【ལམ་སྟོན་བཀའ་སློབ།】
བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་དུ་ཞེས་ཡོད་པའི་དགེ་མཚན།
དེ་ཡང་བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་དུ་ཞེས་ཡོད་པ་དེ་ཡག་པོ་ཞིག་འདུག །རྒྱ་མིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་སྒྲུབ་བྱེད་དུ་བོད་ཀྱི་རིག་གཞུང་ཐམས་ཅད་རྒྱ་ནག་ནས་དར་བ་དང་། དེ་ཡང་རྒྱ་བཟའ་བོད་དུ་སླེབས་ནས་བྱུང་བ་རེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱིན་འདུག །ང་ཚོའི་བཀའ་བསྟན་པུ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་ཐམས་ཅད་ཀྱི་དབུར་རྒྱ་གར་སྐད་དུ། ཞེས་པ་མ་གཏོགས་རྒྱ་ནག་སྐད་དུ། ཞེས་པ་འཕགས་པ་གནམ་ས་སྣང་བརྒྱད་ཀྱི་མདོ་ལྟ་བུ་རེ་གཉིས་མ་གཏོགས་གཞན་མེེད་པས་འདིས་ཕན་ཐོགས་འདུག །
བསྟན་བཅོས་གང་དང་གང་ཡིན་ཀྱང་འགོར་རྒྱ་གར་སྐད་དུ། ཞེས་སྨོས་པ་ནི་བསྟན་བཅོས་དེ་ཁུངས་བཙུན་པ་ཡིན་པར་བསྟན་པར་མ་ཟད། སྐད་ལ་བག་ཆགས་འཇོག་པར་ཡང་གསུངས་ཡོད། གང་ལྟར་ཡང་རྒྱ་གར་གྱི་སྐད་སྨོས་པས་རྒྱ་གར་ནས་དར་བ་མཚོན་ཡོད། ངས་རྒྱུན་དུ་བོད་པའི་སྐོར་འགྲེེལ་བཤད་བྱེད་དུས་རྩེད་མོ་དང་སྦྲགས་ནས་ང་ཚོ་བོད་པ་ལས་སླ་པོ་མེད། མ་གཞི་ས་མཐོན་པོ་དང་གནམ་གཤིིས་གྲང་མོ་ཡིན་སྟབས། བོད་པས་ཁྲུས་བྱེད་རྒྱུ་ཉུང་བའི་དབང་གིས་སེན་མོའི་གསེང་ལ་ལོ་གཅིག་གཉིས་ཀྱི་དྲེག་པ་ཡོད་ཤས་ཆེ། བལྟས་ཚོད་ལ་མདོག་ངན་ཙམ་ཡོད་ཀྱང་བོད་པ་རྣམས་ཧ་ཅང་སྤྱང་གྲུང་ཅན་ཡིན་ཏེ། ཁྱིམ་མཚེས་ཡུལ་གྲུ་ཚོར་ལེགས་ཆ་གང་ཡོད་བལྟས་པས་བསམ་བློའི་རྣམ་གཞག་དང་ཆོས་ཀྱི་གནས་ཚད་རྒྱ་གར་ཡག་ཤོས་ཡིན་པར་མཐོང་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་མཚོན། ལམ་བགྲོད་དཀའ་བ་མང་པོ་ཡོད་པ་རྣམས་ལ་ཇི་མི་སྙམ་པར་རྒྱ་གར་ཚ་བའིི་ནང་དུ་དཀའ་སྤྱད་འབད་བརྩོན་གྱིས་རྒྱ་གར་མཁས་པའི་ཆོས་བརྒྱུད་བོད་དུ་གདན་དྲངས་ཡོད། རྒྱ་ནག་ལ་ཁ་ལག་བཟོ་རྩལ་ཡག་པོ་ཡོད་པ་མཐོང་ནས་ཁ་ལག་བཟོ་སྟངས་རྣམས་རྒྱ་ནག་ནས་བླངས།
བོད་རང་ལ་རྩམ་པ་དང་མར། ཤ་དང་ཐུད་སོགས་ཡོད་པའི་ཐོག་ལ་རྒྱ་མིའི་ས་ནས་ཟས་རིགས་ཞིམ་པ་འགའ་ཞིག་བླངས། ཡང་སོག་པོ་ལ་རྩག་པ་དྲོན་པོ་ཡོད་པར་མཐོང་ནས་བོད་རང་ལ་སྣམ་བུ་སོགས་ཡོད་པའི་ཐོག་ལ་སོག་པོའི་རྩག་པ་ཚུར་བླངས་པ་སོགས་བོད་པས་གྲུང་པོ་བྱས་འདུག །དེས་ན། ང་ཚོའི་ཆོས་རྣམས་རྒྱ་གར་ནས་བསྒྱུར་བ་རེད།
བར་སྐབས་ནུབ་ཕྱོགས་སོགས་སུ་བོད་ཀྱི་ཆོས་དེ་བླ་མའི་ཆོས་རེད་ཅེས་བོད་ཀྱི་ནང་པའི་ཆོས་དེ་རྒྱ་གར་གྱི་ནང་པའི་ཆོས་གཙང་མ་མིན་པ་ལྟ་བུ་འཆད་མཁན་ཡོད་ཀྱང་དེ་ལྟར་གཏན་ནས་མིན། དེའི་རྒྱུ་མཚན་ཡང་བོད་གངས་ཅན་གྱི་མཁས་པའི་དབང་པོ་རྣམས་ཀྱིས་བརྩམས་པའི་གཞུང་སྟོང་ཕྲག་མང་པོ་ཡོད་པ་དེ་དག་ཐམས་ཅད་ཀྱི་ཁུངས་བཅོལ་ས་བཀའ་བསྟན་པོད་སུམ་བརྒྱ་ལྷག་ཡོད་པ་རྣམས་ཡིན། གཞུང་གི་དཀའ་གནད་གང་འདྲ་ཞིག་ཡིན་ནའང་རྩ་བ་རྒྱ་གར་མཁས་པའི་གཞུང་རེ་ཁུངས་སུ་དྲངས་ནས་བསྒྲུབས་ཡོད་པ་ཧ་ཅང་གསལ་པོ་ཡིན། དེས་ན། རྒྱ་གར་ཁས་པའི་གཞུང་གང་རུང་ལ་མ་གཏུགས་པར་བོད་པས་རང་བཟོའམ་རྟོག་བཟོ་བྱས་པ་ཞིག་མེད།
མདོར་ན། བོད་ཀྱི་ནང་བསྟན་དེ་སྟོན་པ་བཀའ་དྲིན་ཅན་གྱིས་གསུངས་ཤིང་། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་གཏན་ལ་ཕབ་པའི་བསྟན་པ་དྲི་མ་མེད་པ་དེ་ཡིན་པ་ལས་བོད་པས་རང་བཟོོ་བྱས་མེེད་པ་གསལ་པོ་ཡིན། འོན་ཀྱང་། ང་ཚོས་རྔ་རྡུང་བ་ལྟ་བུ་དང་། ཀི་ཀི་བསྭོ་བསྭོ་ཟེར་བ་ལྟ་བུའི་རིགས་ཁ་ཤས་ནང་ཆོས་མ་དར་གོང་ནས་ཡོད་ཀྱང་དེ་དག་བོད་ཀྱི་ཕ་མེས་ཀྱི་སྐབས་ནས་ཡོད་པ་ཞིག་ཡིན་པས་རྩ་ཆེན་པོ་དང་གལ་ཆེན་པོར་བརྩིས་ཀྱང་འགལ་བ་མེད། ཡང་ལྷ་ཀླུ་གཞི་བདག་གསོལ་མཆོད་བྱེད་པའི་རིགས་རྣམས་སྔར་བོན་གྱིས་གསོལ་མཆོད་བྱེད་པ་ལྟར་གསོལ་མཆོོད་བྱས་ན་དགེ་མཚན་ཞིག་དང་འབྲེལ་བ་ཞིག་ཡོད་པས་ཁྱད་པར་གང་ཡང་མེད། ནང་པ་སངས་རྒྱས་པའི་ཆོས་མུ་སྟེགས་པ་དང་ཐ་དད་ཡིན་ཀྱང་མུ་སྟེགས་པའི་གཞུང་དུ་ཡོད་པ་ཐམས་ཅད་དོར་དགོས་པ་མེད་དེ།
དཔེར་ན། ཏིང་ངེ་འཛིན་ལྟ་བུ་རེད། མུ་སྟེགས་པའི་གཞུང་དུ་ཡོད་པའི་སེམས་ཅན་ལ་ཕན་ཐོགས་ཡོད་པ་རྣམས་ནང་པའི་གཞུང་དུ་བསྣན་ཀྱང་མ་འགྲིག་པ་མེད། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཐོག་ནས་མི་འདྲ་བར་གྱུར་པ་ལས་མུ་སྟེགས་པའི་གཞུང་དུ་ཡོད་པ་འགའ་ཞིག་ནང་པ་དང་ཐུན་མོང་བ་ཡིན། དཔེར་ན། རྩ་རླུང་སྒོམ་པ་ལྟ་བུ་ཡིན། དབུ་མའི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཐོག་ནས་རྩ་རླུང་ཉམས་ལེན་བྱས་པས་ཀུན་སློང་ངམ་ཟིན་བྱེད་ཀྱི་ཁྱད་པར་གྱིས་ནང་པའི་རྩ་རླུང་ཉམས་ལེན་ནམ་ནང་པའི་རྣལ་འབྱོར་དུ་གྱུར་པ་རེད།
དེ་བཞིན་དུ་བོན་གྱི་གཞུང་དུ་ཡོད་པའི་ལུགས་སྲོལ་ཞིག་ནང་པའི་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་ཉམས་ལེན་བྱས་ཀྱང་མ་འགྲིག་པ་གང་ཡང་མེད། དེ་དག་ཕལ་པ་ཡིན་པ་ལས་རྩ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་རྣམས་རྒྱ་གར་མཁས་པའི་གཞུང་ལ་གཏུགས་པ་ཤ་སྟག་ཡིན། དེ་ཡང་བཀའ་བསྟན་བོད་སྐད་དུ་འགྱུར་བ་རྣམས་ཀྱི་དབུར་རྒྱ་གར་སྐད་དུ་ཞེས་གསུངས་ཡོད་པས། རྒྱ་གར་ནས་བརྒྱུད་པ་ཡིན་པ་ཧ་ཅང་གསལ་པོ་ཡིན།