བོད་དུ་བསྟན་པ་དར་ཚུལ་དང་ལམ་རིམ་གྱི་གཞུང་བྱུང་ཚུལ།

文摘   文化   2024-10-21 09:02   青海  


བོད་དུ་བསྟན་པ་དར་ཚུལ་དང་ལམ་རིམ་གྱི་གཞུང་བྱུང་ཚུལ། 

དུས་ཀྱི་སྟོན་པ་མཆོག



          བོད་གངས་ཅན་གྱི་ལྗོངས་སུ་དུས་རབས་བདུན་པ་ནས་སངས་རྒྱས་ཀྱི་ཆོས་དབུ་བརྙེས། དུས་རབས་བརྒྱད་པའི་སྐབས་མཁན་ཆེན་ཞི་འཚོ་གདན་ཞུ་གནང་སྟེ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་ཡང་། བར་སྐབས་བོད་སིལ་བུར་ཐོར་ཏེ་སངས་རྒྱས་ཀྱི་བསྟན་པར་ཉམས་ཆག་ཤིན་ཏུ་ཆེན་པོ་ཕྱིན་པའི་སྐབས་སུ་བོད་ཀྱི་ནུབ་ཕྱོགས་མངའ་རིས་ཆོས་རྒྱལ་གྱིས་རྒྱ་གར་ནས་མཁས་པ་ཞིག་གདན་ཞུ་གནང་རྒྱུའི་དགོངས་བཞེད་ལྟར་ཇོ་བོ་རྗེ་ལྷ་གཅིག་དཱི་པཾཾ་ཀ་ར་གདན་ཞུ་གནང་། ཁོང་བོད་དུ་ཕེབས་ནས་སྡེ་སྣོད་གསུམ་གྱི་བརྗོད་དོན་སྙིང་པོ་བསྡུས་པའི་གཞུང་བྱང་ཆུབ་ལམ་སྒྲོན་མཛད། གཞུང་དེའི་ནང་དགག་གཞག་སྤོང་གསུམ་གྱི་སྤྲོས་པ་རྒྱས་པོ་མེད་པར་སངས་རྒྱས་པའི་ཆོས་ལ་དད་པ་ཅན་གྱི་གདུལ་བྱའི་རིགས་གཞིར་བཞག་སྟེ་ལམ་གྱི་རིམ་པ་རྣམས་གསུངས་ཡོད།

    དེ་ནས་བཀའ་གདམས་བརྒྱུད་གསུམ་སྟེ་བཀའ་གདམས་གཞུང་པ་བ་དང་བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པའི་བརྒྱུད་པ་རྣམས་དར་བ་ཡིན། ཇོ་བོ་རྗེའི་ལམ་སྒྲོན་གྱི་མཇུག་ཏུ་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབ་པའི་སྐབས་དེར་རྩ་བ་ཤེས་རབ་སོགས་ལ་ཞལ་འཕངས་མཛད་ཡོད་པས། ལམ་སྒྲོན་གྱི་བཤད་པ་ལེགས་པོ་ཞིག་བྱེད་ན་སྡེ་སྣོད་གསུམ་གྱི་ཁུངས་རྣམས་སྦྱར་ཏེ་འཁྲིད་དགོས་པ་ཡིན། ཁ་སང་ཞུས་པ་ལྟར་རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་ནང་སྐྱེས་བུ་ཆུང་འབྲིང་གི་ལམ་སྤྱིའི་འགྲོ་སྟངས་རྣམས་བཀའ་གདམས་གོང་མ་རྣམས་ཀྱི་ལམ་རིམ་ལས་གསུངས་པ་ལྟར་དང་། རྩལ་འདོན་མཛད་ས་གཙོ་བོ་ནི་ཞི་ལྷག་སྤྱི་དང་ལྷག་པར་ལྷག་མཐོང་གི་སྐོར་ལ་དབུ་མའི་གཞུང་རྣམས་དང་སྦྲེལ་ནས་གསུངས་པ་དེ་ཡིན།

   སྐབས་རེར་ཇོ་བོ་རྗེས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་ཆོས་རྒྱ་ཆེན་པོར་སློབ་གཉེར་བྱེད་པར་ཚེ་ཡིས་མི་ལྡང་བས་ཆོས་མདོར་བསྡུས་ལ་བསླབ་དགོས་ཞེས་གསུངས་ཏེ། དེ་ལྟར་དོན་ལ་གནས་པའི་སྐབས་ཡོད་ཀྱང་བསྟན་པ་སྤྱིའི་དབང་དུ་བྱས་ནས་བཤད་ན་དེ་ལྟར་མིན། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་ད་ལྟ་བོད་སྐད་དུ་འགྱུར་བ་རྐྱང་པར་མཚོན་ན་བཀའ་འགྱུར་པོད་བརྒྱ་ལྷག་ཙམ་ཞིག་གསུངས་ཡོད་ཅིང་། དེ་དག་གི་དགོངས་འགྲེལ་དུ་བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་ཞིག་ཡོད་པ་དེ་དག་གུང་བསྒྲིགས་ནས་དགག་གཞག་སྤོང་གསུམ་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་ངོ་འཕྲོད་པ་ཞིག་དང་ངེས་པ་འཐོབ་པ་ཞིག་དགོས་པ་ལས། སངས་རྒྱས་ཀྱིས་གསུངས་པ་ཡིན་ཟེར་བ་དང་ངའི་བླ་མས་གསུངས་པ་ཡིན་ཞེས་ཆོས་ཚན་ཆུང་ངུ་ཞིག་ལ་དད་པ་རྐྱང་པའི་དབང་དུ་བྱས་ནས་ཕྱིན་ན་འཁྱགས་པའི་སྟེང་གི་རྩིག་པ་ལྟར་བརྟན་པོ་མི་འོང་། དེ་ཡང་འཁྱགས་པ་བཞུར་བའི་ཚེ་རྩིག་པ་ཉིལ་འགྲོ་བ་ཡིན། དེས་ན་གཞུང་ཆེན་པོ་རྣམས་ཤིན་ཏུ་གལ་ཆེན་པོ་ཡིན།

    དེ་ལྟར་ཇོ་བོ་རྗེས་ལམ་སྒྲོན་མཛད་པའི་རྗེས་ནས་ལམ་རིམ་གྱི་ཆོས་བརྒྱུད་དེ་བྱུང་བ་ཡིན། སྔ་འགྱུར་རྙིང་མར་མཚོན་ན་ཀློང་ཆེན་རབ་འབྱམས་པའི་གསུང་མཛོད་བདུན་གྱི་ནང་ཚན་ཡིད་བཞིན་མཛོད་དུ་བློ་སྦྱོང་གི་རིམ་པ་གསུངས་པ་རྣམས་ལམ་རིམ་ཇི་བཞིན་ཡོད་ལ། ལྷག་པར་བསམ་གཏན་ངལ་གསོ་དང་སྒྱུ་མ་ངལ་གསོ། སེམས་ཉིད་ངལ་གསོ་སྟེ་ངལ་གསོ་སྐོར་གསུམ་ལས་སེམས་ཉིད་ངལ་གསོའི་ནང་ལམ་རིམ་ཇི་བཞིན་དུ་བློ་སྦྱོང་བའི་རིམ་པ་གསུངས་ཡོད། ངོས་ཀྱིས་ཀྱང་གཞུང་དེ་དག་གི་བཤད་ལུང་ཐོབ་སྟེ་ཁྲིད་དམིགས་ཀྱང་བསྐྱངས་པ་ཡིན།

   ས་སྐྱའི་ལམ་འབྲས་སུ་གསུངས་པའི་སྣང་གསུམ་དང་རྒྱུད་གསུམ་ལས་སྣང་གསུམ་གྱི་འགྲོ་སྟངས་དེ་ལམ་རིམ་དང་གཅིག་གྱུར་ཡིན། བཀའ་བརྒྱུད་པར་མཚོན་ན་དྭགས་པོ་ཐར་རྒྱན་དུའང་ལམ་རིམ་ཇི་བཞིན་གསུངས་ཡོད། སློབ་མ་ཁྲིད་པའི་ཚེ་ཐོག་མར་རིགས་ནས་ཁྲིད་ཡོད། ཤ་ར་བའི་ལམ་རིམ་དུ་རིགས་ནས་དབུ་བཙུགས་ཏེ་ཁྲིད་ཡོད་སྐོར་གསུང་གི་འདུག་ཀྱང་ངོས་ཀྱིས་ཞིབ་ཕྲ་མཇལ་རྒྱུ་མ་བྱུང་། 

   མདོར་ན། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་སོགས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཡོངས་ཀྱིས་ལམ་རིམ་གྱི་འགྲོ་སྟངས་ཁག་གཅིག་གྱུར་ཉམས་བཞེས་མཛད་ཀྱི་ཡོད།

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章