【ལམ་སྟོན་བཀའ་སློབ】
འཇམ་པའི་དབྱངས་ཀྱི་ཞལ་གཟིགས།
རྗེ་རིན་པོ་ཆེས་གསུངས་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་དེ་གང་ཡིན་ཞེ་ན། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་རྣམས་ཡིན། དེ་ཡང་ཐོག་མར་རྗེ་རིན་པོ་ཆེར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཐད་ཀར་ཡོང་གི་མེད། ཁམས་ནས་ཡིན་པའི་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ཕྱུགས་རྫི་གནང་བཞུགས་པའི་ཉིན་ཞིག་སྔོན་གྱི་བག་ཆགས་སད་པ་ལ་བརྟེན་ནས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་ནག་པོ་ཞིག་ཁྲ་ལམ་མེར་ཞལ་གཟིགས་བྱུང་ཞིང་། དེ་ནས་བཟུང་སྟེ་རྗེ་བཙུན་འཇམ་པའི་དབྱངས་རྟག་ཏུ་ཞལ་གཟིགས་ནས་ཕན་ཚུན་བཀའ་མོལ་གནང་བ་ཡང་ཡོང་གི་ཡོད།
རྗེ་རིན་པོ་ཆེ་མདོ་སྨད་ནས་དབུས་གཙང་དུ་ཕེབས་ཏེ་སློབ་གཉེར་ཧ་ཅང་རྒྱ་ཆེན་པོ་གནང་ཞིང་། སྐབས་དེ་དུས་དབུས་ཁུལ་དུ་ཡོད་པའི་གསང་ཕུ་ལ་སོགས་པའི་བཤད་གྲྭ་ཁག་ཏུ་གྲྭ་སྐོར་གནང་བ་དང་། དགའ་གདོང་གི་ཁུལ་དུ་སྐུ་མཚམས་ལ་བཞུགས་པའི་སྐབས་ཤིག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་པ་དང་། དེ་ནས་བཟུང་སྟེ་རྗེ་རིན་པོ་ཆེར་ནམ་འདོད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་འབྱུང་བཞིན་ཡོད། ཐེངས་ཤིག་ཞལ་གཟིགས་ཀྱི་སྐབས་ཟབ་རྒྱས་ཀྱི་ལམ་གྱི་རིམ་པ་སྤྱི་དང་། ལྷག་པར་སྟོང་ཉིད་ཀྱི་ལྟ་བའི་སྐོར་རྗེ་བཙུན་འཇམ་པའི་དབྱངས་ལ་བཀའ་འདྲི་ཞུས་ཏེ་རྗེ་བཙུན་གྱིས་སྙིང་པོ་མདོར་བསྡུས་ཤིག་གསུངས་པར་མི་གོ་ལགས་ཞུས་པ་ན། འཇམ་པའི་དབྱངས་ཀྱིས། སྐྱོན་མེད། དཔེ་ཆར་ལྟོས་ཞེས་བཀའ་སྩལ་ཡོད།
དཔེ་ཆར་ལྟོས། ཚོགས་བསགས་སྒྲིབ་སྦྱོང་བྱོས་ཞེས་གསུངས་པ་ལས་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེའི་ཐུགས་ཀར་རལ་གྲི་བཙུགས་ནས་སྟོང་ཉིད་རྟོགས་པ་བྱུང་མེད།
བྱང་སེམས་རྟག་ཏུ་ངུའི་རྣམ་ཐར་ནང་ཁོང་གིས་སངས་རྒྱས་མང་པོའི་ཞལ་གཟིགས་པའི་སྐབས་དེ་དག་གིས་ཁྱོད་ཀྱི་ལས་འབྲེལ་ཡོད་པ་བྱང་སེམས་ཆོས་འཕགས་ཡིན་པས་དེའི་དྲུང་དུ་བཅར་ཏེ་ཆོས་གསན་དགོས་ཞེས་གསུངས་ཡོད།
འདིས་རང་དང་ཐུན་མོང་མིན་པའི་ལས་འབྲེལ་ཡོད་པ་ཞིག་ལ་བརྟེན་རྒྱུ་གལ་ཆེན་པོ་ཡིན་པ་གསལ་པོར་བསྟན་ཡོད། དེ་མིན་སངས་རྒྱས་མང་པོ་ཞལ་གཟིགས་པ་དེ་དག་གིས་བྱིན་རླབས་གནང་བས་འགྲིག་མོད་ཀྱང་དེ་ལྟར་བྱུང་མེད། དེ་དང་མཚུངས་པར་རྗེ་རིན་པོ་ཆེར་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཐད་ཀར་བྱིན་རླབས་སྩལ་ཏེ་སྟོང་ཉིད་རྟོགས་པ་དེ་འདྲ་མིན་པར་དཔེ་ཆར་ལྟོས་ཞེས་གསུངས།