【ལམ་སྟོན་བཀའ་སློབ】ལས་འབྲས་ཀྱི་རྣམ་གཞག

文摘   文化   2024-11-20 22:18   青海  


【ལམ་སྟོན་བཀའ་སློབ】

ལས་འབྲས་ཀྱི་རྣམ་གཞག

ཡང་བྱེ་བྲག་སྨྲ་བ་དང༌། དབུ་མ་ཐལ་གྱུར་པས་བསམ་པའི་ལས་ལ་ལུས་ངག་གི་གཟུགས་ཅན་ཆོས་དེ་འདྲ་བཞག་གི་ཡོད། དེ་དག་སྤྱིའི་ལས་ཀྱི་ནང་དུ་ཤེས་པའི་རིགས་མང་པོ་སླེབས་ཡོང་གི་ཡོད། བདེ་སྡུག་གི་མྱོང་བ་ཤེས་པའི་རིགས་གཅིག་ཡིན་པས་ན། དེའི་ཐུན་མོང་མ་ཡིན་པའི་རྒྱུའི་ཐོག་ཏུ་སླེབས་སྐབས། ཤེས་པ་དང་འབྲེལ་ནས་བསམ་བློ་གཏོང་དགོས་པ་ཡིན། དེས་ན་ཤེས་པ་དང་འབྲེལ་བའི་བྱ་བ་གསར་པ་དང༌། རྒྱུ་གསར་པ་ཞིག་སྒྲུབ་པ་དེ་ལ་ལས་ཞེས་མིང་བཏགས་ཡོད། ལས་ཞེས་པ་དེ་བྱ་བ་ཡིན། བྱེད་པ་པོ་ཞིག་གིས་ཀུན་སློང་གི་ཁྱད་པར་དང་འབྲེལ་བའི་ཐོག་ནས་བྱ་བ་གསར་པ་བྱས་པ་ཞིག་ལ་ལས་ཞེས་བརྗོད་པ་རེད། བྱ་བ་དེ་གཞན་ལ་ཕན་པའི་རང་བཞིན་ཅན་ཞིག་ཡིན་ན། དེའི་འབྲས་བུ་གཞན་ལ་བདེ་སྐྱིད་ཡོང་བ་དང༌། བདེ་སྐྱིད་རང་ཉིད་ཀྱིས་མྱོང་དགོས་པས་ན། རང་ཉིད་ལའང་བདེ་བ་ཡོང་བ་ཡིན། གཞན་ལ་གནོད་པའི་བྱ་བ་དེའི་འབྲས་བུར་འཕྲལ་དུ་ཕ་རོལ་པོས་སྡུག་བསྔལ་མྱངས་པ་ཡིན་ན་ཡང༌། བྱེད་པ་པོ་རང་ཉིད་ཀྱི་སྟེང་དུ་ལས་དེའི་བག་ཆགས་བཞག་སྟེ་མཐའ་མ་རང་ཉིད་སྡུག་བསྔལ་མྱོང་བ་དགོས་པ་ཡིན། དེས་ན།

སྡིག་པ་ཅི་ཡང་མི་བྱ་ཞིང༌། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

ཅེས་གསུངས་ཡོད། དེ་ནི་མདོའི་ཚིག་ཡིན་ཞིང༌། དེའི་དགོངས་པ་བཀྲལ་སྟངས་འདྲ་མིན་ཡོང་ཆོག་པ་ཡིན།

སྡིག་པ་ཅི་ཡང་མི་བྱ་ཞིང༌། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

ཅེས་པ་འདི་མངོན་མཐོ་སྒྲུབ་བྱེད་ལ་སྦྱར་བ་དང༌། ཡང་ན། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་པའི་ཕུན་སུམ་ཚོགས་ཞེས་གསུངས་པས་ན། ཐར་པ་སྒྲུབ་པའི་དགེ་བ་ལ་སྦྱར་ན་ཡང་འགྲིགས་པ་ཞིག་ཡིན། རྐང་པ་དང་པོ་གཉིས་མངོན་མཐོ་སྒྲུབ་བྱེད་ཀྱི་ཐོག་ཏུ་སྦྱར་བའི་དབང་དུ་བཏང་ན།

རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་གསུངས་པ་འདིས་རང་གཅེས་འཛིན་དང༌། ཡང་ན་སྡིག་པ་སྤོང་བ་དང༌། དགེ་བ་སྒྲུབ་པ་ཞེས་པ་འདི་ཡང་མཐར་གཏུགས་ན་སེམས་དུལ་མ་དུལ་ལ་ཐུག་པས་ན། སེམས་འདུལ་དགོས་པ་ཡིན་ཞེས་འདི་ལྟར་དུ་བཀྲལ་ན།

སྡིག་པ་ཅི་ཡང་མི་བྱ་ཞིང༌། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

ཅེས་གསུངས་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་གསུངས་པ་ནི་ཤེས་རབ་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ་ལ་སྦྱར་ན། བསླབ་པ་གསུམ་གྱི་དོན་དག་རྣམས་སླེབས་ཡོང་གི་ཡོད། ད་དུང་དེ་དག་མངོན་མཐོ་སྒྲུབ་བྱེད་ལའང་སྦྱར་ཆོག་པ་ཡིན།

དེ་བཞིན་ངེས་ལེགས་སྒྲུབ་པ་ལའང་སྦྱར་ཆོག་པ་ཡིན། སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་པ་དེས་འཚེ་བ་སྤོང་བ་དེ་དང༌། དབུ་མ་བཞི་བརྒྱ་པ་ལས། དམ་པའི་ཆོས་ནི་མི་འཚེ་བ་དང༌། །བདག་མེད་ཅེས་པ་ཞིག་གསུངས་པ་དེ་ཡིན་ལ། ཡང་ན།

བསོད་ནམས་མིན་པ་དང་པོར་བཟློག །

བར་དུ་བདག་ནི་བཟློག་པ་དང༌། །

མཐའ་མར་ལྟ་ཞིག་ཀུན་བཟློག་པ། །

ཞེས་པའི་བཞི་བརྒྱ་པ་ལས། དེ་ཤེས་པ་ནི་མཁས་པ་ཡིན། །ཞེས་གསུངས་པ་ལྟར། སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་པ་དེ་བསོད་ནམས་མིན་པའི་ལས་བཟློག་པ་དེ་དང༌།

དགེ་བ་ཕུན་སུམ་ཚོགས་པར་སྤྱད།། ཅེས་པས་བསོད་ནམས་མིན་པའི་ལས་ཙམ་མ་ཟད། བསོད་ནམས་ཀྱི་ལས་དང༌། མི་གཡོ་བའི་ལས་དེ་དག་ཀྱང་བཟློག་པའི་དོན་དམ་པའི་དགེ་བ་བདག་མེད་དམ་སྟོང་ཉིད་བསྒོམས་པ་དེ་ཡིན།


རང་གི་སེམས་ནི་ཡོངས་དུ་འདུལ། །ཞེས་པ་དེས་ཆོས་ཀྱི་བདག་མེད་ཕྲ་མོ་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེའི་ཐོག་ནས་བདེན་འཛིན་དང༌། རང་གཅེས་འཛིན་གཉིས་ཀྱི་གཉེན་པོ་བསྟེན་ནས་འདུལ་བ་དེ་བྱས་ན་སངས་རྒྱས་ཀྱི་ཐེག་པ་ཆེ་ཆུང་གི་ཆོས་མཐའ་དག་འདིའི་ནང་བསྡུས་པ་ཞིག་ཡོང་བ་ཡིན། དེ་ཤེས་པ་ནི་མཁས་པ་ཡིན། །ཞེས་གསུངས་པ་ལྟར་ཡིན། དེས་ན་ང་ཚོ་ཚང་མས་ནམ་རྒྱུན་ཁ་ནས།

སྡིག་པ་ཅི་ཡང་མི་བྱ་ཞིང༌། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

རང་གི་སེམས་ནི་ཡོངས་སུ་འདུལ། །

དེ་ནི་སངས་རྒྱས་བསྟན་པ་ཡིན། །

ཞེས་པའི་ཚིགས་བཅད་འདི་ཡིད་ཆེས་ཀྱི་ཐོག་ནས་འདོན་མཁན་དེ་དག་གིས་ཉིན་རེ་བཞིན་དུ་གཞན་ལ་གནོད་པའི་བྱ་བ་བྱེད་རྒྱུ་མེད། གནས་སྐབས་རླུང་ལངས་ཐོག་ཏུ་གཞན་ལ་རྒྱག་འདྲེ་རྒྱག་པ་དང༌། གཞན་ངན་སྨྲས་བརྗོད་པ་ལྟ་བུ་བྱས་ཀྱང༌། སེམས་ནང་འཁོན་འཛིན་བཟུང་སྟེ་གནག་སེམས་བཅངས་པ་དང༌། སེམས་པ་ནག་པོ་བྱེད་པ་ལྟ་བུ་གཏན་ནས་བྱེད་རྒྱུ་མེད།

གཞན་ལ་གནོད་པ་བྱེད་པ་དེ་ཡང་མི་ཙམ་མ་ཡིན་པར། སྲོག་ཆགས་འབུ་སྲིན་ཕྲ་མོ་ཚུན་ཆད་ལ་གནོད་པའི་བྱ་བ་བྱེད་རྒྱུ་མེད། གཞན་ལ་གནོད་པའི་བྱ་བ་བྱས་ན་མཐར་རང་ཉིད་ལ་གྱོང་རག་གི་རེད། གང་ལགས་ཤེ་ན། གནོད་པའི་འབྲས་བུར་རང་ལ་སྡུག་བསྔལ་ཡོང་གི་ཡོད། གཞན་ལ་ཕན་བཏགས་པའི་འབྲས་བུར་རང་ལ་བདེ་སྐྱིད་ཡོང་གི་ཡོད། དེས་ན་གནོད་པ་མི་བྱེད་པ་སྟེ། སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་གསུངས་པ་དེ་ཡིན།

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་པ་འདིས་གཞན་ལ་གང་ཡོང་གིས་ཕན་པ་བསྒྲུབ་པ་ན། ནམ་རྒྱུན་ངོས་ནས་བརྗོད་པ་ལྟར། སངས་རྒྱས་པའི་ཆོས་ནི་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པ་ཡིན། སྤྱོད་པ་འཚེ་བ་མེད་པ་ལ་གཉིས་ཏེ། རབ་ལ་བྱུང་ན་གཞན་ལ་ཕན་བཏགས་པ་དང༌། གལ་ཏེ་ཕན་བཏགས་མ་ཐུབ་ཀྱང་གནོད་པ་མི་བྱེད་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ཡིན། དེས་ན་སྡིག་པ་མི་བྱེད་ཅེས་གསུངས་པ་ནི་གཞན་ལ་གནོད་པ་མི་བྱེད་ཅེས་གསུངས་པ་ཡིན།

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་གསུངས་པ་དེས་གཞན་ལ་གང་ཐུབ་ཀྱི་ཕན་བཏགས་དགོས་པ་ཡིན། དེ་ལྟར་བྱེད་དགོས་དོན་ནི། གོང་དུ་བརྗོད་པ་ལྟར་ལྟ་བ་རྟེན་འབྱུང་དང་འབྲེལ་ནས་སླེབས་ཡོང་གི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་རྣམས་ཀྱིས་གཞན་ལ་གནོད་པ་བྱས་ན་འཇིག་རྟེན་བཀོད་པ་པོ་མི་མཉེས་པ་ཡོང་བ་དང༌། གཞན་ལ་ཕན་བཏགས་ན་འཇིག་རྟེན་བཀོད་པ་པོ་ཐུགས་དགྱེས་ཀྱི་རེད་ཅེས་བརྗོད་པ་ལྟར་མིན་པར། གཙོ་བོ་རྒྱུ་འབྲས་རྟེན་འབྱུང་གི་ཐོག་ནས་བསམ་བློ་བཏང་བ་ཞིག་ཡིན། ཚུལ་དེ་ལ་བསླབས་ན་སྟོན་པ་དགྱེས་པ་ཞིག་ཡོང་རྒྱུ་སྨོས་མེད་ཡིན། སངས་རྒྱས་དགྱེས་པའི་སྒྲུབ་པའི་མཆོད་པ་ཡག་ཤོས་དེ་གཞན་ཕན་བསྒྲུབ་རྒྱུ་དེ་ཡིན།

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章