【ལམ་སྟོན་བཀའ་སློབ།】
མཁན་སློབ་ཆོས་གསུམ་གྱི་མཛད་པ།
དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་དུ་སངས་རྒྱས་པའི་ཆོས་ལ་དམིགས་བསལ་ཐུགས་སྣང་གནང་སྟེ། བལ་ཡུལ་ནས་སྟོན་པ་ཐུབ་པའི་དབང་པོའི་རྟེན་གཙོ་ཞིག་གདན་དྲངས་པ་དང་། རྒྱ་ནག་ནས་ཀྱང་དེ་མཚུངས་གདན་དྲངས་ཏེ་བལ་བཟས་བཞེངས་པའི་ལྷ་སའི་གཙུག་ལག་ཁང་དང་། རྒྱ་བཟས་བཞེངས་པའི་རྭ་མོ་ཆེའི་གཙུག་ལག་ཁང་གཉིས་སུ་རྟེན་གཙོ་དེ་གཉིས་བཞུགས་སུ་གསོལ་ཡོད། དེ་ཡང་བལ་བཟས་བཞེངས་པའི་གཙུག་ལག་ཁང་གི་རྟེན་གཙོར་རྒྱ་བཟས་རྒྱ་ནག་ནས་གདན་དྲངས་པའི་ཇོ་བོའི་སྐུ་བཞུགས་སུ་གསོལ་ཡོད་ཅིང་། སྐུ་དེའི་ཞལ་བལ་ཡུལ་དུ་གཏད་ནས་རྒྱ་ནག་ལ་རྒྱབ་བསྟན་ཏེ་བཞུགས་སུ་གསོལ་ཡོད།
རྒྱ་བཟས་བཞེངས་པའི་རྭ་མོ་ཆེའི་གཙུག་ལག་ཁང་གི་རྟེན་གཙོར་བལ་བཟས་གདན་དྲངས་པའི་སྐུ་དེ་བཞུགས་སུ་གསོལ་ཞིང་དེའི་ཞལ་རྒྱ་ནག་ལ་གཏད་དེ་བཞུགས་སུ་གསོལ་ཡོད། འདི་སྤྱོད་པ་ཉེས་པོ་ལྟ་བུ་ཞིག་མི་འདུག་གམ།
འདི་ལ་ཞིབ་འཇུག་བྱ་རྒྱུ་ཡོད། འདི་འཕྲོས་བཤད་ཡིན་པས་བསྒྱུར་མི་དགོས། ཞེས་ལོ་ཙཱ་བར་བཀའ་སྩལ། གང་ལྟར་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སངས་རྒྱས་པའི་ཆོས་ལ་ཐུགས་སྣང་ཧ་ཅང་ཆེན་པོ་གནང་ཡོད།
སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་བྱུང་བ་ལྟར་ཁུངས་བཙན་ཤོས་རྒྱ་གར་ཡིན་ཞིང་། དེའི་ཚེ་དེའི་དུས་སུ་དཔལ་ནཱ་ལེནྡྲ་སོགས་སུ་བསྟན་པ་དར་འཕེལ་བསམ་གྱིས་མི་ཁྱབ་པའི་ཤུགས་ཆེན་པོ་ཡོད་པ་ལྟར། དུས་རབས་བརྒྱད་པའི་ནང་བོད་ཀྱི་ཆོས་རྒྱལ་གྱིས་ནཱ་ལེནྡྲ་རང་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་བ་དང་། སློབ་དཔོན་རིན་པོ་ཆེས་མཁན་ཆེན་གྱི་ཕྱག་རོགས་གནང་སྟེ་མདོར་ན། མཁན་སློབ་ཆོས་གསུམ་དུ་གྲགས་པ་དེ་དག་གིས་དུས་རབས་བརྒྱད་པའི་ནང་བོད་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་བཙུགས་གནང་ཞིང་། དེ་ཡང་ཕྱི་འདུལ་བའི་ཉམས་བཞེས་ཀྱི་སྲོལ་ཚད་ལྡན་ཡོད་པ་ཞིག་ཡིན།
མཁན་ཆེན་ཞི་བ་འཚོ་རང་ཉིད་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སྡོམ་རྒྱུན་འཛིན་པའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན་པ་དང་། དེའི་སྟེང་ཁོང་དབུ་མའི་ལྟ་གྲུབ་འཛིན་པའི་མཁས་པ་སྙན་གྲགས་ཅན་ཞིག་ཀྱང་ཡིན་ཞིང་། དབུ་མའི་ལྟ་གྲུབ་དེ་ཡང་ཚད་མའི་ལམ་ལ་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་གནང་མཁན། ཕྱོགས་གླང་ཆོས་གྲགས་ཕེབས་རྗེས་སུ་བྱོན་པའི་ཚད་མའི་གཞུང་ལ་ཤིན་ཏུ་མཁས་པའི་ཚད་མ་པ་གཙོ་བོ་ཞིག་ཡིན། དེ་བཞིན་དུ་མཁན་ཆེན་ཞི་བ་འཚོས་དེ་ཁོ་ན་ཉིད་སྒྲུབ་པའི་རབ་བྱེད་ཅེས་པའི་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་ཞིག་ཀྱང་མཛད་ཡོད་པ་བསྟན་འགྱུར་ནང་བཞུགས་ཡོད། གཞུང་མདོར་བསྡུས་ཡིན་པ་གང་ཞིག་ལ་ནང་དོན་གནད་འགག་ཧ་ཅང་ཆེན་པོ་གསུངས་པ་ཞིག་འདུག །ངོས་ཀྱིས་དེ་མཇལ་བ་ཡིན།
དེ་ལྟར་མཁན་ཆེན་ཞི་བ་འཚོ་རང་ཉིད་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཀྱི་ཉམས་བཞེས་ཆ་ཚང་ཡོད་པ་ཞིག་ཡིན། དེ་ནས་ཡར་དེད་ན་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཀྱི་ཉམས་བཞེས་ཆ་ཚང་བ་གནང་ཡོད། གང་ལྟར་ཡོངས་གྲགས་བོད་གངས་ཅན་ལྗོངས་ཀྱི་གཞི་འདུལ་བ་ནས་བརྩམས་པའི་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་དེ་གཙོ་བོ་མཁན་ཆེན་ཞི་བ་འཚོས་འགན་རྐང་བཞེས་གནང་བ་ལ་བརྟེན་ནས་ཚུགས་པ་ཞིག་ཡིན།