གཞིའི་གནས་ཚུལ་བདེན་པ་གཉིས་བཤད་པ།

文摘   文化   2024-10-05 20:13   青海  

གཞིའི་གནས་ཚུལ་བདེན་པ་གཉིས་བཤད་པ།



  

གཞིའི་གནས་ཚུལ་བདེན་པ་གཉིས་བཤད་པ།

   དེ་ལྟར་འཕགས་ཡུལ་གྱི་ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་སྙིང་བསྡུས་རེ་བཤད་ཟིན་ནས་འདིར་དེ་ལས་འཕྲོས་ཏེ་ཕྱི་ནང་གི་ལྟ་གྲུབ་ཀྱི་གནད་འགག་གལ་ཆེ་བ་འགའ་ཞིག་བྱེ་བྲག་ཏུ་འཆད་པ་ལ། ཐོག་མར་བདེན་གཉིས་ཀྱི་རྣམ་གཞག་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་ཐ་སྙད་དངོས་སུ་སྦྱར་མ་སྦྱར་ཇི་ལྟར་ཡང་། སྤྱིར་གྲུབ་མཐའ་ལ་བློ་ཁ་མ་ཕྱོགས་པའི་སྐྱེས་བུ་ཐ་མལ་པའི་བློ་ལ་སྣང་ཚུལ་དང་། གཞིའི་གནས་ཚུལ་དོན་ལ་ཇི་ལྟར་ཡིན་པ་གཉིས་མི་འདྲ་བར་ཡོད་པ་ལ་གྲུབ་མཐའ་སྨྲ་བ་ཕལ་ཆེ་བ་ཞལ་མཐུན་པར་སྣང་། དེ་ཡང་དཔེར་ན་གྲངས་ཅན་པ་རྣམས་ཤེས་བྱ་ལ་སྡེ་ཚན་ཉེར་ལྔར་བྱས་ཏེ། དེ་རྣམས་ལས་སྤྱི་གཙོ་བོ་དང་། བདག་ཤེས་རིག་གི་སྐྱེས་བུ་གཉིས་དོན་དམ་དུ་བདེན་པ་དང་། ལྷག་མ་ཉེར་གསུམ་ཀུན་རྫོབ་འཁྲུལ་པའི་སྣང་བར་བཤད་དེ། གཞིའི་གནས་ལུགས་མཐོང་བའི་ཡེ་ཤེས་ཐོབ་པ་ན་རྣམ་འགྱུར་གྱི་ཆོས་ཐམས་ཅད་མི་མངོན་པར་འགྱུར་བར་འདོད།

   རིག་བྱེད་གསང་བ་པ་རྣམས་བདག་ཆེན་པོའམ་ཚངས་པ་སྟེ་གཉིས་མེད་ཀྱི་ཤེས་པ་རྟག་པ་འབའ་ཞིག་དོན་དམ་བདེན་པ་དང་། གཉིས་སུ་སྣང་བའི་ཆོས་མཐའ་དག་ཀུན་རྫོབ་སྒྱུ་མ་ཙམ་དུ་སྨྲ་བ་དང་། བྱེ་བྲག་པ་དང་རིགས་པ་ཅན་པ་རྣམས་ཤེས་བྱ་ཚིག་གི་དོན་དྲུག་དོན་ལ་བདེན་པར་གྲུབ་ཅིང་། ཆོས་ཐམས་ཅད་ཀྱི་ནས་ལུགས་ཚིག་གི་དོན་དྲུག་པོ་དེའི་བྱེད་ལས་ཀྱི་སྟེང་ནས་འཇོག་པ་ལྟ་བུས་མཚོན་འཇོག་ཚུལ་སྣ་ཚོགས་པ་བྱུང་། དེ་ལྟ་ན་ལྟ་གྲུབ་སྨྲ་བ་རྣམས་ཞལ་གཅིག་གྲག་ལྟ་བུར་གཞིའི་གནས་ལུགས་རིགས་པས་གཏན་ལ་འབེབས་པའི་ཚེ། གནས་སྐབས་མཐོང་ཚུལ་ཙམ་མམ་སྣང་ཚོད་ཀྱི་ངོ་བོ་ཞིག་དང་། དོན་དངོས་པོའི་གནས་ཚོད་ལ་ཡོད་པའི་མཐར་ཐུག་པའི་ངོ་བོ་གཅིག་བཅས་གཉིས་སུ་འབྱེད་པར་མཛད།

   དེ་ལྟ་ནའང་བདེན་པ་གཉིས་ཀྱི་ཐ་སྙད་རྩལ་དུ་བཏོན་ཏེ། ཚུལ་དེ་གཞིའི་གནས་ཚུལ་གཏན་ལ་འབེབས་པའི་སྒྲོམ་གཞི་ལྟ་བུར་མཛད་མཁན་ནི་སྤྱི ར་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རྣམས་དང་། དེའི་ནང་ནས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དབུ་མ་པ་རྣམས་ཡིན་པ་ནི་ཡོངས་སུ་གྲགས་པ་ལྟར་རོ། །དེ་ལ་དབུ་མ་པ་རྣམས་གཞིའི་གནས་ལུགས་བདེན་པ་གཉིས་ཀྱི་སྟེང་ནས་གཏན་ལ་འབེབས་ཚུལ་རྩལ་དུ་འདོན་པ་ནི། དཀོན་བརྩེགས་ཀྱི་ཡབ་སྲས་མཇལ་བའི་མདོ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་སོགས་ལའང་བརྟེན་ཏོ། །

    དེའི་ཕྱིར་དབུ་མའི་གཞུང་རྣམས་སུ་བདེན་པ་གཉིས་ཀྱི་རྣམ་དབྱེ་དང་། དེ་གཉིས་སོ་སོའི་ངོ་བོ། བདེན་པ་གཉིས་གཅིག་དང་ཐ་དད་ཀྱི་དཔྱད་པ། བློས་རྟོགས་ཚུལ་སོགས་རིགས་པ་རྩལ་དུ་བཏོན་ནས་གཏན་ལ་འབེབས་པའི་སྲོལ་རྒྱས་པར་བྱུང་བ་ཡིན་ནོ།།

རང་སྡེ་དོན་སྨྲ་གཉིས་ཀྱིས་བདེན་གཉིས་འཇོག་ཚུལ།

  དེ་ལ་བྱེ་བྲག་སྨྲ་བ་རྣམས་ནི་སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ལས་གསུངས་པ་ལྟར། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་བའི་ཆོས་ནི་ཀུན་རྫོབ་བདེན་པའི་ངོ་བོར་འཇོག་ཅིང་། མཚན་གཞི་ནི། བུམ་པ་ལྟ་བུ་སྟེ། བུམ་པ་ཐོ་བས་བཅོམ་པའི་ཚེ་བུམ་འཛིན་གྱི་བློ་འདོར་ཞིང་། བུམ་པའི་ཡན་ལག་ཐམས་ཅད་བློས་སོ་སོར་བསལ་བ་ན་བུམ་འཛིན་གྱི་བློ་འཇིག་པ་བཞིན་ནོ། །དེས་ན་རང་འཛིན་གྱི་བློ་འདོར་བའི་དོན་ཡང་ཐོ་བ་ལྟ་བུས་བཅོམ་པའམ་བློས་གཞིག་པའི་མཐར་དེ་འཛིན་གྱི་བློ་ཞིག་ནས་གཏན་མེད་པར་སོང་བ་ལ་བྱེད་ལ། ཀུན་རྫོབ་བདེན་པ་དང་། བཏགས་ཡོད་གཉིས་དོན་གཅིག་ཏུ་འདོད་དོ། །ཀུན་རྫོབ་བདེན་པའི་སྒྲ་བཤད་ནི། བུམ་ཆུ་སོགས་ཡུལ་ཀུན་རྫོབ་རྟོགས་པའི་བློ་ལ་འཇིག་རྟེན་པ་དང་ཀུན་རྫོབ་ཀྱི་ཐ་སྙད་ཅེས་བྱ་ཞིང་དེའི་ཡུལ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།།

     ཀུན་རྫོབ་བདེན་པ་ལ་དབྱེ་ཚུལ་གསུམ་ལས། དབྱེ་ཚུལ་དང་པོ་ལ་གཉིས་ལས། དང་པོ་བཅོམ་པས་འཇིག་པའི་ཀུན་རྫོབ་ནི། བུམ་པ་ལྟ་བུ་སྟེ། བུམ་པ་ཐོ་བས་བཅོམ་པ་ན་དེ་འཛིན་གྱི་བློ་འདོར་བ་ལྟ་བུའོ། །གཉིས་པ་བློས་འཇིག་པའི་ཀུན་རྫོབ་ནི། ཐོ་བ་སོགས་ཀྱིས་གཞོམ་མི་ནུས་ཀྱང་བློས་ཆ་ཤས་སོ་སོར་བསལ་བ་ན་དེ་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་རྣམས་ཏེ། དཔེར་ན། ཆུ་ལྟ་བུ་ཐོ་བ་སོགས་ཀྱིས་བཅོམ་ཡང་དེའི་ནང་གི་དྲི་རོ་སོགས་བསལ་མི་ནུས་ལ་བློས་དེའི་ཚོགས་པའི་ནང་གི་དྲི་རྡུལ་སོགས་ཕྲ་རབ་རེ་རེ་ནས་བསལ་ན་ཆུ་འཛིན་གྱི་བློ་འདོར་བ་ལྟ་བུའོ། །དེས་ན་བཅོམ་པས་འཇིག་པའི་ཀུན་རྫོབ་ཡིན་ན། བློས་འཇིག་པའི་ཀུན་རྫོབ་ཡིན་དགོས་ཀྱང་། བློས་འཇིག་པའི་ཀུན་རྫོབ་ཡིན་ན། བཅོམ་པས་འཇིག་པའི་ཀུན་རྫོབ་ཡིན་མི་དགོས་སོ།།

    དབྱེ་ཚུལ་གཉིས་པ་ལའང་གཉིས་ལས། དང་པོ་དབྱིབས་ཀྱི་ཀུན་རྫོབ་ནི། དབྱིབས་ཅན་གྱི་དངོས་པོ་རྣམས་ལ་འདོད། དཔེར་ན། བུམ་པ་ལྟ་བུ། གཉིས་པ་ཚོགས་པའི་ཀུན་རྫོབ་ནི། ཆ་ཤས་དུ་མ་ཚོགས་པའི་ཀུན་རྫོབ་སྟེ་བུམ་པའི་ནང་གི་ཆུ་ལྟ་བུ་ལ་བྱེད། དེ་གཉིས་ཀྱི་ཁྱད་པར་ནི་དབྱིབས་ཀྱི་ཀུན་རྫོབ་ཡིན་ན། ཚོགས་པའི་ཀུན་རྫོབ་ཡིན་དགོས་ཀྱང་། ཚོགས་པའི་ཀུན་རྫོབ་ཡིན་ན། དབྱིབས་ཀྱི་ཀུན་རྫོབ་ཡིན་མི་དགོས་ཏེ། ཆུ་ལྟ་བུ་བློས་དྲི་རོ་སོགས་སོ་སོར་བསལ་བ་ཡོད་ཀྱང་བཅོམ་སྟེ་རྡུལ་རྫས་བརྒྱད་སོ་སོར་འབྲལ་བར་བྱེད་མི་ནུས་པས་དབྱིབས་ཀྱི་ཀུན་རྫོབ་མིན་ནོ།།

     དབྱེ་ཚུལ་གསུམ་པ་ལའང་གཉིས་ལས། དང་པོ་ཀུན་རྫོབ་གཞན་ལ་བརྟེན་པའི་ཀུན་རྫོབ་ནི། བཅོམ་པས་འཇིག་པ་དང་བློས་འཇིག་པ་གཉིས་ཚོགས་ལྡན་པའི་ཀུན་རྫོབ་སྟེ། དཔེར་ན། བུམ་པ་ལྟ་བུ། གཉིས་པ་རྫས་གཞན་ལ་བརྟེན་པའི་ཀུན་རྫོབ་ནི། བུམ་པའི་ནང་གི་ཆུ་ལྟ་བུའི་རྩོམ་གཞི་རྡུལ་རྫས་བརྒྱད་སོགས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་ཡང་བཅོམ་པས་འཇིག་མི་ནུས་པའི་ཀུན་རྫོབ་རྣམས་ལ་འཇོག དེས་ན་བུམ་པ་ལྟ་བུ་ཀུན་རྫོབ་གཞན་ལ་བརྟེན་ཅེས་པའི་གཞན་ནི་བུམ་པའི་རྩོམ་གཞིའི་གྱོ་མོ་ལྟ་བུའི་བུམ་པ་ལས་གཞན་དང་། དེའི་ནང་གི་ཆུ་ལྟ་བུ་རྫས་གཞན་ལ་བརྟེན་ཅེས་པའི་རྫས་གཞན་ནི་བུམ་ཆུ་གང་ལ་བརྟེན་སའི་རྡུལ་རྫས་བརྒྱད་སོགས་བུམ་ཆུའི་ཚོགས་པའི་ནང་དུ་ཡོད་པའི་གཟུགས་ཅན་རྫས་ཐ་དད་པ་རྣམས་ལ་འདོད།

     བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་མི་འདོར་བའི་ཆོས་སུ་དམིགས་པ་དེ། དོན་དམ་བདེན་པའི་ངོ་བོ་དང་། མཚན་གཞི་ནི། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་འདུས་མ་བྱས་ལྟ་བུ། དེ་ཡང་གཟུགས་དང་ཚོར་བ་སོགས་ལ་རྒྱུན་དང་ཆ་ཤས་ལྡན་ཡང་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་མི་འདོར་བས་དོན་དམ་བདེན་པར་འདོད་ལ།

       གཟུགས་དོན་དམ་བདེན་པ་དང་ཁྲུ་གང་ཅན་གྱི་གཟུགས་ལྟ་བུ་ཀུན་རྫོབ་བདེན་པ་དང་། ཚོར་བ་དོན་དམ་བདེན་པ་དང་སྐད་ཅིག་གསུམ་གྱི་བདག་ཉིད་ཅན་གྱི་ཚོར་བ་ལྟ་བུ་ཀུན་རྫོབ་བདེན་པར་འཇོག དོན་དམ་བདེན་པ་དང་། རྫས་ཡོད་གཉིས་དོན་གཅིག་ཏུ་འདོད་དོ། །སྒྲ་བཤད་ནི། རྡུལ་ཕྲན་ཆ་མེད་སོགས་ཡུལ་དོན་དམ་པ་རྟོགས་པའི་ཡེ་ཤེས་ལ་དོན་དམ་པ་ཞེས་བྱ་ཞིང་དེའི་ཡུལ་ཡིན་པས་དོན་དམ་པ་དང་བདེན་པ་ཞེས་བྱ། དབྱེ་ན་གཉིས་ལས། འདུས་བྱས་སུ་གྱུར་པའི་དོན་དམ་བདེན་པ་ནི། ཤེས་པ་སྐད་ཅིག་ཆ་མེད་ལྟ་བུ་དང་། འདུས་མ་བྱས་སུ་གྱུར་པའི་དོན་དམ་བདེན་པ་ནི། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུའོ།།

      ལུང་གི་རྗེས་འབྲང་གི་མདོ་སྡེ་པ་རྣམས་ཀྱིས་བདེན་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་འཇོག་ཚུལ་ཙམ་བྱེ་བྲག་སྨྲ་བ་དང་མཐུན་ཡང་། འདུས་མ་བྱས་གསུམ་དང་དབྱིབས་སོགས་རྫས་ཡོད་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད།

    ལུགས་འདིར་དབྱིབས་ནི་ཁ་དོག་གི་རྡུལ་གྱི་བཀོད་པ་མི་འདྲ་བར་འབྱུང་བ་ལ་བརྟེན་ནས་རིང་པོ་དང་ཐུང་ངུ་ལ་སོགས་པར་བཏགས་པ་ཙམ་ལས་རྫས་ཡོད་དུ་མི་འདོད་ཅིང་བཏགས་ཡོད་དུ་འདོད་ཚུལ་མཛོད་རང་འགྲེལ་ལས་འབྱུང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་རྣམས་བྱེ་བྲག་སྨྲ་བ་དང་མི་འདྲ་བར། དོན་དམ་བདེན་པའི་ངོ་བོ་ནི། དོན་དམ་པར་དོན་བྱེད་ནུས་པའི་ཆོས། དཔེར་ན། བུམ་པ་ལྟ་བུ་དང་། དོན་དམ་བདེན་པ། དངོས་པོ། རང་མཚན། མི་རྟག་པ། འདུས་བྱས་རྣམས་དོན་ གཅིག་ཏུ་འདོད། དོན་དམ་བདེན་པ་ཞེས་པའི་སྒྲ་བཤད་ནི། བློ་དོན་དམ་པ་མངོན་སུམ་ལ་སྣང་བ་ལྟར་བདེན་པས་ན་དོན་དམ་བདེན་པ་ཞེས་བརྗོད་དོ། །

     ཀུན་རྫོབ་བདེན་པའི་ངོ་བོ་ནི། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། དཔེར་ན། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ། ཀུན་རྫོབ་བདེན་པ། དངོས་མེད་ཀྱི་ཆོས། སྤྱི་མཚན། འདུས་མ་བྱས་ཀྱི་ཆོས། རྟག་པ་རྣམས་དོན་གཅིག་ཏུ་འདོད། དེ་ལྟར་ན་ལུགས་འདིས་ཀུན་རྫོབ་བདེན་པ་ཞེས་པ་བློ་ཀུན་རྫོབ་པ་རྟོག་པའི་སྣང་ངོར་བདེན་པས་ན་ཀུན་རྫོབ་བདེན་པའམ། རྟོག་པའི་སྣང་ངོར་བདེན་པ་ཙམ་ཡིན་པས་ན་བསམ་ངོའི་བདེན་པ་ཞེས་ཀྱང་བྱ། རྟོག་པ་ལ་བློ་ཀུན་རྫོབ་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཡུལ་རང་མཚན་གྱི་ཐུན་མོང་མ་ཡིན་པའི་ངོ་བོ་གཟུང་ཡུལ་དུ་བྱས་ནས་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་ཅེས་བརྗོད།

     ལུགས་འདིས་རང་མཚན་གྱི་དངོས་པོ་རྣམས་དོན་དམ་བདེན་པ་དང་། འདུས་མ་བྱས་རྟག་པ་རྣམས་ཀུན་རྫོབ་བདེན་པར་འདོད་པའི་རྒྱུ་མཚན་ནི། འབྲས་བུ་སྐྱེད་པའི་བྱ་བ་བྱེད་ནུས་མི་ནུས་ཀྱི་སྒོ་ནས་འཇོག དེ་ཡང་སྐྱེ་བ་དོན་དམ་པར་མེད་ན་ས་བོན་ལ་མྱུ་གུ་སྐྱེད་པའི་ནུས་པ་མངོན་སུམ་དུ་མཐོང་བ་དང་འགལ་ལ།

     གལ་ཏེ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་ཀྱང་ཀུན་རྫོབ་ཏུ་འདོད་ན། ས་བོན་གྱི་ཐུན་མོང་མིན་པའི་སྡོད་ལུགས་ཀྱི་ངོས་ནས་མྱུ་གུ་བསྐྱེད་དམ་མི་བསྐྱེད། མི་བསྐྱེད་ན་ཐག་ཁྲ་ལ་སྦྲུལ་དུ་སྒྲོ་བཏགས་པ་ལྟར་འགྱུར་ལ། བསྐྱེད་ན་རྣམ་གཞག་དེ་ཀུན་རྫོབ་ཏུ་ཡིན་ཞེས་སྨྲ་བ་མི་འཐད་ཅེས་ངོ་བོ་ཉིད་མེད་པར་སྨྲ་བའི་འདོད་ཚུལ་འགོག་གོ།


རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་ལ། །

བཟའ་བཅས་བཀང་བའི་ལྷུང་བཟེད་འདི་ཕུལ་བས། །

གཟུགས་སྐུ་རི་དབང་ལྟ་བུར་བརྟན་བཞུགས་ནས།།

ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩལ་དུ་གསོལ།།

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章