རིག་གནས་ལྔའི་བྱུང་བ་བརྗོད་པའི་གཏམ་ལས་སྒྲ་རིག་པ་བྱུང་ཚུལ།

文摘   文化   2024-10-30 21:46   青海  

རིག་གནས་ལྔའི་བྱུང་བ་བརྗོད་པའི་གཏམ་ཚངས་པའི་

རོལ་མོ་ལས་སྒྲ་རིག་པ་བྱུང་ཚུལ།


ཛེ་སྨད་རིན་པོ་ཆེ།


   

    ༄༅། །གསལ་རིག་ཡིད་ལ་རིག་པའི་ནོར།།མཆོག་ཏུ་སྒྲུབ་པའི་མེས་པོ་ཆེ། །འཇམ་དབྱངས་བླ་མར་བསྟེན་པ་དེས།།ཤེས་རབ་སྣང་བའི་མཆོག་སྦྱིན་མཛོད །།རིན་ཐང་གཞལ་མེད་ཤེས་རིག་གིས།།འཕགས་བོད་ཡུལ་གྱི་སྲིད་བཟུང་འགྲོ་ལ་གཏན་བདེའི་དཔལ་འཇོ་བ།།ངང་ཚུལ་སྤྲོ་འདིར་རྣ་བ་བློགས། །

   དེ་ལ་འདིར་རིག་གནས་ཀྱི་བྱུང་བ་ཅུང་ཟད་བརྗོད་ན། ཐོག་མར་སྒྲ་རིག་པ་བྱུང་ཚུལ་ཕྱི་རོལ་པའི་གཞུང་ལུགས་ལྟར་ན་ལྷ་ཡུལ་དུ་བྱུང་ཚུལ་དང་། མི་ཡུལ་དུ་དར་ཚུལ་གཉིས་ལས།

     དང་པོ་ལྷ་ཡུལ་དུ་བྱུང་ཚུལ། སུམ་ཅུ་རྩ་གསུམ་དུ་སརྦ་ཛྙཱ་དེ་བ་ཞེས་བྱ་བ་བྱུང་ནས་བརྡ་སྤྲོད་ཀྱི་བསྟན་བཅོས་ཐོག་མར་བྱས། དེ་ལས་བརྒྱ་བྱིན་གྱིས་བསླབས་ཏེ་དེས་ཀྱང་བསྟན་བཅོས་ཐོག་མར་བྱས། དེ་ལས་བརྒྱ་བྱིན་གྱིས་བསླབས་ཏེ་དེས་ཀྱང་བསྟན་བཅོས་ཨིནྡྲ་བྱཱ་ཀ་ར་ཎ་བརྩམས། དེ་ལས་དྲང་སྲོང་ཕུར་བུས་བསླབས་ཏེ་དེ་ལྷ་རྣམས་ཀྱི་སློབ་དཔོན་དུ་གྱུར་ནས་ལྷའི་བླ་མ་ཞེས་བསྔགས་པས་ང་རྒྱལ་ཆེར་སྐྱེས་པ་ན། བརྒྱ་བྱིན་གྱིས་རྒྱ་མཚོ་ལས་ཆུ་བུམ་པ་གང་དང་། དེ་ལས་ཀུ་ཤས་ཆུ་ཐིགས་བླངས་ནས། སྒྲ་ཡི་རིག་པ་མཐའ་ཡས་ཏེ། །ཡོངས་སུ་རྫོགས་པ་རྒྱ་མཚོ་ཙམ། །ང་ཡིས་ཤེས་པ་བུམ་པ་གང་། །ཁྱོད་ཀྱིས་ཤེས་པ་ཆུ་ཐིགས་ཙམ། །ཞེས་ཕུར་བུའི་ང་རྒྱལ་བཅག་པས་ཕུར་བུ་ཡིད་ཞུམ་སྟེ་སྒྲ་མི་སྨྲ་བར་དམ་བཅས་པ་ན། བརྒྱ་བྱིན་གྱིས་འོན་ཀྱང་རང་གིས་ཇི་ལྟར་ཤེས་པ་སྟོན་ཅིག་ཅེས་བསྒོས་པས་དམ་བཅས་པ་བསྲུང་བའི་ཕྱིར་དུས་གཉན་བཞིར་མི་སྨྲ་ཞིང་གཞན་རྣམས་ལ་འཆད་པར་བོད་ཀྱི་ལོ་རྒྱུས་རྙིང་པ་ལས་འབྱུང་ཞིང་། དུས་གཉན་བཞི་པོ་འདི་རྒྱ་གར་པས་སྒྲ་མ་ཟད། ཀློག་པ་སྤྱིའི་དུས་གཉན་དུ་བྱེད་དེ་གསལ་འགྱུར་མྱུར་རྟོགས་ལས། བརྒྱད་པ་ལ་ནི་མཁན་པོ་འཇོམས། །བཅུ་བཞི་པ་ལ་སློབ་མ་འཇོམས། །གནམ་སྟོང་ལ་ནི་གཉིས་ཀ་འཇོམས། །བཅོ་ལྔ་ལ་ནི་ཐམས་ཅད་འཇོམས། །དཔེར་ན་གཡུལ་ངོར་བརྟན་པའི་དཔུང་། །གངྒཱ་སྐྱེས་ཀྱིས་མདའ་ཡིས་བསྣུན། །ཚེས་གཅིག་ཀློག་པའི་ཚུལ་ཅན་གྱི། །རིག་པ་ཉིད་ནི་ཆུང་ངུར་འགྱུར། །ཞེས་དུས་གཉན་ལྔར་ཡང་བཤད་དོ། །

      སྒྲ་རིག་མི་ཡུལ་དུ་དར་ཚུལ་ནི། པཱ་ཎི་པ། ཙནྡྲ་པ། ཀ་ལཱ་པ། དབྱངས་ཅན་བརྡ་སྤྲོད་བཅས་ཏེ། དེའི་དང་པོ། རྒྱལ་བས་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ནཱི་ཞེས་རྒྱ་གར་ནུབ་ཕྱོགས་བྷི་ཏུ་ཀའི་ཚལ་དུ་སྐྱེས་ཏེ། སྒྲ་རིག་ཤེས་ཕྱིར་རང་གི་ལག་རིས་གྲི་ཆུང་གིས་བཅོས་ནས་ས་སྟེང་གི་བརྡ་སྤྲོད་མཁས་པ་ཐམས་ཅད་བསྟེན། ད་དུང་མ་ཚིམ་པར་འཇིག་རྟེན་དབང་ཕྱུག་གི་རིག་སྔགས་བསྒྲུབས་པས་ཞལ་གཟིགས་ནས་ཅི་འདོད་གསུངས་པར། སྒྲ་ཤེས་པར་འཚལ་ཞེས་ཞུས་པས། ཨ་ཨི་ཨུཎ་སོགས་ཡི་གེའི་བསྡུ་བ་གསུང་བ་ཙམ་གྱིས་འཇིག་རྟེན་གསུམ་གྱི་སྒྲའི་གནས་ཐམས་ཅད་ཤེས་ནས། པཱ་ཎི་བྱ་ཀ་ར་ཎ་ཤླཽཀ་སྟོང་དང་བྱེ་བྲག་འབྱེད་པའི་མདོ་ཤླཽཀ་སྟོང་ཡོད་པ་བཅས་མཛད། དེ་ཡན་ཕྱི་རོལ་པ་རྣམས་ལ་ཤཱ་རིའི་བུས་དབང་པོའི་བརྡ་སྤྲོད་པ་ལོ་བཅུ་གཉིས་སུ་བཀླགས་པར་བཤད་པ་ལྟ་བུའི་གཞུང་ཅི་རིགས་ལས། ནང་པ་རྣམས་ལ་སྒྲའི་སྦྱོར་བ་ཕྱོགས་གཉིས་སུ་བྱས་པའི་བསྟན་བཅོས་མེད་པས་གཞུང་དེ་གཉིས་ནི་སྒྲ་གཞུང་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོ་ལྟ་བུ་ཡིན་ཞིང་། རྒྱལ་པོ་བདེ་བྱེད་ཀྱིས་སྒྲ་བསླབ་པའི་ཕྱིར་བྲམ་ཟེ་མཆོག་སྲེད་ཀྱིས་ཀླུའི་རྒྱལ་པོ་ལྷག་མ་ཅན་རིག་སྔགས་ཀྱིས་བཀུག་ནས་པཱ་ཎི་པའི་འགྲེལ་པ་ཤླཽཀ་འབུམ་གྱིས་འཆད་པར་བྱས་ནས་སློབ་དཔོན་དང་ཀླུའི་བར་ཡོལ་བས་བཅད་དེ་ཀླུས་བཤད་ཅིང་། མཆོག་སྲེད་ཀྱིས་ཡི་གེར་འབྲི་བ་ལ། སྐབས་ཤིག་ན་ལུས་ཅི་འདྲ་ཡོད་བལྟ་དགོས་སྙམ་སྟེ། ཡོལ་བ་བཏེགས་པས་སྤྲུལ་ཆེན་པོ་འགྱིངས་པ་མཐོང་། ཀླུ་ངོ་ཚ་ནས་བྲོས། དེར་འགྲེལ་པ་སྟོང་ཕྲག་བཅུ་གཉིས་ཀྱི་ཚད་དུ་བརྩམས་པ་དེ་ལ། མཧཱ་བྷཱཥ། ཞེས་གྲགས། དེ་དག་གི་གཞུང་འགྲེལ་པ་དང་བཅས་པ་ད་ལྟའི་བར་དུ་འཕགས་ཡུལ་དུ་ཡོད། ཡང་སྐྱེས་བུ་མཆོག་གིས་བྱས་པའི། བྷཱཥ། ཞེས་པ་རྩ་བ་ཤླཽཀ་དགུ་བརྒྱའི་ཚད་ཙམ་རང་འགྲེལ་དང་བཅས་པ། རཱ་མ་ཙནྡྲས་བྱས་པའི་རབ་བྱེད་ཟླ་ཟེར། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་པཱཎི་པའི་དོན་འགྲེལ་གཟུགས་ཀྱི་འཇུག་པ། པཱ་ཎི་པའི་ཆར་གཏོགས་གཞུང་ཤཱ་ཤ་ཊཱ་ཡ་ན་དང་། ཀ་ཏིའི་བུས་བྱས་པ་སོགས་སློབ་དཔོན་དེའི་རྗེས་སུ་འབྲངས་ཤིང་། པཱ་ཎི་ནཱིའི་གཞུང་རྩ་བ་ཙམ་ཕྱིས་སུ་འདར་པ་ལོ་ཙཱས་བསྒྱུར་བར་གྲགས་མོད་ཇི་བཞིན་མ་འགྱུར་རོ། །

       ཙནྡྲ་པ་ནི། ཤར་ཕྱོགས་པ་རེནྡྲར་འཁྲུངས་པའི་ཙནྡྲ་གོ་མིས་སློབ་དཔོན་མྱ་ངན་མེད་པ་ལས་ལུང་མནོས་ཏེ། སྤྱན་རས་གཟིགས་དང་སྒྲོལ་མའི་རིག་སྔགས་བསྒྲུབས་པས་མཁས་པར་གྱུར། སྤྱན་རས་གཟིགས་ཀྱིས་བསྐུལ་ནས་གོ་མཱིའི་དགེ་བསྙེན་གྱི་བརྟུལ་ཞུགས། ད་ལྟའང་པོ་ཊ་ལར་བཞུགས་པ་དེས། བསྟོད་པ། ནང་རིག་པའི་བསྟན་བཅོས། ཕྱི་རོལ་གྱི་བསྟན་བཅོས། བཟོ་གནས་ཀྱི་བསྟན་བཅོས་བརྒྱ་རྩ་བརྒྱད་རེ། བསྟན་བཅོས་ཐོར་བུ་བ་སྣ་ཚོགས་བཞི་བརྒྱ་དང་སོ་གཉིས་མཛད། ལྷོ་ཕྱོགས་ཀྱི་རྒྱུད་དུ་ཀླུའི་འགྲེལ་པ་མ་ཧཱ་བྷཱ་ཥ་གཟིགས་ཏེ་སྨད་ནས། པཱ་ཎི་པའི་དོན་འགྲེལ་ཙནྡྲ་བྱཱ་ཀ་ར་ཎ་ཞེས་ཤླཽཀ་བདུན་བརྒྱ་ལེའུ་ཉི་ཤུ་རྩ་བཞིའི་བདག་ཅག་དང་དེའི་ཡན་ལག་ཡི་གེའི་མདོ་སོགས་མཛད། ནཱ་ལེནྡྲར་ཟླ་གྲགས་ཀྱིས་མཛད་པའི་སྒྲ་མདོ་ཀུན་བཟང་གཟིགས་པས་དེ་ནི་ཚིག་སྦྱོར་ལེགས་ཤིང་རང་གི་དེ་དེ་ཙམ་མི་ལེགས་པར་མཐོང་ནས་ཁྲོན་པར་བསྐྱུར་བ་ན། སྒྲོལ་མས་བཏོན་པར་བསྐུལ། ཁྲོན་པ་དེའི་ཆུ་བཏུང་བ་ལས་ཤེས་རབ་འཕེལ་བར་གྲགས། དེ་འདྲའི་གཞུང་དེར་ཞང་པོ་དྷརྨ་དཱེ་བས་འགྲེལ་པ་མཛད། དེ་ལ་རཏྣ་མ་ཏིས་འགྲེལ་བཤད། དེའི་ཡང་འགྲེལ་བཤད་ཀྱི་བཤད་པ། པཱུརྞ་ཙནྡྲས་མཛད་པ། ཡན་ལག་གཞན་ཡང་ཨུཎ་སོགས་ཀྱི་མདོ་འགྲེལ་དང་བཅས་པ། བྱིངས་མདོ་སོགས་སློབ་དཔོན་ཉིད་ཀྱིས་མཛད་པའི་རང་གཞུང་དང་གཞན་གྱིས་སྦྱར་བ་མང་དུ་ཡོད་པ་ལས། གཞུང་རྩ་བ་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བ་ཚུད་ཆད་བོད་དུའང་འཆད་ཉན་མ་ཆད་པར་བྱུང་། བོད་འགྲེལ་ཡང་ལོ་ཆེན་ཐུགས་རྗེ་དཔལ་དང་། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པ། སི་ཏུ་པཎ་ཆེན་གྱིས་མཛད་པའི་འགྲེལ་ཆེན་སོགས་ཡོད་དོ།།

  སྒྲ་ཀ་ལཱ་པ་ནི་རྒྱལ་པོ་ཙནྡྲ་སྐྱོང་གི་དུས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེ་ཨིནྡྲ་དྷྲུ་བ་ལ་སྒྲའི་ངེས་གནས་བཤད་པའི་ཨནྡྲ་བྱཱ་ཀ་ར་ཎ་སྟེ་དབང་པོའི་བརྡ་སྤྲོད་པ་ཞེས་ཤླཽཀ་ཉིས་ཁྲི་ལྔ་སྟོང་གི་ཚད་ཅན་དང་། དེ་རྗེས་བརྡ་སྤྲོད་དེ་ཤེས་པའི་ཆེད་དུ་རྒྱལ་པོ་བདེ་སྤྱོད་ཀྱི་བཀའ་ལྟར། བྲམ་ཟེ་སཔྟ་ཝརྨས་གདོང་དྲུག་བསྒྲུབས་ནས་གྲུབ་པའི་ཚེ་གདོང་དྲུག་ལ་ཨིནྡྲ་བྱཱ་ཀ་ར་ཎ་ཤེས་པར་འཚལ་ལོ་ཞེས་དངོས་གྲུབ་ཞུས་པས། སིདྡྷོ་ཝརྣ་ས་མམྣཱ་ཡ་ཞེས་གསུངས་པ་ཙམ་གྱིས་སྒྲ་དོན་མཐའ་དག་ཤེས་ནས། དེས་ཀ་ལཱ་པ་བྱཱ་ཀ་ར་ཎ་བརྩམས། དེ་ཨིནྡྲ་བྱཱ་ཀ་ར་ཎའི་ལུགས་ཡིན་ཞིང་དུརྒ་སིདྷཱས་འགྲེལ་པ་དུར་སིང་དང་ཨུཎ་སོགས་ཀྱི་འགྲེལ་པའང་མཛད། སློབ་ཚུལ་ཡང་དཔེར་བརྗོད་དངོས་བསྟན་ཙམ་སྟོན་པ་རྒྱལ་པོའི་ལུགས་ཞེས་ཟེར། བྲམ་ཟེ་གྲགས་འབྱོར་གྱིས་ནང་པའི་སློབ་མ་རྣམས་ཀྱི་དོན་དུ་འགྲེལ་པ་སློབ་མ་ལ་ཕན་པ་མཛད། སློབ་ཚུལ་དཔེར་བརྗོད་བྱིས་སྒྲུབ་འགའ་ཞིག་མཛད་པས་པཎྜིཏའི་ལུགས་ཞེས་ཟེར་བ་སོགས། ཀ་ལཱ་པར་ཕྱི་ནང་གི་འགྲེལ་བྱེད་མང་དུ་བྱུང་། བོད་ཡུལ་དུའང་འཆད་ཉན་བྱེད་པ་མང་བས་ཤོང་ལོས་གཞུང་ཐོག་མར་བསྒྱུར། དེ་ནས་དཔང་ལོ་སོགས་ཀྱིས་འགྲེལ་པ་དུར་སིང་དང་། སི་སོགས་དང་། ཏི་སོགས་ཀྱི་བྱ་བ་ལ་སོགས་པའི་གཞུང་རིམ་པར་བསྒྱུར་ཅིང་བོད་འགྲེལ་ཡང་བཟང་ངན་མང་པོ་བྱུང་།

      དབྱངས་ཅན་མའི་བརྡ་སྤྲོད་ནི། རྒྱ་གར་དུ་མཁས་པ་སྒོ་དྲུག་ཙམ་གྱི་དུས་སུ་ལྷོ་ཕྱོགས་མཧཱ་རཱཥྟར་བྱུང་པའི་བྲམ་ཟེའི་སློབ་དཔོན་ཨ་ནུ་བྷཱུ་ཏུ་ལ་དབྱངས་ཅན་མས་དངོས་སུ་སྩལ་བའི་སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་ཞེས་དེ་སྔོན་དུ་རྒྱ་གར་དུ་དར་ཁྱབ་ཆེ་ཞིང་། བོད་དུ་ཇོ་ནང་ཏཱ་ར་ནཱ་ཐས་པཎྜིཏ་ཀྲིཥྟ་དང་པ་ལ་བྷ་དྲ་ལ་བརྟེན་ནས་གཞུང་འགྲེལ་ཐོག་མར་བསྒྱུར། འགྲེལ་པའང་མཛད། འདར་ལོས་ཀྱང་འགྱུར་བཅོས་དང་འགྲེལ་པ་གཞི་འགྱུར་གྱི་རྩིས་སུ་བྱས་ཀྱང་། གཞུང་གི་འགྱུར་ལ་རྒྱ་བོད་ཀྱི་དཔེ་བསྡུར་ཚེ་མི་འགྲིགས་པ་ཤས་ཆེ་བས་བརྩམས་པའི་ཐ་སྙད་ལས་བསྒྱུར་བའི་ཐ་སྙད་ལས་བསྒྱུར་བའི་ཐ་སྙད་ཆེར་མི་ཐོབ་པ་འདྲ་ནའང་། དེ་ལ་བརྟེན་པའི་འཆད་ཉན་གྱི་རྒྱུན་ཤིན་ཏུ་དར་བ་བྱུང་ཞིང་། ཕྱིས་སུ་སི་ཏུས་བལ་ཡུལ་དུ་བྲམ་ཟེ་བིཥྞུ་པ་ཏི་ལ་འདྲི་མོལ་མཛད་དེ་སློབ་དཔོན་གྱི་རང་འགྲེལ་རབ་བྱེད་གསལ་ལྡན་གཞི་འགྱུར་མཛད་ཅིང་། འཕགས་ཡུལ་དུ་འགྲེལ་ཆེན་པུཉྫརཱ་ཛ་སོགས་ཕྱི་ནང་གི་པཎྜིཏས་བརྩམས་པའི་འགྲེལ་པ་མང་དུ་ཡོད། གཞན་ཡང་འཇམ་དཔལ་གྲགས་པས་མཛད་པའི་བརྡ་སྤྲོད། སྐབས་ལྔ་པའི་རྐང་པ་གཉིས་པའི་འགྲེལ་པ་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོོས་བསྒྱུར་ཡང་འཆད་ཉན་གྱི་རྒྱུན་མ་བྱུང་། 


READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章