【ལམ་སྟོན་བཀའ་སློབ】
སེམས་བཟང་བའི་ཕན་ཡོན།
དེས་ན། བདག་ཉིད་ཆེན་པོ་གཱཾཾདྷཱི་དང་མར་ཊིན་ལུ་ཐར་ཀིང་། དེ་བཞིན་དུ་ནེལ་སན་མནྜེ་ལ་ལྟ་བུ་གཞན་ལ་ཕན་བདེ་སྒྲུབ་མཁན་གྱི་རིགས་རྣམས་སོ་སོ་རང་ཉིད་ཀྱང་སེམས་སྐྱིད་ལ་བག་ཕེབས་པའི་སྟེང་། ལོ་རྒྱུས་ཀྱི་ནང་དུ་ཡང་འཁོད་ཐུབ་པ། མི་ཀུན་གྱིས་མོས་པ་བྱེད་ཡུལ་དུ་གྱུར་ཡོད་པ་རེད། བདག་ཉིད་ཆེན་པོ་གཱཾཾདྷཱི་ཞེས་རྗོད་སྐབས་མི་ཀུན་གྱིས་དགའ་མོས་བྱེད་ཡུལ་ཞིག་ཡིན། དེ་ལྟར་ཆོས་ཀྱི་སྐད་ཆ་ཙམ་མིན་པར་སྤྱིར་བཏང་འཛམ་བུ་གླིང་གི་གནས་ཚུལ་ལ་བལྟས་ཀྱང་ཇི་ཙམ་གཞན་ཕན་གྱི་བློ་ཡོད་པ་དེའི་ཚོད་ཀྱིས་རང་དོན་ལེགས་པ་འགྲུབ་བཞིན་ཡོད་ལ། གཅིག་སྡུད་དབང་འཛིན་པ་དེ་དག་ལྟར་རང་གཅིག་པུའི་དོན་བསམས་ཏེ་འཚོ་མཁན་རྣམས་མི་གཞན་གྱིས་འཕྱ་སྨོད་བྱེད་ཡུལ་དུ་འགྱུར་བཞིན་ཡོད།
མདོ་དོན་སྙིང་པོ་རང་རེ་ཀུན་གྱིས་སེམས་བཟང་པོ་བྱས་ཏེ་སྡོད་དང་། དེས་གསོན་པའི་རིང་གྲོགས་པོ་མང་པོ་ཡོང་བ་ཙམ་དུ་མ་ཟད་འཆི་བའི་ཉིན་མོར་ཡང་ངོ་ཤེས་པ་དང་ཁྱིམ་མཚེས་ཀུན་གྱིས། ཨ་ཙི། མི་བཟང་པོ་དེ་གྲོངས་སོང་། ཕངས་པ་ལ་ཞེས་སྨོན་ལམ་འདེབས་པ་ཡོང་ངེས། དེ་ལས་ལྡོག་སྟེ་གསོན་པའི་རིང་རང་གཅིག་པུའི་དོན་བསམས་ཏེ་གཞན་ལ་མགོ་སྐོར་གཏོང་བ་དང་ཐུབ་ཚོད་ཤོད་པ་སོགས་ཀྱི་སྒོ་ནས་མི་ཚེ་ཕྱིན་ན་ཚེ་ཕྱི་མར་སྡུག་བསྔལ་མྱང་དགོས་པ་སྨོས་ཅི། ཚེ་འདིར་ཡང་གཞན་སུ་ལ་ཡང་ཡིད་མི་ཆེས་པར་སྡོད་དགོས་པ་དཔེར་ན། གཞན་ལ་ཕར་མགོ་སྐོར་བཏང་བས་གཞན་གྱིས་ཀྱང་ཚུར་དེ་ལྟར་མགོ་སྐོར་གཏོང་གི་མེད་དམ་སྙམ་དུ་ཞེད་སྣང་སྐྱེ་དགོས་པ་ཡོང་གི་ཡོད། བསམ་པ་རྣམ་དག་གི་སྒོ་ནས་མི་ཚེ་བསྐྱལ་ན་ཞེད་སྣང་ཏན་ཏན་ཉུང་བ་ཡོད། གལ་ཏེ་བསམ་པ་རྣམ་དག་གི་སྒོ་ནས་གནས་པའི་སྐབས་གཞན་གྱིས་མགོ་སྐོར་བཏང་བ་ར་འཕྲོད་པ་བྱུང་ན་དེ་ལ་ཅུང་ཟད་གྱོང་པོ་བྱེད་དགོས་ཀྱང་བྱེད་ཆོག་པ་ཡིན།
མདོར་ན། ཇི་ཙམ་གྱིས་རང་ལ་གཅེས་པར་བཟུང་བ་དེའི་ཚོད་ཀྱིས་བཀྲ་མི་ཤིས་པ་ཤ་སྟག་ཡོང་བ་ཤིན་ཏུ་གསལ་པོ་ཡིན་པས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་ཐག་བཅད་ནས་གསུངས་ཡོད། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡིས།ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་བསྐལ་པ་དུ་མའི་རིང་སེམས་ཅན་རྣམས་ལ་གཅིག་ཏུ་ཕན་པའི་བློ་ཇི་འདྲ་ཞིག་ཡིན་དགོངས་པ་ལས་གཞན་ལ་ཕན་བདེ་སྒྲུབ་པའི་བློ་དེ་སེམས་ཅན་ལ་གཅིག་ཏུ་ཕན་པའི་བློ་དེ་ཡིན་པར་གཟིགས་ཚུལ་གསུངས་པ་ལྟར་ཡིན།
སྐབས་འདིར་སྤྱིར་ཆོས་པ་དང་དེའི་ནང་ནས་ཀྱང་རྣམ་མཁྱེན་དོན་དུ་གཉེར་བའི་ཆོས་པ་ཞིག་གི་ངོས་ནས་བཤད་ན། དེ་ལྟ་བུའི་སྙིང་རྗེ་ཆེན་པོ་དེ་རྒྱལ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་འདི་འགྲུབ་པར་ཐོག་མར་གལ་ཆེ་བ་ས་བོན་དང་འདྲ་བ། བར་དུ་སྤེལ་བ་ལ་ཆུ་དང་འདྲ་བ། མཐར་ཡུན་རིང་དུ་ལོངས་སྤྱོད་པ་ལ་འབྲས་བུ་སྨིན་པ་དང་འདྲ་བ་སྟེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་གསུངས་པ་ལྟར་བསམ་བློ་ལེགས་པར་བཏང་ན་དད་པའི་སྤུ་ལོང་གཡོ་ནུས་པ་ཞིག་ཡིན།