ཉོན་མོངས་སྐྱེ་བའི་རྒྱུ་དང་རྐྱེན་བཤད་པ།

文摘   文化   2024-10-11 22:11   青海  


      ཡུལ་འཇལ་བའི་བློའི་ནུས་པ་གོང་འཕེལ་དུ་གཏོང་བ་དང་། བློ་ཡུལ་ལ་འཇུག་པའི་ཚེ་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་སོགས་ཀྱི་ཆེད་དུ་བློ་སྦྱོང་བའི་ཐབས་རྣམས་འཆད་པ་ལ། བློ་སྦྱོང་བའི་ཐབས་རྣམས་བསྡུས་ན། ཆགས་སོགས་ཉོན་མོངས་པ་ལྟ་བུའི་བློ་ངན་པའི་རིགས་རྣམས་རིམ་གྱིས་ནུས་ཆུང་དུ་བྱས་ཏེ་སྦྱོང་བ་དང་། བྱམས་སྙིང་རྗེ་དང་ཤེས་རབ་ལྟ་བུའི་བློ་བཟང་པོའི་རིགས་རྣམས་རིམ་གྱིས་གོང་དུ་སྤེལ་ཏེ་གོམས་པར་བྱེད་པའི་ཚུལ་གཉིས་སུ་གནས། དེ་ཡང་ཉོན་མོངས་ཅན་གྱི་བློ་རྣམས་གཉེན་པོས་རིམ་གྱིས་བཟློག་པ་ལ། ཉོན་མོངས་དེ་དག་གི་ངོ་བོ་དང་བྱེད་ལས་ཤེས་པ་ཡིན་པ་ཙམ་གྱིས་མི་ཆོག་པར། དེ་དག་སོ་སོའི་རྒྱུ་དང་རྐྱེན་ཡང་ཤེས་པ་གལ་ཆེ་བར་བརྟེན། སངས་རྒྱས་པའི་གཞུང་རྣམས་ལས་ཉོན་མོངས་སྐྱེ་བའི་རྒྱུ་མང་དུ་གསུངས་པ་ལས། སློབ་དཔོན་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས་རྒྱུའི་གཙོ་བོ་དྲུག་ཏུ་གསུངས་ཏེ། 

    དང་པོ་རྟེན་ནི། ཉོན་མོངས་ཀྱི་ས་བོན་ཏེ། དཔེར་ན་ནད་ཀྱི་ས་བོན་རྩ་བ་ནས་འབྱིན་མ་ཐུབ་ན་ཟས་སྤྱོད་སོགས་ཅུང་ཟད་ཙམ་གྱིས་ནད་སློང་བ་བཞིན། རྐྱེན་དང་ཕྲད་ན་རང་རྒྱུད་ལ་ཉོན་མོངས་སྐྱེ་ཆོག་ཆོག་གི་རྟེན་ནམ་ས་བོན་ཡོད་པ་དེ་ཡིན། གཉིས་པ་དམིགས་པའམ་ཡུལ་ནི། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་སོགས་ཏེ། གང་དང་ཕྲད་ན་ཉོན་མོངས་སྐྱེ་བར་འགྱུར་བའི་དམིགས་པའོ། །གསུམ་པ་འདུ་འཛི་ནི། གྲོགས་ངན་པའི་རྗེས་སུ་སློབ་པའོ། །བཞི་པ་བཤད་པ་ནི། ཆགས་སྡང་འཕེལ་བའི་གཏམ་སོགས་ཉན་པའོ། །ལྔ་པ་གོམས་པ་ནི། སྔོན་ཉོན་མོངས་ལ་ཡང་ཡང་འདྲིས་པར་བྱས་པའོ། །དྲུག་པ་ཡིད་ལ་བྱེད་པ་ནི། འདོད་ཆགས་ཀྱི་ཡུལ་དང་། ཞེ་སྡང་གི་ཡུལ་སོགས་ལ་ཡང་ནས་ཡང་དུ་སྒྲོ་བཏགས་ཏེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྟེ། འདོད་ཆགས་ཀྱི་དམིགས་ཡུལ་གོས་ལྟ་བུར་མདོག་ལེགས་པ་སོགས་བསམ་པ་དང་། ཞེ་སྡང་གི་ཡུལ་དགྲ་ལྟ་བུས་རང་ལ་སྔོན་ཆད་གནོད་པ་འདི་དང་འདི་བྱས་སྙམ་པ་སོགས་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་ལ་ཡང་ཡང་སེམས་པ་ལྟ་བུའོ།།

   ཡང་མཛོད་རང་འགྲེལ་ལས་ཉོན་མོངས་པའི་རྒྱུའི་གཙོ་བོ་གསུམ་དུ་གསུངས་ཏེ། རྒྱུའི་སྟོབས་ཕྲ་རྒྱས་ཉོན་མོངས་པ་རྣམས་མ་སྤངས་པ་དང་། ཡུལ་གྱི་སྟོབས་ཉོན་མོངས་སྐྱེ་བའི་ཡུལ་ཉེ་བར་གནས་པ་དང་། སྦྱོར་བའི་སྟོབས་དེ་མ་ཐག་པའི་རྐྱེན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་ཉོན་མོངས་པ་རྣམས་སྐྱེ་བའོ།།

     དེ་ལ་སྤྱིར་ཉོན་མོངས་སོགས་ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ལ་ཐུག་པའི་ཚུལ་ནི་དབུ་མ་རྩ་བ་ཤེས་རབ་སོགས་ལས་གསུངས་པ་ལྟར། སྡུག་བསྔལ་སྣ་ཚོགས་འདྲེན་པའི་ལས་ནི་ཉོན་མོངས་ལས་འབྱུང་ལ། ཉོན་མོངས་རྣམས་ཀྱང་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་འབྱུང་ཞིང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་དག་ནི་ཆོས་རྣམས་ཀྱི་གནས་ལུགས་ལ་རྨོངས་པའི་མ་རིག་པ་ཡུན་རིང་པོར་གོམས་པ་ལས་སྐྱེ་བ་ཡིན་ལ། དེ་ཡང་དང་པོར་ཡུལ་གྱི་གནས་ལུགས་ལ་རྨོངས་པའི་བདེན་འཛིན་མ་རིག་པ་སྐྱེ། མ་རིག་པ་དེས་དོན་གྱི་གནས་ཚུལ་གང་ཡིན་བསྒྲིབས་ཤིང་། དེ་ལ་བརྟེན་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་དགྲ་གཉེན་སོགས་སུ་སྒྲོ་བཏགས་ནས་ཆགས་སྡང་འབྱུང་ངོ་། །ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཅེས་པ་ནི། རང་གི་ཡུལ་ལ་དངོས་པོའི་གནས་ཚུལ་དང་མི་མཐུན་པར་ལྷག་པར་སྒྲོ་འདོགས་པ་ལྟ་བུ་སྟེ། དཔེར་ན། མི་ཞིག་ལ་ཆགས་པ་སྐྱེས་པ་ན་ཆགས་པ་སྐྱེ་ཡུལ་གྱི་མི་དེ་གནས་ཚོད་ལས་ལྷག་པར་ཆ་ཐམས་ཅད་ནས་བཟང་པོར་མཐོང་བ་དང་། ཡང་མི་ཞིག་ལ་ཞེ་སྡང་སྐྱེས་པ་ན་ཞེ་སྡང་སྐྱེ་ཡུལ་གྱི་མི་དེ་གནས་ཚོད་ལས་ལྷག་པར་ཆ་ཐམས་ཅད་ནས་ངན་པར་མཐོང་བ་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་པས་ཡིན་པ་ལྟ་བུའོ།།

     ཡང་དཔེར་ན་ང་ལ་སྙན་པར་སྨྲ་བ་སོགས་ཀྱི་ཚེ་ང་ལ་ལེགས་པར་སྨྲས་སོ་སྙམ་པ་སོགས་ང་ཞེས་པའི་ལིང་ལིང་པོ་ཞིག་བློ་ཕུགས་སུ་འཆར་བ་དེ་ཉིད་ལ་ཚུགས་ཐུབ་ཀྱི་བདག་ཏུ་བཟུང་བས་རང་གཞན་རིས་སུ་བཅད་དེ་རང་ལ་ཆགས་པ་དང་། གཞན་ལ་སྡང་བ་སྐྱེས་ཏེ་ཕན་བཏགས་པ་ལ་འདོད་ཆགས། གནོད་པ་བྱེད་མཁན་ལ་ཁོང་ཁྲོ་སྐྱེ་ཞིང་། དེའི་དབང་གིས་སྒོ་གསུམ་གྱི་ཉེས་སྐྱོན་ཐམས་ཅད་འབྱུང་བར་གསུངས།

     སྤྱིར་འདོད་པའམ་འདུན་པ་ལ་གཞན་ཕན་གྱི་བྱ་བ་དོན་གཉེར་གྱི་འདུན་པ་ལྟ་བུའི་བློ་ཕྱིན་ཅི་མ་ལོག་པ་གཅིག་དང༌། ཆགས་ཡུལ་དོན་དུ་གཉེར་བའི་ཕྱིན་ཅི་ལོག་གི་འདོད་པ་ལྟ་བུའི་ཉོན་མོངས་ཅན་ཡིན་པ་བཅས་གཉིས་ཡོད། དེ་བཞིན་དུ་མི་འདོད་པ་རྒྱབ་ཀྱིས་ཕྱོགས་པའི་བློ་ལའང་ཞེ་སྡང་ལྟ་བུའི་ཉོན་མོངས་ཅན་ཡིན་པ་གཅིག་དང༌། སྡུག་བསྔལ་དང་ཉོན་མོངས་ལ་ཉེས་དམིགས་སུ་མཐོང་ནས་དེ་དག་ལ་མི་འདོད་པའི་བློ་ལྟ་བུ་ཉོན་མོངས་ཅན་མ་ཡིན་པ་བཅས་གཉིས་ཡོད་པ་སོགས་ཤེས་པ་གལ་ཆེའོ།།

扫码

关注

别忘了点

分享、

收藏、

在看、

点赞

哦!

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章