སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གི་འགྲེལ་བྱེད་ཇི་ལྟར་བྱུང་ཚུལ།

文摘   文化   2024-10-02 21:18   青海  

སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གི་འགྲེལ་བྱེད་ཇི་ལྟར་བྱུང་ཚུལ།



     སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་ཀྱི་སློབ་མའི་གཙོ་བོ་ནི་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་། སློབ་དཔོན་འདིས་འཁྲུལ་པ་ཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་དང་། རབ་ཏུ་བྱེད་པ་ལག་པའི་ཚད་རྩ་འགྲེལ། དབུ་མ་འཁྲུལ་བ་འཇོམས་པ། ཆ་ཤས་ཀྱི་ཡན་ལག་རྩ་འགྲེལ་དང་། བསྟན་འགྱུར་དུ་བྱུང་བ་ལྟར་ན་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སོགས་ཐོར་བུ་ཁག་མཛད་མོད། དེའི་དབུ་མའི་གཞུང་གཙོ་བོ་ནི། རབ་བྱེད་བཅུ་དྲུག་གི་བདག་ཉིད་ཅན་གྱི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ཞེས་པ་དེ་ཡིན་པར་ཡོངས་སུ་གྲགས་པ་ལྟར་ཡིན་ལ། གཞུང་དེར་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས་བདེན་པ་གཉིས་ཀྱི་རྣམ་གཞག་མཛད་པ་ལ་གཞན་གྱི་ལོག་རྟོག་འགོག་པའི་ཚུལ་གསལ་ཞིང་རྒྱས་པར་མཛད་པ་སོགས་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་སྲོལ་རྒྱས་པར་བཀྲལ་ཅིང་། བདེན་པ་གཉིས་ཀྱི་གནས་ལུགས་ཚུལ་བཞིན་དུ་བསྒོམ་པའི་རྣལ་འབྱོར་གྱི་སྤྱོད་པ་གཙོ་བོར་གཏན་ལ་འབེབས་པར་མཛད།

      དེ་ཡང་རྩ་བ་ཤེས་རབ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བྱུང་བ་བཞིན་བཞི་བརྒྱ་པའི་རབ་བྱེད་དང་པོ་བརྒྱད་ཀྱིས་དོན་དམ་རྟོགས་པའི་ཐབས་སུ་ཀུན་རྫོབ་བདེན་པ་ལ་བརྟེན་པའི་རྣལ་འབྱོར་གྱི་སྤྱོད་པ་སྟོན་ཅིང་། རབ་བྱེད་ཕྱི་མ་བརྒྱད་ཀྱིས་དོན་དམ་པའི་བདེན་པ་བསྒོམ་པའི་རྣལ་འབྱོར་གྱི ་སྤྱོད་པ་གཏན་ལ་ཕབ་པས། གཞུང་འདི་རྩ་བ་ཤེས་རབ་དང་སྦྱར་ནས་བཀླགས་ན་ཕན་ཚུན་གཅིག་གིས་གཅིག་གི་དོན་ལེགས་པར་གསལ་ཐུབ་པའི་ཁྱད་ཆོས་དང་ལྡན་པར་མཐོང་། འཕགས་པ་ལྷ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔའ་བོ། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཞི་བ་འཚོ་ལ་སོགས་པ་ཕྱིས་ཀྱི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ཀྱང་སློབ་དཔོན་ཀླུ་སྒྲུབ་དང་འདྲ་བར་ཚད་མར་འཛིན་ལ། དེ་ལྟ་བུའི་འཕགས་པ་ཡབ་སྲས་གཉིས་ལ་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཀྱང་གསུངས་སོ།།


      སློབ་དཔོན་འཕགས་པ་ལྷའི་རྗེས་སུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་བུདྡྷ་པཱ་ལི་ཏ་མཛད་དེ། དབུ་མ་རྩ་བར་བཤད་པའི་རིགས་པ་རྣམས་ཀྱི་དོན་གཙོ་བོར་ཐལ་འགྱུར་གྱི་སྒོ་ནས་གསལ་བར་མཛད་ཅིང་། འཕགས་པ་ཡབ་སྲས་ཀྱི་དགོངས་པ་བཀྲལ་ནས་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད། སློབ་དཔོན་འདིས་བསྟན་བཅོས་གཞན་ཡང་མཛད་པར་གྲགས་ནའང་བོད་དུ་མ་འགྱུར། དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་དེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་པར་མཐའ་བཞི་ལས་སྐྱེ་བ་འགོག་པའི་སྐབས་ཀྱི་ཐལ་བ་རྣམས་ལ་རེ་རེ་ནས་སྐྱོན་བཟུང་ནས་དགག་པ་རྒྱས་པར་བརྗོད་ཅིང༌། དབུ་མ་པའི་ལུགས་ལའང་རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་བཤད་ནས་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པར་མཛད། 


      སློབ་དཔོན་འདིས་རང་རྐང་དུ་བརྩམས་པ་དབུ་མའི་སྙིང་པོ་དང་དེའི་རང་འགྲེལ་རྟོག་གེ་འབར་བ་གཉིས་ལས་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་དུ་མ་ཞིག་གསལ་བར་སྟོན་ཅིང་། དབུ་མ་པའི་ལྟ་སྒོམ་སྤྱོད་པའི་གནད་རྒྱས་པར་འབྱུང་བས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་རྒྱ་གར་དང་བོད་དུ་རྟོག་གེ་འབར་བའི་བཤད་པ་ལན་དུ་མར་མཛད་པར་གྲགས་ལ། ཇོ་བོ་རྗེས་རང་ཉིད་ཀྱི་དངོས་སློབ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་ལྷན་དུ་དབུ་མའི་སྙིང་པོ་རྩ་འགྲེལ་གཉིས་ཀ་བོད་སྐད་དུ་སྒྱུར་བར་མཛད།

       དེའི་འོག་ཏུ་སློབ་དཔོན་ཟླ་བ་གྲགས་པས་ནི་འགྲེལ་པ་ཚིག་གསལ་ལས། “དབུ་མ་པ་ཡིན་ན་རང་རྒྱུད་གྱི ་རྗེས་སུ་དཔག་པ་བྱ་བར་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་ལེན་པ་མེད་པའི་ཕྱིར་རོ། །”ཞེས་པ་ནས། “དེ་ཡོད་པ་མ་ཡིན་ཏེ་རྩོད་པ་བཟློག་པའི་འགྲེལ་པ་མཛད་པ་ན་སློབ་དཔོན་གྱིས་ཀྱང་སྦྱོར་ བའི་ངག་མ་གསུངས་པའི་ཕྱིར་རོ། །”ཞེས་གསུངས་པ་ལྟར། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པ་རྣམས་ལ་སྐྱོན་སྤོང་རྒྱས་པར་མཛད་ཅིང་། རང་རྒྱུད་ཀྱི་གཏན་ཚིགས་འདོད་པའི་ཕྱོགས་ལ་དམིགས་ཕུག་པའི་དགག་པ་རྒྱས་པར་མཛད་ནས་དབུ་མ་ཐལ་འགྱུར་བའི་སྲོལ་ཕྱེ། དེ་ཡང་སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་པ་དང་། དབུ་མ་པས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་མང་དུ་བཀོད་ཅིང་། རང་རྒྱུད་ཀྱི་སྦྱོར་བ་དང་རང་མཚན་ལ་གནོད་བྱེད་མང་དུ་བསྟན་ནས། རང་ཉིད་ཀྱི་ལུགས་ནི་རྩ་ཤེའི་དགོངས་པ་འགྲེལ་ཚུལ་རང་རྒྱུད་པ་དང་ཐུན་མོང་མ་ཡིན་པར་སྒྲུབ་པར་མཛད།


       སློབ་དཔོན་འདིས་མཛད་པའི་རྩ་ཤེའི་འགྲེལ་པ་ཚིག་གསལ༌དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། འཕགས་པ་ལྷའི་བཞི་བརྒྱ་པའི་འགྲེལ་པ་བཅས་དང་། རང་རྐང་དུ་བརྩམས་པའི་གཞུང་དབུ་མ་ལ་འཇུག་པ་རྩ་འགྲེལ་དང་བཅས་པ་རྣམས་ནི་གྲགས་ཆེའོ།།


        སློབ་དཔོན་ཡེ་ཤེས་སྙིང་པོས་རང་རྒྱུད་ཀྱི་གཞུང་དབུ་མ་བདེན་གཉིས་རང་འགྲེལ་དང་བཅས་པ་མཛད་ལ། འདི་དང་སློབ་དཔོན་ལེགས་ལྡན་གཉིས་ཐ་སྙད་དུ་ཕྱི་དོན་ཞལ་གྱིས་བཞེས་ཤིང་། ཀུན་གཞི་དང་རང་རིག་ཞལ་གྱིས་མི་བཞེས་པའི་ལུགས་སུ་གནས། སློབ་དཔོན་ཞི་བ་འཚོས་དབུ་མའི་གཞུང་དབུ་མའི་རྒྱན་རང་འགྲེལ་དང་བཅས་པ་མཛད་ནས་ཐ་སྙད་དུ་ཕྱི་དོན་མེད་ཅིང་རང་རིག་ཡོད་པ་དང་། ཤེས་པ་བདེན་པར་མ་གྲུབ་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་སྲོལ་ཐོག་མར་ཕྱེ། སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་དང་བསྒོམ་རིམ་གསུམ་མཛད་ཅིང་། དབུ་མ་སྣང་བ་ལས་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་རྣམས་ཤིན་ཏུ་གསལ་བར་འབྱེད་པར་མཛད་ལ། 


     བོད་དུ་དབུ་མ་བདེན་གཉིས་དང་། དབུ་མའི་རྒྱན་དང་། དབུ་མ་སྣང་བ་གསུམ་ལ་རང་རྒྱུད་ཤར་གསུམ་དུ་གྲགས་སོ། །སློབ་དཔོན་སེང་གེ་བཟང་པོ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས། ཨ་བྷྱཱ་ཀ་ར་ལ་སོགས་པའི་གཞུང་རྣམས་ཀྱང་ལྟ་བ་གཏན་ལ་འབེབས་པའི་ཚུལ་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པའི་ལུགས་ཀྱི་རྗེས་སུ་འབྲངས་པའོ། ། 


       འཕགས་པ་རྣམ་གྲོལ་སྡེ་སོགས་ཞི་འཚོ་ཡབ་སྲས་ྱི་སྔོན་དུའང་ཕྱི་རོལ་གྱི་དོན་མེད་པའི་དབུ་མའི་ལུགས་འདོད་མཁན་འགའ་ཟུང་བྱུང་སྣང་ཡང་། ཕྱི་རོལ་མེད་པའི་ཚུལ་གྱི་དབུ་མའི་གྲུབ་མཐའི་སྲོལ་རྒྱས་པར་འབྱེད་པ་པོ་ནི་སློབ་དཔོན་ཞི་བ་འཚོ་ཡིན་པར་ཡོངས་སུ་གྲགས།

       སློབ་དཔོན་ཞི་བ་ལྷས་ཀྱང་འཕགས་པའི་དགོངས་པ་ཐལ་འགྱུར་དུ་འགྲེལ་བའི་གཞུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བསླབ་པ་ཀུན་ལས་བཏུས་པ་སོགས་དབུ་མ་པའི་གཞུང་ཁྱད་དུ་འཕགས་པ་དུ་མ་མཛད་དོ། །སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི ས་སྤྱོད་འཇུག་གི་དཀའ་འགྲེལ་མཛད། མཉམ་མེད་ཇོ་བོ་ཆེན་པོས་བདེན་གཉིས་ལ་འཇུག་པ་དང་། དབུ་མའི་མན་ངག་དང་། བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མཛད་ལ། ལམ་སྒྲོན་ནི་བསྟན་པ་ཡོངས་རྫོགས་ཀྱི་གནད་བསྡུས་པའི་བསྟན་བཅོས་ཡིན་ནོ། །


       སློབ་དཔོན་དཔའ་བོ་དང༌། ཀླུའི་སྡེ་ལ་སོགས་པའི་གཞུང་རྣམས་ཀྱང་ལྟ་བ་གཏན་ལ་འབེབས་པའི་ཚུལ་དབུ་མ་ཐལ་འགྱུར་བའི་ལུགས་སུ་གནས། དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལུགས་ཀྱི་དགོངས་པ་དབུ་མ་ཐལ་རང་སོ་སོའི་ལུགས་སུ་འགྲེལ་བའི་སློབ་དཔོན་རྣམས་ལ། བོད་སྔ་རབས་ཀྱི་མཁས་པ་རྣམས་ཕྱོགས་འཛིན་པའི་དབུ་མ་པ་ཞེས་ཐ་སྙད་མཛད་དོ།།



རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་ལ། །

བཟའ་བཅས་བཀང་བའི་ལྷུང་བཟེད་འདི་ཕུལ་བས། །

གཟུགས་སྐུ་རི་དབང་ལྟ་བུར་བརྟན་བཞུགས་ནས།།

ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩལ་དུ་གསོལ།།


bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章