དུས་འཁོར་ནས་གསུངས་པའི་མཁའ་རྡུལ་དང་གོ་ལའི་འཁོར་བགྲོད།

文摘   文化   2024-10-04 20:28   青海  

དུས་འཁོར་ནས་གསུངས་པའི་མཁའ་རྡུལ་དང་གོ་ལའི་འཁོར་བགྲོད།




    དུས་ཀྱི་འཁོར་ལོའི་གཞུང་རྣམས་ལས་སྣོད་ཀྱི་འཇིག་རྟེན་སྔ་མ་ཞིག་རྗེས་བར་སྣང་སྟོང་པར་གནས་ཤིང་། གང་ཟག་ཐ་མལ་པའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། རྡུལ་ཕྲན་གཞན་དང་ཕན་ཚུན་འདབས་འབྱར་དུ་ཚོགས་ཏེ་བསགས་རྡུལ་ཁྱད་པར་ཅན་དུ་མ་གྱུར་པའི་རྡུལ་ཕྲ་རབ་སིལ་བུའི་རྣམ་པར་གནས་པ་དེ་དག་ལ་སྟོང་པའི་རྡུལ་ཞེས་བཤད་ཅིང། སྟོང་པའི་རྡུལ་དེ་ལ། ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའི་རྡུལ་ཕྲ་རབ་བཅས་ལྔ་ཡོད་པར་གསུངས་ལ། སྤྱིར་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་སྟོང་པའི་རྡུལ་དྲུག་གི་ཐ་སྙད་ཀྱང་གསུངས་ཤིང། ཡེ་ཤེས་ཀྱི་སྟོང་པའི་རྡུལ་ཞེས་པ་ནི་ཆོས་ཉིད་ལ་རྡུལ་གྱི་མིང་བཏགས་པ་ཙམ་ལས་རྡུལ་ཕྲ་རབ་དངོས་མིན་ལ། དེ་ལྟར་བཏགས་པའི་དགོས་པ་ཡང་འབྱུང་བ་ལྔའི་རྡུལ་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་ངོ་བོ་ཉིད་དུ་གནས་པས་ན་འཇིག་རྟེན་གྱི་ཁམས་འབྱུང་བ་དང། འཇིག་པའི་བྱ་བྱེད་ཐམས་ཅད་རུང་ལ། གལ་ཏེ་རྡུལ་དེ་དག་རང་བཞིན་གྱིས་གྲུབ་ན་འབྱུང་འཇིག་དེ་དག་གང་ཡང་མི་རུང་བར་ཤེས་པའི་ཆེད་དུ་ཡིན་པར་གསུངས། དེ་སྐད་དུ། རིགས་ལྡན་པད་དཀར་པོའི་དུས་འཁོར་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། “དེས་ན་ཆགས་པ་ནི་འབྱུང་བའི་དུས་ཀྱི་དབང་གིས་སྟོང་པ་རྣམས་ལས་ཞེས་པ་ལ་སྟོང་པ་རྣམས་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྡུལ་ཕྲ་རབ་ཀྱི་ངོ་བོས་རྣམ་པར་གནས་པ། ཞེས་དང། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སྟོང་པ་རྣམས་སོ། །”ཞེས་སོ།།

     དུས་འཁོར་གྱི་ལུགས་ལ་ནམ་མཁའི་རྡུལ་ཞེས་པ་དེ་ཤིན་ཏུ་ཕྲ་བའི་གཟུགས་ཅན་གྱི་རྡུལ་གཞན་རྣམས་ཀྱི་རྟེན་གཞི་ཡིན་པར་བཤད། དེ་ལྟ་བུའི་ནམ་མཁའི་རྡུལ་ཕྲ་རབ་དང་མཁའ་རྡུལ་ལ་ཁྱད་པར་མེད་ཅིང། ནམ་མཁའི་རྡུལ་ཕྲ་རབ་ཅེས་པའི་ནམ་མཁའ་ནི། ཅང་མེད་ཀྱི་སྟོང་སང་ཞིག་མིན་པར་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔའི་ནང་ཚན་མངོན་པར་སྐབས་ཡོད་པའི་གཟུགས་སུ་འཇོག་པ་དེ་ཡིན་པ་དང། དེ་ཡང་ཐོགས་པའི་རེག་བྱ་དང་བྲལ་ཞིང་། ཡིད་ཤེས་ཁོ་ན་ལ་བར་གྱི་སྣང་བ་སྐྱ་སེང་སེང་པོར་སྣང་བ་དེར་འཇོག་གོ །མངོན་པར་སྐབས་ཡོད་པའི་གཟུགས་དེ་ཉིད་བློས་ཇི་ཙམ་དབྱེ་བར་ནུས་ཀྱི་བར་རྣམ་པར་ཕྱེ་བའི་ཆུང་མཐའ་ཡིད་ངོར་སྣང་བ་ལ་ནམ་མཁའི་རྡུལ་ཕྲ་རབ་ཅེས་པའི་ཐ་སྙད་བཏགས་པ་ཙམ་ཡིན་ལ། ནམ་མཁའི་རྡུལ་ཕྲ་རབ་དེ་ལ་མིང་གཞན་རོའི་རྡུལ་ཕྲ་རབ་ཅེས་ཀྱང་ཟེར།

      འཛམ་གླིང་འདི་རྟེན་གཞི་ནམ་མཁའི་ཁམས་དང། ས་ཆུ་མེ་རླུང་གི་རྩ་བའི་ཁམས་བཞི་བཅས་ཁམས་ལྔ་ལས་གྲུབ་ཅིང། ནམ་མཁའི་ཁམས་ཀྱིས་ཁམས་གཞན་རྣམས་འགྲུབ་པ་དང། བྱ་བ་བྱེད་པའི་གོ་འབྱེད་པས་འབྱུང་བ་བཞི་པོ་འབྱུང་འཇིག་གི་གཞི་ཡིན་ནོ། །དེ་ཡང་འཇིག་རྟེན་འདི་ཉིད་ ༡ ཐོག་མར་ཆགས་པའི་སྐབས་དང། ༢ དེ་ནས་གནས་པའི་སྐབས་དང། ༣ དེ་ནས་འཇིག་པའི་སྐབས་དང། ༤ དེ་རྗེས་འཇིག་རྟེན་གསར་པ་ཞིག་མ་ཆགས་བར་དུ་སྟོང་པའི་གནས་སྐབས་བཅས་བཞི་ཡོད་ལ། སྟོང་པའི་གནས་སྐབས་སུ་ནམ་མཁའི་རྡུལ་དེས་རྟེན་གཞི་བྱས་ནས་གསར་དུ་ཆགས་པའི་འཇིག་རྟེན་དེའི་ནང་གི་བེམ་པོའི་ཆོས་ཐམས་ཅད་གྲུབ་ཅིང་། ནམ་མཁའི་རྡུལ་དེས་ས་ཆུ་མེ་རླུང་གི་རྡུལ་གོ་ས་གང་ན་གནས་པའི་གོ་ས་ཐམས་ཅད་དུ་ཁྱབ་པར་གསུངས་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། “རོའི་རྡུལ་ཕྲ་རབ་རྣམས་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པ་སྟེ།”ཞེས་སོགས་འབྱུང་བ་ལྟར་རོ།།


    གོང་དུ་བཤད་པ་ལྟར་སྣོད་ཀྱི་འཇིག་རྟེན་སྔ་མ་ཞིག་ནས་བར་སྣང་ཁམས་ལ་སྟོང་པའི་རྡུལ་གྱི་མིང་ཅན་རྡུལ་ཕྲ་རབ་སིལ་བུར་གནས་པ་རྣམས་འདུས་པ་ལས་རླུང་གི་དཀྱིལ་འཁོར་ནས་རིམ་གྱིས་ཆགས་ཤིང། དེ་ལྟ་བུའི་ས་ཆུ་མེ་རླུང་བཞི་པོ་རིམ་གྱིས་འཕེལ་བ་ལས། འོག་གཞིའི་རླུང་མེ་ཆུ་སའི་དཀྱིལ་འཁོར་ཟླུམ་པོའི་དབྱིབས་ཅན་རྣམས་གྲུབ་ཅིང། དེ་ནས་རི་གླིང་རྣམས་རིམ་གྱིས་གྲུབ། དེའི་རྗེས་སའི་གོ་ལའི་སྟེང་གི་བར་སྣང་ལ་རླུང་གིས་བཏེགས་པའི་བགྲོད་བྱ་ཁྱིམ་གྱི་གོ་ལ་གྲུབ་ཅིང། དེ་ཉིད་དབུས་མཐོ་ལ་མཐའ་དམའ་བ་གདུགས་ཕུབ་པ་བཞིན་ཆགས་པའི་སྟེང་རྒྱུ་སྐར་ཉེར་བརྒྱད་རྣམས་གཡོན་སྐོར་གྱིས་ཆགས། དེའི་རྗེས་བགྲོད་བྱེད་རེས་གཟའ་བདུན་དང་སྒྲ་གཅན་དུས་མེ་དུ་བ་མཇུག་རིང་བཅས་གཟའ་བཅུ་པོ་རྣམས་སྐྱེས། ཁྱིམ་བཅུ་གཉིས་ནི་སྐར་མ་གྲོ་བཞིན་དང་བྱི་བཞིན་གཉིས་ལ་སྐར་ཁྱིམ་གཅིག་ལས་མེད་པས་དེ་གཉིས་སྐར་ཁྱིམ་གཅིག་ཏུ་བརྩིས་པས་རྒྱུ་སྐར་ཉེར་བདུན་གྱི་སྐར་ཁོངས་རེ་ལ་ཆ་བཞི་བཞིར་བྱས་པའི་ཆ་རེ་ལ་རྐང་པའི་ཐ་སྙད་བྱས་ཏེ། དེ་ལྟ་བུའི་རྐང་པ་དགུ་དགུའམ་རྒྱུ་སྐར་གཉིས་རེ་དང་། རྒྱུ་སྐར་གཅིག་གི་རྐང་པའི་བཞི་ཆ་གཅིག་རེའི་ཁྱོན་ལ་ཁྱིམ་རེའི་ཐ་སྙད་བྱས་ལ། ཁྱིམ་བཅུ་གཉིས་ནི། ༡ ལུག ༢ གླང། ༣ འཁྲིག་པ། ༤ ཀར་ཀ་ཊ། ༥ སེང་གེ ༦ བུ་མོ། ༧ སྲང། ༨ སྡིག་པ། ༩ གཞུ། ༡༠ ཆུ་སྲིན། ༡༡ བུམ་པ། ༡༢ ཉའི་ཁྱིམ་རྣམས་སོ།།

     དེ་ཡང་ཐ་སྐར་བྲ་ཉེ་གཉིས་དང་སྨིན་དྲུག་གི་རྐང་པ་གཅིག་གི་བར་ལུག་གི་ཁྱིམ་དང། དེ་ནས་སྨིན་དྲུག་གི་རྐང་པ་གསུམ་དང་སྣར་མ་དང་མགོའི་རྐང་པ་གཉིས་ཀྱི་བར་གླང་ཁྱིམ་དང། དེ་ནས་མགོའི་རྐང་པ་ཕྱི་མ་གཉིས་དང་ལག་དང་ནབས་སོའི་རྐང་པ་གསུམ་གྱི་བར་འཁྲིག་པའི་ཁྱིམ་དང། དེ་ནས་ནབས་སོའི་རྐང་པ་ཕྱི་མ་དང་རྒྱལ་དང་སྐག་གཉིས་ཀྱི་བར་ཀར་ཀ་ཊའི་ཁྱིམ་དང། མཆུ་དང་གྲེ་གཉིས་དང་དབོའི་རྐང་པ་དང་པོའི་བར་སེང་གེའི་ཁྱིམ་དང། དབོའི་རྐང་པ་ཕྱི་མ་གསུམ་དང་མེ་བཞི་དང་ནག་པའི་རྐང་པ་དང་པོ་གཉིས་ཀྱི་བར་བུ་མོའི་ཁྱིམ་དང། ནག་པའི་རྐང་པ་ཕྱི་མ་གཉིས་དང་ས་རི་དང་ས་གའི་རྐང་པ་སྔ་མ་གསུམ་གྱི་བར་སྲང་གི་ཁྱིམ་དང། ས་གའི་རྐང་པ་ཕྱི་མ་དང་ལྷ་མཚམས་དང་སྣྲོན་གཉིས་ཀྱི་བར་སྡིག་པའི་ཁྱིམ་དང། སྣྲུབས་དང་ཆུ་སྟོད་གཉིས་དང་ཆུ་སྨད་ཀྱི་རྐང་པ་དང་པོའི་བར་གཞུའི་ཁྱིམ་དང། ཆུ་སྨད་ཀྱི་རྐང་པ་ཕྱི་མ་གསུམ་དང། གྲོ་བཞིན་དང་བྱི་བཞིན་སྐར་ཁོངས་གཅིག་ཏུ་བྱས་པ་དང། མོན་གྲེའི་རྐང་པ་སྔ་མ་གཉིས་ཀྱི་བར་ཆུ་སྲིན་གྱི་ཁྱིམ་དང། མོན་གྲེའི་རྐང་པ་ཕྱི་མ་གཉིས་དང་མོན་གྲུ་དང་ཁྲུམས་སྟོད་ཀྱི་རྐང་པ་སྔ་མ་གསུམ་གྱི་བར་བུམ་པའི་ཁྱིམ་དང། ཁྲུམས་སྟོད་ཀྱི་རྐང་པ་ཕྱི་མ་དང་ཁྲུམས་སྨད་དང་ནམ་གྲུ་རྣམས་ནི་ཉའི་ཁྱིམ་མོ། །དེ་སྐད་དུ། འགྲེལ་ཆེན་དྲི་མེད་འོད་ལས། “ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་ལའོ། །དེ་བཞིན་དུ་རྐང་པ་དགུ་དགུ་ནི་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོར་རིག་པར་བྱའོ། །”ཞེས་སོགས་སོ།།

    གཞན་ཡང་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་སོགས་དུས་ཀྱི་འཁོར་ལོའི་གཞུང་རྣམས་དང་དེ་ལ་བརྟེན་པའི་སྐར་རྩིས་ཀྱི་གཞུང་རྣམས་ལས་གཟའ་བདུན་སོ་སོས་ས་གཞི་འདི་ཉིད་ལ་སྐོར་བ་ལན་གཅིག་འཁོར་བའི་ཡུན་ཚད་ཀྱི་ཞག་གྲངས་ལ་གཟའ་རྣམས་ཀྱི་ཉིན་ཞག་དཀྱིལ་འཁོར་ཞེས་འབྱུང་ཞིང། དེ་ལྟ་བུའི་ཡུན་ཚད་ལ་ཉིན་ཞག་ཇི་ཙམ་དགོས་པའི་གྲངས་ནི། ཉི་མ་ལྟེ་བར་བྱེད་པ་དང་ས་གཞི་ལྟེ་བར་བྱེད་པའི་ལུགས་ཐ་དད་པ་ཙམ་མ་གཏོགས་དེང་དུས་ཀྱི་ཚན་རིག་པས་བཤད་པ་དང་ཕལ་ཆེར་གཅིག་མཚུངས་སུ་སྣང་ངོ་།།

   རང་འགྲོས་ཀྱི་དབང་དུ་བྱས་ན། སྒྲ་གཅན་དང་དུས་མེ་མ་གཏོགས་པའི་གཟའ་ཐམས་ཅད་ཁྱིམ་རྒྱུ་སྐར་དང་བཅས་པ་ལ་གཡོན་སྐོར་གྱིས་འཁོར་རོ། །དེ་ལྟ་བུའི་ཁྱིམ་གྱི་གོ་ལ་དེ་ཉིད་ས་ཆེན་དུམ་བུ་བཅུ་གཉིས་ལ་གཡས་སྐོར་ཉིད་བྱེད་ཅིང། ཁྱིམ་གྱི་གཞི་ལ་གནས་པའི་ཉི་མ་སོགས་གཟའ་སྐར་ཐམས་ཅད་ཀྱང་གོ་ལ་རླུང་གིས་བསྐྱོད་པའི་སྟོབས་ཀྱིས་ས་ཆེན་དུམ་བུ་བཅུ་གཉིས་ལ་གཡས་སྐོར་གྱིས་ཉིན་ཞག་རེར་སྐོར་བ་རེ་བྱེད་བཞིན་ཡོད་ལ། དེ་ལྟ་བུའི་བགྲོད་ཚུལ་དེ་ལ་རླུང་འགྲོས་ཞེས་བྱའོ། །

   གཟའ་དེ་དག་གི་རང་འགྲོས་ནི་སྒྲ་གཅན་མ་གཏོགས་གཡོན་དུ་སྐོར་བའི་ཚུལ་གྱིས་རྒྱུ་སྐར་རྣམས་ལ་ལོངས་སྤྱོད་པར་བྱེད་ཅིང། དེ་ལྟར་གོ་ལ་དང་གཟའ་རྣམས་འཁོར་ཚུལ་གྱི་དབང་གིས་ཉ་དང་གནམ་སྟོང་ལ་ཉི་ཟླ་སྒྲ་གཅན་གྱིས་སྒྲིབ་ཚུལ་དང། སྐར་མ་དུ་བ་མཇུག་རིང་འཆར་ཚུལ་ཡང་མ་འཁྲུལ་བར་ངོས་འཛིན་པའི་ཚུལ་རྣམས་དུས་ཀྱི་འཁོར་ལོའི་གཞུང་ལས་འབྱུང་ངོ་། །དེ་ཡང་གཟའ་རྣམས་ནི་ལྷོ་བགྲོད་དང་བྱང་བགྲོད་སོ་སོར་བྱེད་ཅིང། ཁྱིམ་སྐར་རྣམས་ནི་ལྷོ་བགྲོད་བྱང་བགྲོད་དང་རང་འགྲོས་སོགས་མེད་པར་ས་དུམ་བུ་གང་གི་ཐད་དུ་སྔར་འགྲོ་བའི་ལམ་གཅིག་པུ་དེ་ཉིད་ལ་རྣམ་པ་ཀུན་ཏུ་རླུང་འགྲོས་ཀྱིས་འགྲོ་བ་ཡིན་པར་གསུངས་སོ།།

    དེ་ལྟར་ན་ཉི་མ་ནི་དུས་ཀྱི་ཁྱད་པར་ལ་སོགས་པ་སྟོན་བྱེད་གཙོ་བོ་ཡིན་པས། དེའི་འགྲོས་ལ་བརྟེན་ནས་ས་དུམ་བུ་བཅུ་གཉིས་ཀྱི་ཁྱོན་སོ་སོར་ཉི་མ་ཁྱིམ་གང་ཞིག་ན་གནས་པའི་ཚེ་ལྷོ་བྱང་གི་བགྲོད་པ་དང་ཉིན་མཚན་མཉམ་མི་མཉམ་ལ་སོགས་པ་བྱུང་བ་ཡིན་པར་བཤད། དེ་ལྟར་ཡང་འགྲེལ་ཆེན་དྲི་མེད་འོད་ལས། “འདིར་ལུག་ལ་སོགས་པའི་ཁྱིམ་གང་ཡང་རུང་བ་གཅིག་ལ་ཉི་མ་གནས་པ་ས་དུམ་བུ་བཅུ་གཉིས་སུ་དུས་དྲུག་དང་ཟླ་བ་བཅུ་གཉིས་དང་ཕྱོགས་ཉི་ཤུ་རྩ་བཞི་བྱེད་དེ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་སོ། །”ཞེས་སོགས་འབྱུང་བ་ལྟར་ཡིན་ལ། དུས་འཁོར་ལུགས་ཀྱི་གོ་ལའི་འཁོར་བགྲོད་ཀྱི་དཔེ་རིེ ས་དེབ་འདིའི་མཇུག་ཏུ་བཀོད་ཡོད།


རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་ལ། །

བཟའ་བཅས་བཀང་བའི་ལྷུང་བཟེད་འདི་ཕུལ་བས། །

གཟུགས་སྐུ་རི་དབང་ལྟ་བུར་བརྟན་བཞུགས་ནས།།

ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩལ་དུ་གསོལ།།


bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章