༈ ལམ་གྱི་གཙོ་བོ་རྣམ་གསུམ་སྐོར།
༄༅།། དེ་རིང་ལམ་གཙོ་རྣམ་གསུམ་གྱི་སྐོར་མདོར་བསྡུས་ཤིག་ཤོད་ཅེས་གསུངས་པ་རེད། ལམ་གཙོ་རྣམ་གསུམ་ནི་བརྗོད་གཞི་ཧ་ཅང་རྒྱ་ཆེན་པོ་ཡིན་ཙང་དུས་ཚོད་ཐུང་ངུའི་ནང་ཞུས་པ་དེས་གསན་མཁན་ཚོར་ཐུགས་ཕན་གསོས་མིན་དྭོགས་པའི་གནས་རེད། ཡིན་ནའང་སྐུལ་བ་པོ་ཚོའི་ཐུགས་འདོད་གཞིར་བཟུང་མདོར་བསྡུས་ཤིག་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།
ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་པ་ནི་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་རེད། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་བདག་ཉིད་ཆེན་པོར་ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་གྱི་རྣམ་བཞག་ཞལ་གདམས་གནང་བའི་སྐབས་སུ་ལམ་གྱི་གཙོ་བོ་རྣམ་གསུམ་དམིགས་ཀྱིས་བཀར་ནས་གསུངས་པ་ཡིན་ཙང། དེ་ནས་བཟུང་སྟེ་ལམ་གཙོ་རྣམ་གསུམ་ཞེས་གྲགས་པ་བྱུང། སྤྱིར་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ལམ་ལ་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་གྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རྣམ་གྲངས་དང་གོ་རིམ་མང་པོ་ཞིག་ཡོད་མོད། དེ་དག་ཚང་མ་དངོས་དང་བརྒྱུད་པའི་སྒོ་ནས་ལམ་གྱི་གཙོ་བོ་རྣམ་གསུམ་དང་འབྲེལ་བ་མེད་པའམ། ཡང་ན་དེའི་བོགས་འདོན་ལ་མི་འགྲོ་བ་གཅིག་ཀྱང་མེད། ལམ་གྱི་གཙོ་བོ་རྣམ་གསུམ་ལ་མྱོང་བ་ཡག་པོ་ཐོན་ན་ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་གྱི་རིམ་པ་མ་ཚང་བ་མེད་པ་དེའི་ནང་འདུས་པ་ཡིན།
དང་པོ་ངེས་འབྱུང་ནི། ཐོག་མར་འཁོར་བའི་སྡུག་བསྔལ་མཐོང་ནས་དེ་ལ་ཡིད་འབྱུང་བ་དང། ཐར་པའི་གོ་འཕང་ཐོབ་འདོད་ཀྱི་འདུན་པ་ལྡོག་མེད་ཤུགས་དྲག་སྐྱེས་པའི་བསམ་པ་དེ་ལ་ངེས་འབྱུང་ཞེས་བརྗོད། དེ་ལྟ་བུའི་བསམ་པ་རྒྱུད་ལ་མ་སྐྱེས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་འདོད་ཀྱི་འདུན་པ་ཚད་ལྡན་ཞིག་ཡོང་ཐབས་མེད། དེར་བརྟེན་ཐོག་མར་ངེས་འབྱུང་དེ་གལ་ཆེ་ཤོས་ཆགས་ཡོད། ལམ་གཙོ་རྣམ་གསུམ་ལས། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།། བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།། ཞེས་གསུངས་པ་ལྟར། ངེས་འབྱུང་མེད་དུ་མི་རུང་བ་ཡིན་པའི་རྒྱུ་མཚན་གང་རེད་ཅེ་ན། ངེས་འབྱུང་མ་སྐྱེས་ན་སྲིད་པའི་བདེ་བ་རྣམས་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལ་འབྲལ་འདོད་ཀྱི་བློ་མི་སྐྱེ། སྲིད་པའི་བདེ་བའི་དོན་གཉེར་ནི་ཉོན་མོངས་མ་སྤངས་པའི་གང་ཟག་ཚོར་རང་བཞིན་ནམ་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད་ཅིང། དེ་ཡང་སྐྱེ་བ་ཐོག་མ་མེད་པ་ནས་མ་རིག་པར་གོམས་པའི་དབང་གིས་ལས་བསགས་པ་དང་། ལས་ཀྱི་དབང་གིས་སྐྱེ་བ་བླངས་པ། སྐྱེ་བ་བླངས་རྗེས་འཁོར་བའི་ནང་དུ་ཚོར་བ་བདེ་བ་དང་བཏང་སྙོམས་ཀྱི་རིགས་རྣམས་བདེ་བའི་ངོ་བོར་མཐོང་སྟེ། འཁོར་བའི་ཕུན་ཚོགས་རྣམས་ཡིད་དུ་འོང་བའི་རྣམ་པར་མཐོང་ནས་ཐོབ་འདོད་ཀྱི་དོན་གཉེར་བྱས་པ་ལ་བརྟེན་ནས་ལས་བསགས་ཤིང་། དེ་ལྟ་བུའི་དོན་གཉེར་གྱི་བློ་དེས་སྲིད་པ་ལ་དགའ་ཞེན་དབང་གིས་ལུས་ཅན་སེམས་ཅན་ཐམས་ཅད་འཁོར་བ་ལས་ཐར་བའི་ཐབས་མ་བཙལ་བར་འཁོར་བའི་ནང་འཆིང་བར་བརྟེན། ཐོག་མར་ངེས་འབྱུང་གི་བསམ་པ་བཙལ་དགོས་པ་གལ་ཆེན་པོ་རེད།
ངེས་འབྱུང་གི་བསམ་པ་ཇི་ལྟར་བཙལ་དགོས་ཤེ་ན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་སྡུག་བསྔལ་དུ་མཐོང་བའི་སྒོ་ནས་དེ་ལ་མི་འདོད་པ་དང་དེ་ལས་ཐར་འདོད་ཀྱི་བློ་ཞིག་བསྐྱེད་དགོས། སངས་རྒྱས་ཀྱིས་བདེན་བཞིའི་རྣམ་བཞག་བསྟན་པའི་སྐབས་སུ། སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་པ་ནི་སྤྱིར་སྡུག་བསྔལ་གྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་དུད་འགྲོ་ཡན་ཆད་ཀྱིས་ཤེས་ཀྱི་ཡོད་རུང་། འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་མཐོང་བ་དང། སྐབས་རེ་སྡུག་བསྔལ་གྱི་སྡུག་བསྔལ་ལའང་སྡུག་བསྔལ་དུ་མ་མཐོང་བར་བདེ་བའི་ངོ་བོར་ཞེན་ཅིང་ཆགས་པར་བརྟེན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དངོས་གནས་ཇི་ཡིན་ཤེས་ཐབས་བྱེད་པ་དེ་ངེས་འབྱུང་སྐྱེ་བའི་ཐབས་ལམ་བླ་ན་མེད་པ་དེ་རེད། སངས་རྒྱས་ཀྱིས་ཀྱང་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་ན་སྡུག་བསྔལ་བདེན་པ་དང་ཆབས་ཅིག་ཏུ་འཁོར་བའི་སྡུག་བསྔལ་བརྒྱད་དམིགས་ཀྱིས་བཀར་ནས་གསུངས་ཤིང་།།
དེ་ཡང་སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་བཅས་སྡུག་བསྔལ་གྱི་རྣམ་གྲངས་བདུན་མིང་འབོད་གནང་བའི་རྗེས་སུ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་གྱི་རང་བཞིན་ནོ་ཞེས་གོང་དུ་བཤད་པའི་སྡུག་བསྔལ་བདུན་པོ་དེ་དག་ཐམས་ཅད་ཀྱི་གཞི་རྟེན་ནམ་གང་གི་སྟེང་དུ་མྱོང་བར་འགྱུར་བ་དང་། གང་ལ་བརྟེན་ནས་མྱོང་བར་འགྱུར་བའི་རྒྱུ་ཚང་མ་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཡིན་ཞེས་གསུངས། ལམ་རིམ་ཆེན་མོ་སོགས་སུ་སྐྱེ་རྒ་ན་འཆི། སྡུག་པ་དང་བྲལ་བ། མི་སྡུག་པ་དང་འཕྲད་པ། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པ་སོགས་རེ་རེ་སྒོམ་ཚུལ་ལ་ནང་གསེས་ས་བཅད་ལྔ་རེ་ཕྱེ་སྟེ་གསུངས་ཡོད། དེ་དག་ལ་བསམ་བློ་ཡག་པོ་བཏང་ན། ལྷ་ཡི་འཇིག་རྟེན་ནས་དམྱལ་བའི་བར་གྱི་བདེ་འགྲོ་དང་ངན་འགྲོའི་གནས་གང་དུ་སྐྱེས་རུང་། འཁོར་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཇི་འདྲ་ལ་ལོངས་སུ་སྤྱད་རུང་། འཁོར་བའི་གྲོགས་སུ་དང་འགྲོགས་པ་ཡིན་རུང་། སྡུག་བསྔལ་སྐྱེད་པའི་རྒྱུ་མ་གཏོགས་སྡུག་བསྔལ་མེད་པ་གཅིག་ཀྱང་མེད། དེས་ན་སྡུག་བསྔལ་ལ་སྡུག་བསྔལ་དུ་མཐོང་དགོས། དཔེར་ན། ནད་པ་ཞིག་ལ་མཚོན་ན། ནད་ལ་ནད་ཀྱི་འདུ་ཤེས་མེད་པར་དེ་ཡག་པོ་ཡིན་པའི་བློ་སྐྱེས་ན་དེ་ལས་གྲོལ་འདོད་མི་སྐྱེ་ཞིང་། གྲོལ་བའི་ཐབས་ཤེས་མི་བྱེད་པ་ལྟ་བུ་རེད། དེར་བརྟེན་འཁོར་བའི་སྡུག་བསྔལ་རྣམས་ཞིབ་ཏུ་བསམ་དགོས།
འཁོར་བའི་སྡུག་བསྔལ་བསམ་ཚུལ་སྔོན་དུ་ཞུས་པའི་སྡུག་བསྔལ་བརྒྱད་བསམ་པའི་ནང་འཁོར་བའི་སྡུག་བསྔལ་ཕལ་ཆེ་བ་མ་འདུས་པ་མེད། དེ་ཡང་འགྲོ་བ་ཡོངས་རྫོགས་ལ་ཁྱབ་པའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་པོ་ནི་ང་ཚོས་མཐོང་བཞིན་པ་རེད། སྐྱེ་བ་ལ་མཚོན་ན། སྦྲུམ་མའི་གནས་སྐབས་སུ་སྡུག་བསྔལ་ཇི་ཙམ་ཡོད་པ་དང་། སྐྱེས་ནས་མ་ཤི་བར་དུ་ལུས་ཀྱི་ལང་ཚོ་རིམ་པས་ཉམས་ནས་རྒས་པའི་སྡུག་བསྔལ་ཇི་ཙམ་ཡོད་པ་ནི་བརྗོད་མ་དགོས། བཀའ་གདམས་གོང་མ་ཚོས། རྒས་པ་ཁད་ཀྱིས་ཁད་ཀྱིས་ཡོང་བས་དྲག དུས་གཅིག་ལ་ཡོང་ན་བསྲན་ཐབས་མེད། ཅེས་གསུངས་པ་ལྟར། རྒས་པའི་སྡུག་བསྔལ་ནི་ག་ལེར་རིམ་བཞིན་ཡོང་བར་བརྟེན། ང་ཚོ་ལ་མངོན་གསལ་དོད་པོ་མེད། འོན་ཀྱང་དགོང་མོ་ཉལ་དུས་ལོ་བཅོ་བརྒྱད་ཅན་ཞིག་ཞོགས་པ་ལངས་དུས་ལོ་བརྒྱད་ཅུའམ་དགུ་བཅུ་ཅན་དུ་གྱུར་ན་དེའི་སྡུག་བསྔལ་བཟོད་གླགས་མེད་པ་ཇི་ཙམ་ཡོད་པ་ལས་སླ་པོས་དཔོག་ཐུབ། དེ་བཞིན་ནད་ཀྱི་སྡུག་བསྔལ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་རེད།
ད་ལྟ་འཇིག་རྟེན་འདིར་བལྟས་ན། ལོ་ཆེ་ཆུང་མེད་པ་དང་། དབུལ་ཕྱུག་གི་དབྱེ་བ་མེད་པ། དབང་ཐང་ཆེ་ཆུང་མེད་པ་ཚང་མར་ནད་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བཞིན་པ་རེད། ན་བའི་སྐབས་སུ་ན་ཚའི་ཟུག་གཟེར་གྱིས་ལུས་ལ་སྡུག་བསྔལ་ཡོད་པ་མ་ཟད་སེམས་ཀྱི་སྡུག་བསྔལ་ཡང་བསམ་དཀའ་བ་ཞིག་རེད། དེང་སང་འཇིག་རྟེན་ཡོངས་རྫོགས་ནད་ཡམས་ཤིག་གི་འཇིག་དངངས་འོག་ཚུད་དེ། མང་པོ་ཞིག་ཤི་བཞིན་པ་དང། མང་པོ་ཞིག་ན་བཞིན་པ། མང་པོ་ཞིག་གིས་ན་མི་ཡོང་ངམ་སྙམ་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་ཞིག་མྱོང་བཞིན་པ་མཐོང་གསལ་རེད། དེ་ནས་ཤི་བའི་སྐབས་སུ་ཚེ་འདིའི་ལུས་ལོངས་སྤྱོད་དང་གཉེན་ཉེ་གྲོགས་ཐམས་ཅད་བཞག་སྟེ་གཏན་བྲལ་དུ་འགྲོ་དགོས་པ་ཡིན་ཙང་འཆི་བ་ནི་སྡུག་བསྔལ་ཆེ་ཤོས་ཡིན། སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི་རང་གི་ཡིད་དུ་འོང་བ་དང་རྒྱུན་དུ་རང་གི་མཉམ་དུ་ཡོད་དགོས་པའི་དངོས་པོ་མང་པོ་དང་བྲལ་ཞིང་། ཁ་ཤས་ནི་བཙན་ཐབས་དང། ཁ་ཤས་ནི་རིམ་གྱིས་བྲལ་བ་རེད། དེ་བཞིན་མི་དགའ་བ་དང་མི་དགོས་པ་མང་པོ་ཞིག་དང་ཡང་ཡང་འཕྲད་བཞིན་པ་རེད། དེ་ནས་འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་ནི་ཧ་ཅང་ཁྱབ་ཆེན་པོ་རེད། ལྷག་པར་དུ་དེང་རབས་ཀྱི་མི་ཚོར་བལྟས་ན། ཕྱུག་པོ་དང་། དབང་ཆེན་པོ་སོགས་དམིགས་ཡུལ་དུ་བཟུང་སྟེ་དེའི་ཆེད་ཐབས་ཤེས་ཡོད་རྒུ་རྩལ་དཀྲུགས་བྱས་ཀྱང་མངོན་འདོད་མ་འགྲུབ་པ་དང་། དེ་བཞིན་རྒྱུགས་སྤྲོད་མཁན་ཚོས་རྒྱུགས་མ་འཕྲོད་པ་དང་། ཚོང་པ་ཚོང་ལམ་དུ་མ་རྒྱུགས་པ། ཆབ་སྲིད་ཀྱི་དབང་ཆ་འཐབ་རྩོད་པ་ལ་དབང་ཆ་མ་རག་པ་སོགས་མཐོང་བཞིན་པ་རེད།
དེ་དག་ཐམས་ཅད་ཅིའི་ཕྱིར་ཡོང་གི་ཡོད་དམ་ཞེ་ན། ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་འདི་ལ་བརྟེན་ནས་བྱུང་། གཞན་ཡང་འཁོར་བའི་སྡུག་བསྔལ་དྲུག་བསམ་པ་ནི། ངེས་པ་མེད་པའི་ཉེས་པ། ངོམས་པ་མེད་པའི་ཉེས་པ། ལུས་ཡང་ཡང་འདོར་བའི་ཉེས་པ། ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ། ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ། གྲོགས་མེད་པའི་ཉེས་པ་བཅས་དྲུག་ཡིན། དེ་བཞིན་སྡུག་བསྔལ་གསུམ་བསམ་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་ནི་ཡོངས་གྲགས་སུ་ང་ཚོའི་ཚོར་བ་སྡུག་བསྔལ་བ་དེ་དག་རེད། འགྱུར་བའི་སྡུག་བསྔལ་ནི་ཚོར་བ་བདེ་བ་དེ་དག་ཀྱང་མི་རྟག་པ་ཡིན་ཙང་སྡུག་བསྔལ་གྱི་རང་བཞིན་དུ་འགྱུར་འགྲོ་བ་དེ་རེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་གོང་དུ་ཞུས་པ་བཞིན་ལས་ཉོན་གྱི་གཞན་དབང་དུ་གྱུར་པ་རྣམས་རེད། དེ་དག་ནི་འཁོར་བ་སྤྱིའི་སྡུག་བསྔལ་བསམ་ཚུལ་ཡིན།
འཁོར་བ་བྱེ་བྲག་གི་སྡུག་བསྔལ་བསམ་ཚུལ་ནི། དམྱལ་བ་ལ་ཚ་གྲང་བཙོ་སྲེེག་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་གླེན་ཅིང་གཏི་མུག་པའི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ། ལྷ་མ་ཡིན་ལ་ཕྲག་དོག་དང་འཐབ་པའི་སྡུག་བསྔལ་སོགས་འགྲོ་བ་སོ་སོར་སྡུག་བསྔལ་གྱི་རྣམ་གྲངས་མང་པོ་ཞིག་ཡོད།
མདོར་ན་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་སྐྱེད་པའི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་སྐྱེད་པའི་གྲོགས། ཡུལ་གང་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་སྐྱེད་པའི་ལོངས་སྤྱོད་ཅེས་རྟག་ཏུ་བཀའ་གནང་བ་བཞིན་རེད། དེ་ལྟ་བུ་མཐོང་བའི་སྐབས་སུ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་འདིའི་ནང་སྐད་ཅིག་ཙམ་ཡང་བསྡད་འདོད་མེད་པར་ལམ་སེང་འདི་ནས་ཐར་ན་སྙམ་པའི་བློ་ཤུགས་དྲག་ཅིག་སྐྱེས་པ་ཡིན། དེ་ལྟ་བུ་ཞིག་བྱུང་ན་འབད་བརྩོན་གཞན་ལ་མི་ལྟོས་པར་བརྩོན་འགྲུས་ངང་གིས་ཡོང་རྒྱུ་རེད། གང་ལྟར་འཁོར་བའི་གནས་ནས་གྲོལ་བའི་ཐར་པ་སྒྲུབ་པའི་ལམ་ལ་ཞུགས་རྒྱུའི་ཐག་ཆོད་དམ་གཏན་འཁེལ་བའི་བསམ་པ་བྱུང་ན་དེ་ལ་ངེས་འབྱུང་ཟེར།
ལམ་གཙོ་རྣམ་གསུམ་ལས། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།། ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།། ཅེས་གསུངས་པ་བཞིན་ངེས་འབྱུང་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། ངེས་འབྱུང་རྐྱང་པས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ཆ་ཚང་བ་ཞིག་ཆགས་ཀྱི་མེད་ཙང་། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད་དགོས་ཤིང་། སྐྱེ་བ་ཐོག་མ་མེད་པ་ནས་རང་ཉིད་ལ་དྲིན་ཆེ་བའི་མ་རྒན་སེམས་ཅན་ཐམས་ཅད་ཟུར་དུ་བཞག་སྟེ་རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་ལས་ཐར་ཐབས་བྱས་པ་ནི་མ་རབས་ཐ་ཤལ་གྱི་བློ་ཡིན་པར་བརྟེན། ངེས་འབྱུང་རྒྱུད་ལ་སྐྱེས་བའི་གང་ཟག་ཅིག་ཡིན་ན། ངེས་འབྱུང་དེ་རང་ཉིད་སྡུག་བསྔལ་ལས་ཐར་བར་འདོད་པའི་བློ་སྐྱེད་བྱེད་ཀྱི་རྒྱུ་ཙམ་དུ་མ་བཞག་པར། སེམས་ཅན་གཞན་ཡང་རང་དང་མཚུངས་པའི་སྡུག་བསྔལ་གྱིས་མནར་བར་མཐོང་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བའི་ཐབས་སུ་བསྒྱུར་བ་མ་བྱུང་ན། ངེས་འབྱུང་རྐྱང་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་མི་འགྲོ་ཞིང་། རང་ཉིད་སྡུག་བསྔལ་གྱིས་མནར་བ་བཞིན་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་གྱིས་མནར་བ་ཡིན་ཙང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ཤིག་ངས་བྱེད་དགོས་ཀྱི་འདུག སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ཐབས་ལའང་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་། བསམ་པ་དང། བག་ལ་ཉལ་སོགས་ཤེས་ཏེ། སོ་སོའི་བློ་དང་འཚམས་པའི་ཆོས་ཤིག་སྟོན་དགོས་ཀྱི་ཡོད་ནའང་རེད། དེ་མ་ཡིན་པའི་ཐབས་ལམ་ག་རེ་བསྟེན་དགོས་ཀྱང་བྱེད་ཐུབ་པའི་ནུས་པ་ཞིག་མ་རྙེད་ན། ད་ལྟའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་རྒྱུ་ལྟ་ཞོག སེམས་ཅན་གཅིག་གི་དོན་བྱེད་རྒྱུའི་ནུས་པའང་མེད་པར་བརྟེན། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དགོས་ཀྱི་ཡོད་ན་ངེས་པར་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དང། ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པ་ཞིག་སྒྲུབ་མི་ནུས་ཤིང། དེ་ལྟར་གཞན་དོན་དམིགས་ཡུལ་དུ་བཞག་སྟེ་དེ་འགྲུབ་པའི་ཡན་ལག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་འདུན་པ་ལྡོག་ཏུ་མེད་པ་ཞིག་དགོས། དེའི་རྩ་བ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་ཅིང་སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་དམིགས་པ་མེད་པའི་སྙིང་རྗེ་ཤུགས་དྲག་པོ་ཞིག་སྐྱེད་པ་དང་། དེས་སྡུག་བསྔལ་དེ་དག་ལས་སྒྲོལ་བའི་ཐབས་ངས་བྱེད་ཀྱི་ཡིན་སྙམ་པའི་ལྷག་བསམ་དེ་དྲངས་ཤིང་། ལྷག་བསམ་དེས་སྡུག་བསྔལ་ལས་ཇི་ལྟར་སྒྲོལ་ཚུལ་ལ་བལྟས་པའི་སྐབས་སུ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་སེམས་ཅན་སྡུག་བསྔལ་ལས་སྒྲོལ་མི་ཐུབ་པ་ངོ་འཕྲོད་པར་བརྟེན། སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་སྐྱེ་བ་རེད།
བྱང་ཆུབ་ཀྱི་སེམས་སྒྲུབ་པའི་ཐབས་ལམ་ལྟ་བུར་མཚོན་ན། སྟོན་པ་བཅོམ་ལྡན་འདས་ནས་རྗེ་བཙུན་འཇམ་པའི་དབྱངས་དང་། དེ་ནས་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང། སངས་རྒྱས་ནས་རྗེ་བཙུན་བྱམས་པ་དང་། དེ་ནས་འཕགས་ཐོགས་མེད་ནས་བརྒྱུད་པའི་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་བཅས་སེམས་བསྐྱེད་ཚུལ་གྱི་གདམས་ངག་ཁྱད་པར་ཅན་གྱི་བརྒྱུད་རིམ་མི་འདྲ་བ་གཉིས་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་རྗེ་བདག་ཉིད་ཆེན་པོ་མན་ཆད་ནས་གདམས་པ་གཉིས་ཀའང་ཆུ་ཀླུང་གཅིག་ཏུ་འདྲེས་ཏེ་བཞུགས།
མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་ནི། ཐོག་མར་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་སེམས་སྙོམས་པའི་བཏང་སྙོམས་བསྒོམ་དགོས། བཏང་སྙོམས་ཡག་པོ་སྐྱེས་ན་སེམས་ཅན་ཐམས་ཅད་ངོ་མ་ཤེས་པ་མ་གཏོགས་རང་གི་མ་བྱས་མ་མྱོང་བ་གཅིག་ཀྱང་མེད་པའི་མར་ཤེས་དང་། མར་ཤེས་པའི་བློ་སྐྱེས་ན་མ་བྱེད་པའི་སྐབས་སུ་ཇི་ཙམ་གྱི་དྲིན་གྱིས་བསྐྱངས་པའི་ཚུལ་རྣམས་བསམས་ནས་དྲིན་དྲན།། དེ་ལྟ་བུའི་དྲིན་དེ་གཟོ་དགོས་པས་དྲིན་གཟོ། དེ་ལ་བརྟེན་ནས་སེམས་ཅན་ལ་ཡིད་དུ་འོང་བའི་རྣམ་པ་ཅན་གྱི་བྱམས་པ། དེ་ནས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ། སྡུག་བསྔལ་དེ་དག་རང་གིས་བསྒྲལ་བར་བྱའོ་སྙམ་པའི་ལྷག་བསམ་བཅས་རིམ་བཞིན་བསྒོམ་དགོས། ལྷག་བསམ་སྐྱེས་པ་ན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་དམ་བཅའ་བརྟན་པོ་འཇོག་པ་དང་། དེ་ཐོབ་པའི་ཆེད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པར་དུས་ཡུན་ཇི་ཙམ་འགོར་ཡང་ཞུམ་པ་མེད་པར་བསླབ་ཀྱི་ཡིན་སྙམ་པའི་དམ་བཅའ་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་ཟེར།
བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་ནི། བཏང་སྙོམས་ཀྱི་བློ་སྦྱངས་པ་སྔོན་དུ་བཏང་ཞིང་། དེ་ཡང་སེམས་ཅན་ཐམས་ཅད་ཉེ་རིང་གི་ཡུལ་མ་ཡིན་པ་དང་། ད་ལྟ་ང་ཚོར་ཁ་ཤས་ལ་ཉེ་བ། ཁ་ཤས་ལ་རིང་བ། ཁ་ཤས་ཡལ་བར་དོར་བའི་འདུ་ཤེས་ནི་སོ་སོའི་བསམ་བློ་འཁྲུལ་བའི་དབང་གིས་བྱུང་བ་ལས། དོན་དུ་སེམས་ཅན་ཐམས་ཅད་གཅིག་གྱུར་མ་གཏོགས་ཉེ་རིང་བྱེད་མི་རུང་བ་མཐོང་བ་དེར་མཉམ་པར་སེམས་པའི་བཏང་སྙོམས་ཟེར། དེ་ནས་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ་ནི། ད་བར་འཁོར་བའི་སྡུག་བསྔལ་ལས་མ་གྲོལ་བ་དང་འཁོར་བའི་ནང་སྡུག་བསྔལ་སྣ་ཚོགས་ཡོད་པ་འདི་དག་གང་ལས་བྱུང་ཞེ་ན། རང་གཅེས་འཛིན་གྱི་དབང་གིས་བྱུང་བ་དང་། རང་གཅེས་འཛིན་ལ་བརྟེན་ནས་རང་གཞན་གཉིས་སུ་ཕྱེ་ཞིང་། དེ་ལ་བརྟེན་ནས་ཆགས་སྡང་དང་། དེས་ལས་ངན་པ་བསགས་པ་ཡིན་ཙང་། འཁོར་བའི་སྡུག་བསྔལ་ཐམས་ཅད་རང་གཅེས་འཛིན་གྱི་རྒྱུ་ལས་མ་བྱུང་བ་མེད། དེ་ནས་གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་པ་ནི། འཁོར་བའི་བདེ་བ་ལྟ་བུར་མཚོན་ནའང་གཞན་གྱི་དྲིན་ལས་བྱུང་བ་དང་གཞན་གཅེས་པར་འཛིན་པ་ཤ་སྟག་ལས་ཡིན་པ་ཤེས་དགོས།
དེ་ནས་བདག་གཞན་མཉམ་པ་བསམ་པ་ནི། སེམས་ཅན་སུའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་ཙང་མཉམ་པ་དང་། སྡུག་བསྔལ་སྤོང་བ་དང་བདེ་བ་སྒྲུབ་པའི་ནུས་པ་ཡོད་པས་མཉམ་པ། སྡུག་བསྔལ་སྤོང་བ་དང་བདེ་བ་སྒྲུབ་པའི་ཐོབ་ཐང་ཡོད་པའི་སྒོ་ནས་ཀྱང་མཉམ་པ་བཅས་ཀྱིས་བདག་གཞན་མཉམ་པའི་བློ་སྐྱེ་བ་ཡིན། དེ་ནས་བདག་གཞན་བརྗེ་བ་ནི། གཞན་གྱི་གོ་ས་ལ་རང་དང། རང་གི་གོ་ས་ལ་གཞན་སྤོ་རྒྱུ་མེད་ཀྱང་། རང་གཅེས་པར་བཟུང་བའི་ཚབ་ལ་གཞན་གཅེས་པར་བཟུང། གཞན་ཡལ་བར་དོར་བའི་ཚབ་ལ་རང་ཡལ་བར་དོར། དེ་ལ་བརྟེན་ནས་སྙིང་རྗེ་དང། ལྷག་བསམ། བྱང་ཆུབ་ཀྱི་སེམས་བཅས་རིམ་བཞིན་ཡོང་བ་ལ་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་ཡིན། དེ་དག་བླ་མའི་མན་ངག་དང་གཞུང་ཆེན་མོར་ཐོས་བསམ་ལ་བརྟེན་ནས་ཇི་ལྟར་བགྲོད་པའི་རིམ་པ་རྣམས་ཡག་པོ་ཞིག་མཁྱེན་ནས་བློ་སྦྱོང་ཐུབ་པ་ཡིན་ན་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བའི་རེ་བ་བྱེད་ཐུབ། ལྷག་པར་དུ་ང་ཚོ་བོད་གངས་ཅན་པ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་ཏེ་འཕགས་པ་སྤྱན་རས་གཟིགས་ལ་ལས་དང་སྨོན་ལམ་གྱིས་འབྲེལ་བ་ཡོད་ཙང། སྤྱན་རས་གཟིགས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་དེ་བཞིན་ལག་གི་རྣམ་པར་ཤར་བ་ཡིན་པར་བརྟེན། སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་པའི་མན་ངག་འདི་དག་ཉམས་སུ་བླང་ན་བྱང་ཆུབ་ཀྱི་སེམས་སྐྱེ་རྒྱུའི་རེ་བ་ཏན་ཏན་ཡོད།
དེ་ལྟར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་པའི་རྗེས་སུ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ནས་སངས་རྒྱས་ཀྱི་གོ་འཕང་ལ་དངོས་སུ་ཁྲིད་མཁན་གྱི་བློ་ནི་ཡང་དག་པའི་ལྟ་བ་དེ་ཡིན། ལམ་གཙོ་རྣམ་གསུམ་ལས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང།། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།། ཅེས་གསུངས་པ་ལྟར། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་ཇི་ཙམ་མྱོང་བ་ཐོན་ནའང། དངོས་སུ་ང་ཚོས་སྤོང་དགོས་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་རེད། སྒྲིབ་པ་གཉིས་དེ་གང་ནས་ཡོང་གི་ཡོད་དམ་ཞེ་ན། དེའི་རྩ་བ་དེ་འཇིག་ལྟའམ་བདག་འཛིན་མ་རིག་པ་རེད། དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་ཐོག་མའི་མ་རིག་པ་ལ་བརྟེན་ནས་བྱུང་། ཐོག་མའི་མ་རིག་པ་དེ་གང་ལ་རྨོངས་པ་རེད་དམ་ཞེ་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་རྨོངས་པ་རེད། ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་རང་དང་གཞན་གྱི་དངོས་པོ་གང་ཞིག་ཡིན་རུང། ད་ལྟ་ང་ཚོའི་བློ་ལ་སྣང་བ་དང་འཛིན་པ་བཞིན་དོན་ལ་གནས་ཀྱི་མེད། དེ་ལྟ་བུ་དོན་ལ་མེད་པ་ཞིག་ང་ཚོས་ཡོད་པར་བཟུང་བ་ཡིན་ཙང་གནས་ལུགས་མི་ཤེས་པ་ལ་རྨོངས་པ་མ་རིག་པ་ཟེར།
དེ་ལ་བརྟེན་ནས་བདག་གཞན་གཉིས་སུ་ཕྱེ་བ་དང་། དེ་ལ་བརྟེན་ནས་ཆགས་སྡང། དེ་ལ་བརྟེན་ནས་ལས་བསགས་ཏེ་འཁོར་བར་འཁོར་བྱེད་ཀྱི་རྒྱུ་རྐྱེན་རྣམས་གྲུབ་པ་ཡིན། སྲིད་ཞིའི་འཇིགས་པ་ལས་ཐར་བ་དང་སྒྲིབ་གཉིས་སྤང་བའི་ཆེད་དུ་མ་རིག་པ་དང་འཛིན་སྟངས་འགལ་བའི་བློའི་ནུས་པ་མཐའ་མེད་དུ་སྤེལ་བའམ་གནས་ལུགས་རྟོགས་པའི་ཤེས་རབ་ལ་བརྟེན་དགོས། དེ་ལྟའི་གནས་ལུགས་རྟོགས་པའི་ཤེས་རབ་དེ་རྒྱུད་ལ་ཇི་ལྟར་སྐྱེ་ཐབས་བྱེད་དགོས་ཤེ་ན། རྗེ་བདག་ཉིད་ཆེན་པོས་དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད་ཅེས་གསུངས་པ་ལས། དེ་ཕྱིར་སྟོང་ཉིད་རྟོགས་པའི་ཐབས་ལ་འབད་ཅེས་མ་གསུངས་པ་དེ་ལ་རྒྱུ་མཚན་ཆེན་པོ་ཡོད་ཅིང། རྟེན་འབྲེལ་གྱི་རྣམ་བཞག་ལ་གོམས་པའི་སྟོབས་ཀྱིས་ཆོས་ཀྱི་གནས་ལུགས་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་རེད། རྟེན་འབྲེལ་གྱི་རྟགས་ལ་བརྟེན་ནས་གནས་ལུགས་སྒྲུབ་པ་ཡིན་ན། རྟག་མཐའ་དང་ཆད་མཐའ་གཉིས་ཀ་རྟགས་གཅིག་གིས་སེལ་བའི་ནུས་པ་ཡོད་པར་བརྟེན། དེ་ལ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་བརྗོད།
གནས་ལུགས་རྟོགས་པའི་ཐབས་ལ་ཇི་ལྟར་འབད་དགོས་ཤེ་ན། དེ་ནི་དགག་བྱ་ངོས་ཟིན་རྒྱུ་དེ་རེད། དགག་བྱ་ངོས་མ་ཟིན་པར་དགག་བྱ་དེ་ཁེག་པའི་སྟོང་པ་དེ་ཏག་ཏག་ཅིག་ཡོང་ཁག་པོ་རེད། དེ་ནི་ཁྱབ་ཆེ་བའམ་ཁྱབ་ཆུང་བའི་རྟག་ཆད་ཀྱི་མཐའ་གང་རུང་དུ་ལྷུང་ཉེན་ཆེ། དེས་ན་དགག་བྱ་ངོས་འཛིན་ནི་ལྟ་བ་བཙལ་བའི་སྐབས་སུ་དཀའ་ལས་ཁག་ཤོས་དེ་རེད། གང་ལགས་ཤེ་ན། སྐྱེ་བ་ཐོག་མ་མེད་པ་ནས་གོམས་པའི་བདག་འཛིན་ལྷན་སྐྱེས་ཀྱིས་རང་ཉིད་ཇི་ལྟར་འཛིན་པ་དང་། ང་ཡི་བ་སྟེ་རང་ལས་གཞན་པའི་ཆོས་རྣམས་ཇི་ལྟར་འཛིན་པ་དང་ཇི་ལྟར་སྣང་གི་ཡོད་དམ་ཞེ་ན། དཔེར་ན། རང་ཉིད་ལྟ་བུར་ཆ་བཞག་ན། གཞན་ཞིག་གིས་རང་གི་མིང་ནས་འབོད་པའམ་བསྟོད་སྨད་བྱེད་པའི་སྐབས་སུ་ང་ལ་གཅིག་ལབ་ཀྱི་འདུག་བསམ་པའི་ང་དེ་གང་ལ་ཡང་མ་བརྟེན་པ་དང་། གང་ལ་ཡང་མ་ལྟོས་པར་རང་ངོས་ནས་ཧྲང་ཧྲང་ཚུགས་ཐུབ་ཏུ་ཡོད་པ་ཞིག་མཐོང་གི་ཡོད། ཡིན་ནའང་མཐོང་ཚུལ་དང་འཛིན་ཚུལ་དེ་བློས་ངོས་ཟིན་རྒྱུ་ཧ་ཅང་ཁག་པོ་རེད།
དེ་ཡང་ངར་འཛིན་ལྷན་སྐྱེས་ཀྱིས་ང་ལ་ཇི་ལྟར་འཛིན་གྱི་འདུག དེ་བཞིན་རང་གིས་བདག་ཏུ་བཟུང་བའི་ཆོས་གོས་དང་། ལྷུང་གཟེད་ལ་སོགས་པར་ཇི་ལྟར་འཛིན་གྱི་འདུག དཔེར་ན། ངའི་ཆོས་གོས་དང་། ངའི་ལྷུང་གཟེད། ངའི་དཔེ་ཆ་ཞེས་བརྗོད་དུས་བདག་ཏུ་བཟུང་མཁན་གྱི་ང་དེ་ཡང་རང་ངོས་ནས་གྲུབ་པ་དང། ཚུགས་ཐུབ་ཏུ་གྲུབ་པ་ཡོད་ཤག་མ་གཏོགས། གདགས་གཞི་ཚོགས་པ་ལ་བརྟེན་ནས་འདོགས་བྱེད་ཀྱི་བློས་བཏགས་པ་ཙམ་གྱི་རྟེན་འབྲེལ་གྱི་ངོ་བོ་ཙམ་དུ་ཡོད་པ་དེ་ཤེས་ཀྱི་མེད། འོན་ཀྱང་དགག་བྱ་དེ་གསལ་པོ་ངོས་བཟུང་ཐུབ་པའི་སྐབས་སུ་དེ་ལྟ་བུའི་རང་གི་ངོ་བོས་ཚུགས་ཐུབ་ཏུ་གྲུབ་པའི་ང་དེ་དང་། དེ་བཞིན་ངས་བདག་ཏུ་གཟུང་བྱའི་དངོས་པོ་དེའི་བཏགས་དོན་དེ་གཟུགས་ཀྱི་ཕུང་པོའི་སྟེང་དུ་འདུག་གམ། ཡང་ན་ཚོར་བ་དང་། འདུ་བྱེད། འདུ་ཤེས། རྣམ་པར་ཤེས་པའི་ཕུང་པོའི་སྟེང་དུ་འདུག་བཙལ་ན། དེ་ནི་ངའི་ཕུང་པོ་དང་། ངའི་ཚོར་བ། ངའི་འདུ་ཤེས་སོགས་ཟེར་བ་ཙམ་མ་གཏོགས། དེ་ང་རེད་ཟེར་བ་ཞིག་རྙེད་རྒྱུ་མེད། དེ་དག་ཚང་མ་བསལ་བའི་རྗེས་སུ་ཕུང་པོ་ལས་དོན་གཞན་པའི་ང་ཧྲང་ངེ་བ་ཞིག་རྙེད་དགོས་ཀྱང་རྙེད་རྒྱུ་མེད། དེ་བཞིན་ངའི་དཔེ་ཆ་ཟེར་བ་ལྟ་བུར་ཆ་བཞག་ན། དཔེ་ཆ་དེའི་རྡུལ་ཕྲན་རེ་རེ་དང་། ཆ་ཤས་རེ་རེ། ཤོག་བུ་རེ་རེ་ནས་བཙལ་བའི་སྐབས་སུ་འདི་དཔེ་ཆ་ཡིན་སྙམ་པའི་ཚུགས་ཐུབ་ཏུ་གྲུབ་པ་ཞིག་རྙེད་རྒྱུ་མེད། དེས་ན་མེད་དམ་ཞེ་ན། དེ་ནི་རྒྱུ་འབྲས་རྟེན་འབྱུང་གི་བྱ་བ་བྱེད་ནུས་པར་བརྟེན་ཡོད་པ་ཞིག་རེད། ཇི་ལྟར་ཡོད་དམ་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་གྲུབ་པ་ཞིག་རེད། དེ་ཡང་གདགས་གཞིའི་དངོས་པོ་ཚོགས་པ་དང་། དེ་ལ་འདོགས་བྱེད་ཀྱི་བློས་བཏགས་པར་བརྟེན། འདི་བུམ་པ་རེད། འདི་སྣམ་བུ་རེད། འདི་དཔེ་ཆ་རེད་ཅེས་དངོས་པོ་དེ་དང་དེའི་བྱ་བ་བྱེད་ནུས་མཁན་ཞིག་གྲུབ་པ་རེད།
དེ་རྣམས་ཇི་ལྟར་གྲུབ་པ་རེད་ཅེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་གྲུབ་པ་རེད། དེ་ལྟར་རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་བརྟེན་ནས་གྲུབ་པའམ་གདགས་གཞི་འདོགས་བྱེད་ཀྱི་རྟེན་འབྲེལ་ལ་བརྟེན་ནས་གྲུབ་པ་སྟེ་ཕན་ཚུན་ལྟོས་ཤིང་བརྟེན་ནས་གྲུབ་པ་མ་གཏོགས། རང་གི་ངོ་བོས་གྲུབ་པ་མེད་པ་གསལ་པོ་རྭ་འཕྲོད་ན། དེ་ནི་རྟེན་འབྲེལ་གྱི་ཕྲ་བའི་གནད་རྟོགས་པའམ་ཆོས་ཀྱི་གནས་ལུགས་རྟོགས་པ་རེད། དེ་ལྟ་བུའི་ཆོས་ཀྱི་གནས་ལུགས་དེ་ལྐོག་ཏུ་གྱུར་པ་ཡིན་ཙང། དངོས་སྟོབས་ཀྱི་རྟགས་ལ་བརྟེན་ནས་བསྒྲུབ་དགོས། དངོས་སྟོབས་ཀྱི་རྟགས་ལ་བརྟེན་ནས་གནས་ལུགས་ཀྱི་དོན་རྟོགས་པའམ་རང་གི་ངོ་བོའི་སྒོ་ནས་གྲུབ་པ་མེད་པའི་སྟོང་སང་ངེ་བ་དེ་རྟོགས་པའི་སྐབས་སུ་ཡོད་ཚུལ་ཇི་ལྟར་ཡིན་ཞེ་ན། རང་གི་ངོ་བོས་མ་གྲུབ་ཀྱང་ཐ་སྙད་དུ་རྟོག་པས་བཏགས་པ་ཙམ་དང་། གདགས་གཞི་ལ་འདོགས་བྱེད་ཀྱིས་བཏགས་པའི་སྐབས་སུ་བྱ་བ་བྱེད་ནུས་པ་ཞིག་རྟོགས་པ་ཡིན་ན་རྟེན་འབྲེལ་གྱི་ངོ་བོ་མཐོང་བ་ཡིན། དེ་ལྟ་བུའི་རྟེན་འབྲེལ་གྱི་ངོ་བོ་མཐོང་བ་དེ་ཡང་ཡང་གོམས་པ་ལ་བརྟེན་ནས་དོན་སྤྱིའི་ཚུལ་དུ་རྟོགས་པའི་བསྒོམས་བྱུང་གི་ཤེས་རབ་དང། དེ་ནས་རིམ་པས་མངོན་སུམ་དུ་རྟོགས་པའི་བསྒོམས་བྱུང་གི་ཤེས་རབ་ལ་གྱུར་པའི་སྐབས་སུ་ཉོན་མོངས་ཀྱི་གཉེན་པོར་གྱུར་བའི་ལམ་རང་རྒྱུད་དུ་སྐྱེས་པ་ཡིན། དེ་འདྲའི་ལམ་དེ་གོང་ནས་གོང་དུ་འཕེལ་བ་ལ་བརྟེན་ནས་མཐོང་སྤང་གི་སྤང་བྱ་རྣམས་སྤངས་པ་སོགས་ཤེས་བྱའི་སྒྲིབ་པའི་བག་ཆགས་རྣམས་རིམ་པར་སྤངས་ཏེ་སངས་རྒྱས་ཀྱི་གོ་འཕང་དངོས་སུ་ཐོབ་ཐུབ་པ་ཡིན། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་སུ་ངེས་འབྱུང་དང། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་ནི་ལམ་གྱི་གཙོ་བོ་དང། མེད་དུ་མི་རུང་བ་ཡིན།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་གྱི་གཙོ་བོ་རྣམ་གསུམ་སྐོར་འདི་བརྙན་ལམ་ནས་གསུངས་པ་ཞིག་ཡིན། ཡིག་འབེབས་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།