【བཀའ་སློབ】བསྟན་པ་སྤྱིའི་གོ་བ་མེད་པར་སྔགས་ལ་མཐོ་སྙེག་བྱེད་མི་རུང

文摘   文化   2024-11-15 20:11   青海  


【ལམ་སྟོན་བཀའ་སློབ】

བསྟན་པ་སྤྱིའི་གོ་བ་མེད་པར་སྔགས་ལ་མཐོ་སྙེག་བྱེད་མི་རུང་།

    དྲི་བ། འབྲས་བུ་ཡོངས་དག་བཞི་དང་རྣམ་པ་མཐུན་པའི་ལམ་སྒོམ་ཚུལ་དེ་མོས་སྒོམ་ཡིན་ན། དེར་དགོས་པ་དང་རྒྱུ་མཚན་ཇི་ཡོད།

     བཀའ་ལན། ཐེག་པ་ཆེ་ཆུང་གི་ཐ་སྙད་དང་འབྲེལ་ནས་བཤད་ན་གསང་སྔགས་ཀྱི་ཉམས་ལེན་ཁག་ཐེག་པ་ཆེན་པོའི་ཆོས་སྐོར་གྱི་ཁོངས་སུ་གཏོགས་ཤིང་། ནམ་རྒྱུན་གསང་སྔགས་ལ་ཟབ་ལམ་རྡོ་རྗེ་ཐེག་པའམ་མྱུར་ལམ་རྡོ་རྗེ་ཐེག་པ་ཞེས་པའི་གསུང་སྲོལ་ཡོད་པ་ལྟར་སྔགས་ཀྱི་ཟབ་ཁྱད་གཙོ་བོ་གསང་སྔགས་བླ་མེད་ཀྱི་སྐབས་སུ་ཐོན་གྱི་ཡོད། 

    དེ་ཡང་གཙོ་བོ་རགས་པ་གློ་བུར་བའི་སེམས་ཙམ་ལ་བརྟེན་པ་མིན་པར་ཕྲ་བ་གཉུག་མའི་སེམས་ཡུལ་འཇལ་རུང་གི་རྣམ་པར་གསལ་བར་བསྐྱེད་ནས་སྟོང་ཉིད་སྒོམ་པ་སྟེ། དེར་དམིགས་བསལ་གྱི་ཟབ་ཁྱད་ལྡན་ཡང་དེ་འདྲ་ཞིག་ཡོང་བར་ལས་སླ་པོ་མེད། ཐོག་མར་གལ་ཆེ་ཤོས་སྟོང་ཉིད་ཀྱི་ལྟ་བ་དགོས་ཤིང་། ལྟ་བ་དེ་ཉིད་ཤེས་སྒྲིབ་ཀྱི་གཉེན་པོར་བསྐྱེད་པར་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་དགོས། 

    དེ་ལྟར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་དང་མི་ལྡན་ན་སྔགས་ཀྱི་ཉམས་ལེན་ཚད་ལྡན་ཞིག་ཡོང་ཐབས་མེད། རང་རེ་ཕལ་མོ་ཆེས་བསྟན་པ་སྤྱིའི་འགྲོ་སྟངས་ལ་གོ་བ་ལེགས་པོ་མེད་པར་ལམ་སེང་སྔགས་ལ་མཐོ་སྙེག་བྱེད་ཀྱི་ཡོད་པ་དེ་འགྲིག་གི་མེད།

【ལམ་སྟོན་བཀའ་སློབ】

དག་ཞིང་གི་རྣམ་པ་ཡིད་ལ་བྱེད་པ་ཙམ་གྱིས་དེར་སྐྱེ་ཐུབ་པ་ཁག་པོ་ཡིན།

    དྲི་བ། རྒྱ་བརྒྱུད་ནང་པའི་ཁྲོད་རྒྱུན་དུ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདོན་པ་ལྟ་བུ་དག་ཞིང་གི་ཉམས་ལེན་བྱེད་སྲོལ་ཡོད་པའི་ཐད་༸རིན་པོ་ཆེ་མཆོག་ལ་དགོངས་ཚུལ་གང་ཡོད།

    བཀའ་ལན། བླ་མ་ཚད་ལྡན་ཁག་གིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གསུངས་ཡོད་པ་ལྟར་དག་ཞིང་གི་རྣམ་པ་ཡིད་ལ་བྱས་ཏེ་སྨོན་ལམ་འདེབས་པ་འགྲིག་གི་ཡོད་ཀྱང་། དེ་གཅིག་པུར་བརྟེན་པ་མིན་པར་དག་ཞིང་དུ་སྐྱེ་བའི་རྒྱུ་ཚོགས་བསོག་རྒྱུ་གལ་ཆེ་ཡིན། དག་ཞིང་དུ་སྐྱེ་བའི་རྒྱུ་ཚོགས་མི་གསོག་པར་དག་ཞིང་གི་རྣམ་པ་ཡིད་ལ་བྱེད་པ་ཙམ་གྱིས་དག་ཞིང་དུ་སྐྱེ་ཐུབ་པ་ཧ་ཅང་ཁག་པོ་ཡིན།

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章