རྒྱ་གར་དང་བོད་ཀྱི་ལྷ་སྐུ་བཞེངས་སྟངས་བར་གྱི་འགྱུར་བ།

文摘   文化   2024-10-28 21:28   青海  

དབུ་ཞྭ་བྱ་རོག་གདོང་ཅན།

འབྲུག་རྒྱལ་པོའི་དབུ་ཞྭ་བྱ་རོག་གདོང་ཅན།




   ༄༅། །བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་མང་ཆེ་བ་ཡུལ་གཞན་ཞིག་ནས་བོད་དུ་དར་བ་ལ་རིམ་གྱིས་བོད་ཀྱི་རིག་གཞུང་དང་གོམས་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅན་གྱི་རིག་གཞུང་ཞིག་གི་ངོ་བོར་གྱུར་ཡོད།


 འོན་ཀྱང་རི་མོའི་སྒྱུ་རྩལ་འགའ་ཤས་དང་པོ་འབྱུང་སའི་ཡུལ་གོམས་གཤིས་ལུགས་ལ་རྒྱུས་མེད་པའི་དབང་གིས་ཡུལ་དེ་དང་དེའི་ལྷ་དང་མི་སོགས་ཀྱི་བྲིས་འབུར་གྱི་སྐུ་བཞེངས་སྟངས་དོན་དངོས་དང་མི་མཐུན་པ་འགའ་རེ་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། བདག་ཅག་གི་སྟོན་པའི་བྲིས་འབུར་གྱི་སྐུ་བཞེངས་སྟངས་ལ་མཆོན་ན། སྟོན་པ་ནི་དོན་དངོས་ལ་རྒྱ་གར་པའི་དགེ་སློང་འདུལ་བ་འཛིན་པ་ཞིག་ཡིན་པར་བརྟེན། རྒྱ་གར་གྱི་ཡུལ་གོམས་གཤིས་ལུགས་གཞིར་བཅས་ན་བཟའ་འདུལ་བ་དང་མཐུན་པ་ཞིག་བཞེས་པ་ཞིག་དགོས་ནའང་། བོད་ཀྱི་ལྷ་བྲིས་པ་རྣནས་ཀྱིས་སྟོན་པའི་སྐུ་གོས་ཆེན་གསེར་རིས་ནང་ཤ་ཡོད་པའི་ཆོས་གོས་མནབས་ཤིང་། སྐུ་ཤམ་ལ་སྐེད་རགས་ལྗང་ཁུ་བཅིངས་པ། ཕྱག་གཡོན་མཉམ་བཞག་གི་སྟེང་དུ་ལྷུང་བཟེད་ཟས་ཀྱིས་བཀང་བ་ཞིག་བཞེངས་ཡོད། དེ་བཞིན་དུ་རྒྱ་ནག་པས་སྟོན་པ་སྐུ་མདོག་དཀར་རྐྱང་ཅན། ཐེ་ལན་ཊས་སྟོན་པའི་གཙུག་ཏོར་རྩེ་རྣོན་པོ་ཅན་སོགས་བཞེངས་སྲོལ་མི་འདྲ་བ་དར་ཡོད།


   སྟོན་པའི་སྐུ་བརྙན་བཞེབས་སྟངས་ཐད་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། སྟོན་པའི་སྐུ་བརྙན་ལ་ནི་གྲགས་ཆེ་བ་དྲི་ཟའི་ལུགས་བྱ་བ་དང་། གུབྟའི་བཟོ་བྱ་བ་གཉིས་ཡོད་ཅེས་སོགས་དང་། ཡང་ཁོང་གིས། སངས་རྒྱས་ཀྱི་སྣང་བརྙན་རྒྱ་བཟོ་འཁྲུལ་མེད་རྣམས་ལ་ནི་སྐུ་ལུས་ཆེ་ཞིང་ཞལ་རས་ཕྲ། དབུའི་དཔྲལ་བ་མཐོ་ཡངས་ཞིང་མི་ཆེ། སྤྱན་ཀོང་ཉམས་ཆེ། དབུ་གཙུག་མདུན་རྒྱབ་ཏུ་རིང་བ་སོགས་རྒྱ་གར་པའི་ཉམས་ཡོད།


    དུས་ཕྱིས་རྒྱ་ནག་དང་བལ་པོའི་བྲིས་རྒྱུན་སླེབས་པ་དག་ལ་དཔྲལ་བ་ཞེང་ཆེ། ཞལ་རས་ཀྱང་རང་རེའི་མི་བཞིན་ཆེ་ཞིང་ལེབ་མོར་ཡོད། ཤམ་ཐབས་དང་ཆོས་གོས་ཀྱི་ནང་ཤ་སྔོན་པོ་སོགས་ཡོད། རྒྱ་བལ་གྱི་བྲིས་དང་བྲིས་རྒྱན་ལ་སངས་རྒྱས་ཀྱི་སྤྱན་འབྲས་སྔོན་པོར་སྣང་ཞིང་། མདོ་སྨད་སོགས་སུ་རི་མོ་དར་བ་གསེར་གྱིས་བྲིས་ཏེ་བོད་ཀྱི་མིག་འདྲ་བར་བྱས་ཞེས་དང་།


  ཡང་ཁོང་གིས། སྤྱིར་རང་རའི་ལྷའི་བྲིས་ཆ་ལ་རྒྱ་བལ་གྱི་སྲོལ་ལས་ཀྱང་ལིའི་སྲོལ་ལུགས་དེ་ཤིན་ཏུ་ཤས་ཆེ་བར་ཡོད་ཅིང་མི་མཐུན་པར་བྲིས་པ་ཡང་མང་ངོ་། །ཞེས་སོགས་དང་།


     ཡང་ཀླུ་སྒྲུབ་དགོངས་རྒྱན་ལས། རང་ཅག་རིན་པོ་ཆེ་ལ་དགའ་བའི་རྐྱེན་གྱིས་འོག་མིན་གྱི་ས་གཞི་ཁང་ཁྱིམ་སོགས་ཀྱང་རིན་པོ་ཆེའི་རང་བཞིན་དུ་བྱས། དེ་བཞིན་ལོངས་སྤྱོད་རྫོགས་སྐུའི་མཚན་བཟང་རྣམས་ཀྱང་དོན་ལ་རང་ཅག་མིའི་མིག་ལ་ཡིད་དུ་འོང་བའི་ཆས་རྣམས་ཡིན།


       ལོངས་སྐུ་དང་། ལྷའི་ཆ་ལུགས་དེ་ཡང་སྔོན་གྱི་རྒྱ་གར་རྒྱལ་པོའི་ཆ་ལུགས་ཡིན་པར་ཞིབ་ཏུ་བརྟགས་པས་ཤེས། ཞེས་དང་། ཡང་དེ་ཉིད་ལས། སངས་རྒྱས་རྒྱ་ནག་ཏུ་བྱོན་པའི་དབང་དུ་བྱས་ན། འོག་མིན་གྱི་ལོངས་སྐུ་དེ་ཡང་ཨག་ཚོམ་སྣུམ་ལ་རིང་བ། འབྲུག་བེར་སེར་པོ་གྱོན་པ་ཞིག་འོང་ངེས། དེ་བཞིན་སངས་རྒྱས་བོད་དུ་བྱོན་ན། འོག་མིན་ན་གསེར་གྱི་ཇ་མདོང་དཔག་ཚད་ལྔ་བརྒྱ་པ་ཞིག་གི་ནང་དུ་འདོད་འཇོའི་བ་ཡི་མར་གསར་པ་དང་། དཔག་བསམ་ཤིང་གི་ལོ་མ་སྦྱར་བའི་གསོལ་ཇ་སོགས་ཡོད་པ་ཐེ་ཚོམ་མེད་ཅེས་བྲིས་གནང་ཡོད།


       འདིར་བརྗོད་པར་བྱ་བ་གཞན་ཞིག་ནི། རྒྱ་གར་པའི་བྲམ་ཟེའི་རིགས་ཀྱིས་རྩ་ཆེར་བརྩི་བའི་ལྷ་རྣམས་དང་པོ་རིག་བྱེད་ཀྱི་གཏམ་རྒྱུད་ལས་བྱུང་ཞིང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་འགྱུར་བ་མ་ཕྱིན་པའི་རྡོ་སྐུ་རྙིང་པ་བཞེངས་བཞིན་ཡོད་ནའང་། བོད་ཀྱིས་རྒྱ་གར་པའི་ལྷ་སྐུ་བཞེངས་པའི་སྐབས་ལག་རྩལ་མི་འདྲ་བའི་ཐོག་གོམས་གཤིས་དང་འདུ་ཤེས་མ་འདྲ་བའི་ཤན་ཤུགས་ཐེབས་པའམ་རང་བཟོ་ལྟ་བུས་བསྲེས་ལྷད་དང་འགྱུར་བ་མ་འདྲ་བ་སྣ་ཚོགས་བྱུང་འདུག་པ་གཤམ་དུ་དཔེ་མཚོན་བཀོད་པ་ལྟར་ཡིན།


   རྒྱ་གར་པའི་ལྷ་གཅིག་ལ་མཚོན་ནའང་དགོས་པ་དང་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ཞལ་ཕྱག་གྲངས་མང་ཉུང་། སྐུ་མདོག་དང་ཕྱག་མཚན། བཞུགས་སྟངས་དང་བཞོན་པ་སོགས་མི་འདྲ་བ་སྣ་ཚོགས་ཡོད་ནའང་། རྩ་བའི་རྒྱ་གར་གྱི་རིག་གཞུང་ལ་ཁུངས་བཅོལ་བའི་ཕྱི་ནང་གི་སྐུ་འདྲ་ཞིག་ཡིན་ཕྱིན་ཆད་རྒྱ་གར་པའི་ལྷ་སྐུའི་རྣམ་པ་ཅན་ཞིག་ཡིན་དགོས་པ་གལ་ཆེ། དེས་ན་བོད་ཀྱི་ལྷ་བྲིས་པ་རྣམས་ཀྱིས་གནད་འདི་ལ་ཐུགས་སྣང་གིས་སྲོལ་རྒྱུན་འབྲི་སྲོལ་ལྟར་འཇོག་དགོས་སམ་ལེགས་བཅོས་མཛད་དགོས་དཔྱད་གཞི་གལ་ཆེ་ཞིག་ཡིན་སྙམ། 

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章