་བོ་དང་། དེས་བསྒོམ་བྱ་ལ་འཇུག་པའི་ཚུལ་མི་འདྲ་བའི་ཁྱད་པར་གྱིས་སྔགས་ཀྱི་སྐབས་སུ་གོང་རིམ་ལྟར་བླ་མེད་ནང་འོད་གསལ་གྱི་རྣམ་གཞག་རྣམས་ཤེས་རབ་ཀྱི་བསླབ་པའི་ངོ་བོར་གྱུར་པའི་བློ་ཡི་ནུས་པ་འདོན་སྟངས་ཀྱི་ཁྱད་པར་གྱིས་ལྟ་བའི་རྣམ་གཞག་རྣམས་མཐོ་དམན་གྱི་ཁྱད་ཞུགས་པ་དང་། སྒྲིབ་པ་སྤོང་མགྱོགས་ལོད་ཀྱི་ཁྱད་ཞུགས་པ་རེད། 

       དཔེར་ན། ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་ནས་སྟོང་ཉིད་ཡུལ་དུ་བྱས་ནས་སྒོམ་པའི་བློ་དེས་ཉོན་སྒྲིབ་སྤོང་བ་ལ་བསྐལ་པ་གྲངས་མེད་གཉིས་འགོར་བ་དང་། དེ་ལྟ་བུ་དེ་བྱ་རྒྱུད་དང་སྤྱོད་རྒྱུད་སོགས་རྒྱུད་སྡེ་འོག་མའི་སྔགས་ཀྱི་ལམ་ལ་བརྟེན་ནས་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་གྱི་ངོ་བོ་ལ་བསྒྱུར་ནས་སྒོམ་པ་ན་ལོ་བརྒྱ་སྟོང་ཁ་ཤས་སམ་བར་གྱི་བསྐལ་པ་གཅིག་གི་ནང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ། སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་གདོད་མ་ནས་དྲི་མས་མ་བསླད་པའི་ཤིན་ཏུ་ཕྲ་བའི་སེམས་ཀྱི་ངོ་བོ་དང་། དེའི་སྟེང་གི་ཆོས་ཉིད་གཉིས་བླ་མའི་མན་ངག་ལ་བརྟེན་ནས་བཙན་ཐབས་སུ་ངོ་སྤྲད་པའི་སྐབས་སུ་ཕྱིའི་ཡུལ་གྱི་སྟེང་གི་སྟོང་པ་ཉིད་ཡུལ་དུ་བྱས་ནས་སྒོམ་པ་ཙམ་མིན་པར། གདོད་མ་ནས་རང་ཆས་སུ་ཡོད་པའི་དྲི་མས་མ་བསླད་པའི་སེམས་ཀྱི་ཆོས་ཉིད་ལ་ཤིན་ཏུ་ཕྲ་བའི་གཉུག་སེམས་ཀྱིས་ཆུ་ལ་ཆུ་བཞག་པ་ལྟར་བསྒོམས་པས་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ལམ་གྱི་མྱུར་ཁྱད་ཡོད། དེ་ནི་ངོ་སྤྲོད་སྟངས་ཡག་པོ་མ་བྱུང་ན་ད་ལྟ་ནས་ང་ཚོ་སངས་རྒྱས་ཡིན་པ་ལྟ་བུ་ཞིག་མཐོང་སྲིད།

       ཕར་ཕྱིན་ཐེག་པའི་ལམ་གྱིས་དྲི་བཅས་རགས་པའི་སེམས་ཀྱིས་ཆོས་ཉིད་སྒོམ་པ་མ་གཏོགས། གདོད་མའི་སེམས་ཀྱིས་སྒོམ་མི་ཐུབ། དྲི་མས་མ་བསླད་པའི་ཤིན་ཏུ་ཕྲ་བའི་སེམས་ཞིག་ཡོད་པ་དེ་རྒྱུད་དང་རྒྱ་གཞུང་གི་དགོངས་པ་ཡིན་པས་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ཀྱིས་ཁས་བླངས་པ་ཡིན། དེ་ལ་བརྡ་ཆད་སྦྱར་སྟངས་མི་འདྲ་བའི་དབང་གིས་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ། འོད་གསལ་སོགས་ཀྱི་ཐ་སྙད་བྱུང་། སོ་སོའི་བརྡ་ཆད་མ་ནོར་བར་རང་འཇགས་འཇོག་དགོས། འོན་ཀྱང་ཉམས་སུ་ལེན་པའི་སྐབས་སུ། དགེ་ལྡན་ཕྱག་ཆེན་ལས། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས།། དཔྱད་ན་དགོངས་པ་གཅིག་ཏུ་འབབ།། ཅེས་གསུངས་པ་བཞིན་དགོངས་པ་གཅིག་ཏུ་འབབ་པ་ཡིན།

        ལྷག་མཐོང་གི་ངོ་བོ་ཤེས་རབ་ཅེས་པའི་ལྷག་མཐོང་ནི་མདོར་ན་ཞི་གནས་ཐོབ་ནས་རྩེ་གཅིག་པའི་སེམས་དེས་ཡུལ་གྱིི་སྟེང་ལ་བརྟགས་ནས་རིམ་པས་འགྲོ་བ་ལ་ཟེར། ལྷག་མཐོང་གི་སྒོ་ནས་ཞི་གནས་སྒྲུབ་པ་དང་། ཞི་གནས་ཀྱི་སྒོ་ནས་ལྷག་མཐོང་སྒྲུབ་ཚུལ་གཉིས་ལ་རིམ་པ་ངེས་ཅན་མེད། དབང་པོ་རྟུལ་བ་རྣམས་ཐོག་མར་ཞི་གནས་བསྒྲུབས་ནས་ལྷག་མཐོང་དུ་འགྲོ་བ་ཤས་ཆེ་བ་དང་། ལྷག་མཐོང་བསྒྲུབས་ནས་ཞི་གནས་ལ་ཡོང་བ་ཞེས་པ་དེ་ཞི་གནས་མ་ཐོབ་གོང་ནས་ལྷག་མཐོང་མཚན་ཉིད་པ་བསྒྲུབ་རྒྱུ་ཡོད་པའི་སྐད་ཆ་མ་རེད། འོན་ཀྱང་སོ་སོ་ཡང་དག་པར་རིག་པས་དཔྱད་པ་བྱེད་པའི་བློ་དེ་སྔོན་དུ་བཏང་ནས་རྩེ་གཅིག་པའི་སེམས་དེ་རྗེས་ལ་སྒྲུབ་པ་དང་། དེ་ནས་རྩེ་གཅིག་པའི་སེམས་དེ་ཞི་གནས་ཀྱི་ངོ་བོར་སོང་ན་ལྷག་མཐོང་ཡོང་ཆོག་གི་འགྲོ་སྟངས་ཤིག་ཡོད། གང་ལྟར་ལྷག་མཐོང་ནི་ཡུལ་ལ་རྣམ་པར་འབྱེད་པའི་ཤེས་རབ་དེ་རེད། དེ་ནི་ཡུལ་གྱི་ངོ་བོ་མཐོང་བའི་བློ་ཡིན་ལ། ཡུལ་ལ་རྩེ་གཅིག་ཏུ་གནས་པའི་བློ་མིན། ཡུལ་གྱི་གནས་ལུགས་མཐོང་བའི་བློ་དེས་གནས་ལུགས་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལ་བརྟེན་ནས་གང་མཚམས་ནས་གནས་ལུགས་དེ་དང་རོ་གཅིག་ཏུ་ཞུགས་ནས་ཡིད་ཀྱི་མངོན་སུམ་གྱི་ངོ་བོར་གྱུར་ཅིང་། དེ་ལྟ་བུའི་ཡིད་ཀྱི་མངོན་སུམ་ལ་འཕགས་པའི་ལམ་མམ་བར་ཆད་མེད་ལམ་ཞེས་བརྗོད། དེས་དངོས་སུ་ཉོན་མོངས་ཀྱི་དངོས་གཉེན་བྱེད་པ་ཡིན། དེ་ལྟ་བུའི་བློ་དེའི་ངོ་བོ་ཕྲ་རགས་ཀྱི་ཁྱད་པར་གྱིས་ཉོན་མོངས་ཀྱི་དངོས་གཉེན་བྱེད་སྟངས་ལ་མགྱོགས་པ་དང་བུལ་བའི་ཁྱད་པར་སོང་བ་རེད། དེར་བརྟེན་ཕར་ཕྱིན་ཐེག་པའི་ལམ་ལ་གྲངས་མེད་གསུམ་དུ་བསྒྲུབ་དགོས་པ་དེ་སྔགས་ཀྱི་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཐུབ། དེ་དག་ཐམས་ཅད་ཀྱི་སྒྲུབ་པའི་ལམ་དེ་ཤེས་རབ་ཀྱི་བསླབ་པ་ལས་གཞན་པ་ཞིག་མེད། ཡུལ་གྱི་གནས་ལུགས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་ནའང། ཡུལ་ཅན་གྱི་བློའི་ཕྲ་རགས་དང་བློ་ལ་དྲི་མ་ཞུགས་དང་མ་ཞུགས་ཁྱད་པར་གྱི་དབང་གིས་ཤེས་རབ་སྟོབས་ཆེ་ཆུང་དུ་གྱུར།

        ཤེས་རབ་ཀྱི་བསླབ་པ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ཇི་སྙེད་པ་མཁྱེན་པའི་ཤེས་རབ་དང་། ཇི་ལྟ་བ་མཁྱེན་པའི་ཤེས་རབ་གཉིས་རེད། གང་ལྟར་ཇི་སྙེད་པ་མཁྱེན་པའི་ཀུན་རྫོབ་རིག་པའི་ཤེས་རབ་དང་། ཇི་ལྟ་བ་མཁྱེན་པའི་དོན་དམ་རིག་པའི་ཤེས་རབ་རེད། ཀུན་རྫོབ་རྟོགས་པའི་ཤེས་རབ་དེ་སྤྱིར་བཏང་ཤེས་རབ་ཀྱི་གྲངས་སུ་ཚུད་ཀྱང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་ཉོན་མོངས་པའི་དངོས་གཉེན་བྱེད་པའི་ཤེས་རབ་ཀྱི་ངོ་བོར་མི་བཞག་པ་རེད། དུས་ཚོད་ཟིན་པར་བརྟེན་བསླབ་པ་གསུམ་གྱི་སྐོར་འདི་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章