མི་རྟག་པ་ཕྲ་མོ་འཇོག་ཚུལ།

文摘   文化   2024-10-23 08:48   青海  


 མི་རྟག་པ་ཕྲ་མོ་འཇོག་ཚུལ།

     སྤྱིར་རྟག་མི་རྟག་ཅེས་པ་འགྱུར་ལྡོག་འགྲོ་མི་འགྲོའ་སྟེང་ནས་འཇོག་ཅིང་། འདུས་བྱས་ཀྱི་ཆོས་ལ་འགྱུར་ལྡོག་འགྲོ་བ་ཡང་རྒྱུ་རྐྱེན་གྱིས་ཡིན། རྒྱུ་དང་རྐྱེན་ཡོད་ན་འགྱུར་ལྡོག་འགྲོ་རྒྱུ་ཡོད་པ་དང། རྒྱུ་རྐྱེན་མེད་ན་འགྱུར་ལྡོག་འགྲོ་རྒྱུ་མེད། དེ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ཆོས་ཤིག་ཡིན་ཕྱིན་འགྱུར་བའི་རང་བཞིན་ཅན་ཡིན་ལ། འགྱུར་བ་འགྲོ་བ་འདི་དག་ཀྱང་གཙོ་བོར་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་བྱས་པས་འདུས་བྱས་ཀྱི་ཆོས་རྣམས་སྐད་ཅིག་ཀྱང་མི་སྡོད་པར་དུས་ཀུན་ཏུ་འགྱུར་བ་འགྲོ་བ་སྟེ། དཔེར་ན། ལྗོན་ཤིང་གི་ལོ་མ་འགྱུར་བ་ཕྱིན་ནས་དགུན་དུས་སུ་ས་ལ་ལྷུངས་པ་འདི་དགུན་དུས་ཀྱི་གྲང་བའི་རེག་བྱ་སླེབས་ནས་གློ་བུར་དུ་འགྱུར་བ་འགྲོ་བ་ཞིག་མིན་པར་ཞག་དང་བདུན་ཕྲག་རེ་རེའི་ནང་འགྱུར་བ་ཕྱིན་ནས་མཐར་ས་ལ་ལྷུངས་པ་ཞིག་ཡིན། ཉིན་མང་པོའ་ནང་གི་འགྱུར་ལྡོག་དེ་ཡང་ཤིང་ལོ་དེ་ཉིད་གྲུབ་ཙམ་ཉིད་ནས་འགྱུར་བའི་རང་བཞིན་ཅན་དུ་གྲུབ་པས་ཡིན་ལ། གལ་ཏེ་ཤིང་ལོ་དེ་ཉིད་གྲུབ་ཙམ་ཉིད་ནས་འགྱུར་བའི་རང་བཞིན་ཅན་དུ་གྲུབ་མེད་ན། འགྱུར་བ་མེད་པའི་ཤིང་གི་ལོ་མ་ཞིག་སྟོན་ཁའི་དུས་སུ་ཁ་དོག་སེར་པོ་ཆགས་ཤིང་དགུན་དུས་སུ་ས་ལ་ལྷུངས་པ་རྣམས་ཡོང་མི་ཐུབ། དེས་ན་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་རྣམས་མིག་གིས་མི་མཐོང་ཡང་དོན་ལ་འགྱུར་བ་འགྲོ་བཞིན་ཡོད། སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཕྲ་མོ་དེ་མེད་ན་འགྱུར་བ་རགས་པ་དེ་དག་ཡོང་མི་ཐུབ་བོ།།

   མི་རྟག་པའི་འདོད་ཚུལ་ལ། བྱེ་བྲག་སྨྲ་བས་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་གསུམ་གྱིས་གཟུགས་ཕུང་ལྟ་བུ་གཅིག་འདུས་བྱས་སུ་མཚོན་པ་ན། རང་ཉིད་སྐྱེ་བ་སོགས་ཡིན་པས་མི་མཚོན་གྱི་རང་ཉིད་སྐྱེད་བྱེད་སོགས་དོན་གཞན་ཡོད་པས་འདུས་བྱས་སུ་མཚོན་པ་ཡིན་ལ། གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་མཚན་ཉིད་བཞི་དུས་གཅིག་ཏུ་ཡོད་ཀྱང་། དེ་དག་གཞི་དེ་ལ་འཇུག་པའི་ཚེ་དང་པོ་སྐྱེ་བའི་བྱ་བ་དང་། དེ་ནས་གནས་པའི་བྱ་བ་དང་། དེ་ནས་རྒ་བ་དང་། དེ་ནས་འཇིག་པའི་བྱ་བ་རྣམས་རིམ་གྱིས་འཇུག་པར་འདོད་དོ།།

      མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི་ཡང་སྐྱེ་བའི་བྱ་བ་སོགས་ལ་མི་འདོད་པར་འདུས་བྱས་དེ་དང་དེ་སྐྱེད་པར་བྱེད་པ་པོ་དང། གནས་པར་བྱེད་པ་པོ་དང་། རྙིངས་པར་བྱེད་པ་པོ་དང་། འཇིག་པར་བྱེད་པ་པོའ་རྫས་དོན་གཞན་ཞིག་ལ་འཇོག་ཅིང། དེ་ཡང་འདུས་བྱས་ཞེས་བྱ་བ་རྒྱུ་དང་རྐྱེན་འདུས་པས་བྱས་པ་ཞེས་བྱེད་པོ་དང་འབྲེལ་བའི་བྱ་བ་ལ་བསམ་པའོ། །དེ་ལྟར་ཡང་མཛོད་རང་འགྲེལ་ལས། དེ་ལ་སྐྱེ་བས་ནི་ཆོས་དེ་སྐྱེད་པར་བྱེད་དོ། །གནས་པས་ནི་གནས་པར་བྱེད་དོ། །རྒ་བས་ནི་རྙིངས་པར་བྱེད་དོ། །མི་རྟག་པ་ཉིད་ཀྱིས་ནི་འཇིག་པར་བྱེད་དོ། །ཞེས་དང། མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། འདིར་ནི་འདུས་བྱས་ཀྱི་མཚན་ཉིད་རྫས་གཞན་གྱི་ངོ་བོ་དག་ཡིན་པར་འདོད་པས། ཞེས་གསུངས།

      དེས་ན་དུས་ཤིན་ཏུ་ཐུང་བའི་སྐད་ཅིག་མ་ལ་ནི་མཚན་ཉིད་འདི་དག་མི་འཇོག་སྟེ། མཛོད་རང་འགྲེལ་ལས། “བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཀྱི་རྒྱུན་དེ་འདུས་བྱས་ཉིད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་བསྟན་པར་བཞེད་ནས། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ་ཞེས་གསུངས་པར་ཟད་ཀྱི་ཡང་སྐད་ཅིག་མ་ལ་ནི་མ་ཡིན་ནོ། །སྐད་ཅིག་མ་ལ་ནི་སྐྱེ་བ་ལ་སོགས་པ་མི་མངོན་ནོ། །ཞེས་འབྱུང་བ་བཞིན་ནོ།།

      མདོ་སྡེ་པས་ནི། འདུས་བྱས་རྣམས་སྐད་ཅིག་དང་པོར་སྐྱེས། བར་དུ་གནས། དེ་ནས་འཇིག་རྒྱུ་དང་ཕྲད་ནས་འཇིག་པ་དེ་འདྲ་མིན་པར། སྐད་ཅིག་དང་པོ་གྲུབ་ཙམ་ཉིད་ནས་རང་ཉིད་སྐད་ཅིག་ཀྱང་མི་སྡོད་པའི་རང་བཞིན་དུ་གྲུབ་ཟིན་པ་དང་། སྐད་ཅིག་དང་པོ་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པ་ནི། སྐད་ཅིག་དང་པོ་རང་དུས་སུ་མི་སྡོད་པའི་རང་བཞིན་དུ་ཡོད་པས་སྐད་ཅིག་གཉིས་པའི་དུས་སུ་མ་བསྡད་པ་དེ་བྱུང་བ་ཡིན། དེས་ན་སྐད་ཅིག་དང་པོ་དེ་ཉིད་སྐད་ཅིག་དང་པོའ་རང་དུས་སུ་མི་སྡོད་པའི་བདག་ཉིད་དེ་རང་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ལས་གྲུབ་པ་ཡིན་པར་འདོད།

      དེ་བཞིན་དུ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་ཆོས་དེ་རྣམས་ཀྱི་སྐྱེ་བའི་བྱ་བ་དང། འཇིག་པའི་བྱ་བ་དང་། གནས་པའི་བྱ་བ་ལ་འདོད་ཅིང་། དེ་ཡང་མྱུ་གུ་ལྟ་བུ་ལ་མཚོན་ན། མྱུ་གུ་ལྟ་བུ་སྔོན་མེད་གསར་དུ་འབྱུང་བ་སྐྱེ་བ་དང་། སྐད་ཅིག་སྔ་མའི་རྒྱུན་གནས་པ་ནི་གནས་པ་དང་། སྐད་ཅིག་སྔ་མ་ལས་ཕྱི་མ་མཚན་ཉིད་མི་འདྲ་བ་ནི་འཇིག་པའམ་རྒ་བ་ཡིན་ལ། མཚན་ཉིད་གསུམ་པོ་དེ་དག་དུས་མཉམ་དུ་གྲུབ་ཅིང་འདུས་བྱས་ཀྱི་ཆོས་དེ་དང་རྫས་གཞན་མ་ཡིན་པར་འདོད་ལ། དེ་ལྟར་ཡང་རྟོག་གེ་འབར་བ་ལས། དཔེར་ན་མདོ་སྡེ་པ་དག་ན་རེ། རྒྱུ་དང་རྐྱེན་སོ་སོར་ངེས་པའི་མཐུ་བསྐྱེད་པ་ལས་བྱུང་བའི་རྒྱུན་ལ་དུས་གཅིག་ཁོ་ནར་གང་མ་བྱུང་བ་ལས་བྱུང་བ་དེ་ནི་སྐྱེ་བ་ཡིན་ལ། སྐད་ཅིག་མ་སྔ་མ་ཉིད་ཀྱི་རྒྱུན་གྱིས་གནས་པ་ནི་གནས་པ་ཡིན་ལ། སྐད་ཅིག་མ་སྔ་མ་དང་མི་འདྲ་བར་རྒས་ཤིང་བྲལ་བ་ནི་འཇིག་པ་ཡིན་ནོ་ཞེས་ཟེར། ཞེས་གསུངས།

      དེ་བཞིན་དུ་འདུས་བྱས་གང་ཡིན་ན་ཡང་རང་ཉིད་གྲུབ་ཙམ་ནས་འཇིག་པར་གྲུབ་པ་ཡིན་ཏེ། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་ངེས་ལས། མི་རྟག་པ་ཉིད་ཅེས་བྱ་བ་གང་ཕྱིས་འགྲུབ་པར་འགྱུར་བ་གཞན་ནི་འགའ་ཡང་མེད་དེ། དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཅན་དེ་ཁོ་ན་མི་རྟག་པ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། ། ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་ན་མདོ་སྡེ་པ་དག་བྱེ་སྨྲ་དང་མི་འདྲ་བར་དུས་མཐའི་སྐད་ཅིག་མའི་ཡུན་ཚད་ལས་མེད་པའི་དངོས་པོ་ཞིག་ཡིན་ནའང་མཚན་ཉིད་གསུམ་ཚང་བར་འདོད་དེ། མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། གཞན་དག་ན་རེ་ནི་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་ལ་སོགས་པ་ལ་ཡང་རང་གནས་པ་གང་ཡིན་པའི་གནས་པ་ཡོད་ལ། དེའི་གཞན་དུ་འགྱུར་བ་ཉིད་ནི་སྐད་ཅིག་མ་སྔ་མ་ལ་ལྟོས་པ་ཡིན་པས་དེ་དག་ལ་ཡང་མཚན་ཉིད་གསུམ་རྣམ་པར་གཞག་གོ་ཞེས་ཟེར་རོ། ། ཞེས་འབྱུང་བའི་གཞན་དག་ཅེས་པ་དེ་མདོ་སྡེ་པ་ལ་བྱ་དགོས་སོ།།

    སེམས་ཙམ་པ་དང་དབུ་མ་པ་གཉིས་ཀྱང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་ གནས་འཇིག་གསུམ་བྱ་བ་ལ་འདོད་པ་དང་། དེ་དག་དུས་མཉམ་དུ་གྲུབ་པར་འདོད་པ་མདོ་སྡེ་པ་དང་མཚུངས། དེ་ཡང་གཞི་བསྡུ་བ་ལས། དེ་ལ་འདུས་བྱས་ཀྱི་མི་རྟག་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱིས་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བའོ། །མཚན་ཉིད་གསུམ་པོ་དེ་དག་ཀྱང་འདུ་བྱེད་ཀྱི་རྒྱུན་གཉིས་ལ་བརྟེན་ནས་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་དང༌། སྐད་ཅིག་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ནོ། །དེ་ལ་རྒྱུན་སྔ་མ་ཤོས་ཀྱི་སེམས་ཅན་གྱི་རིས་དེ་དང་དེར་སྐྱེ་བ་གང་ཡིན་པ་དེ་ནི་སྐྱེ་བའོ། །ཐ་མར་འཆི་བ་ནི་འཇིག་པའོ། །

     ཐོག་མ་དང་ཐ་མའི་བར་གཞོན་ནུ་ལ་སོགས་པའི་གནས་སྐབས་རྣམས་སུ་ནི་གནས་པ་ལས་གཞན་དུ་འགྱུར་བ་སྟེ། ཚེའི་ཚད་ཇི་ཙམ་པར་གནས་པས་ན་གནས་པའོ། །གནས་སྐབས་ཕྱི་མ་ཕྱི་མའི་བྱེ་བྲག་ཡོད་པས་ན་གཞན་དུ་འགྱུར་བའོ། །དེ་ནས་རྒྱུན་ཕྱི་མ་ཤོས་ཀྱི་སྐད་ཅིག་སྐད་ཅིག་ལ་འདུ་བྱེད་རྣམས་སར་པ་སར་པ་སྐྱེ་བ་གང་ཡིན་པ་དེ་ནི་སྐྱེ་བའོ། །སྐྱེ་བའི་སྐད་ཅིག་པ་དེ་ལས་ལྷག་པར་མི་གནས་པ་ནི་འཇིག་པའོ། །སྐྱེ་བའི་སྐད་ཅིག་པ་ཙམ་ལ་གནས་པ་ནི་གནས་པའོ། །གཞན་དུ་འགྱུར་བ་ནི་གཉིས་ཏེ། ཐ་དད་པའི་གཞན་དུ་འགྱུར་བ་དང༌། ཐ་དད་པར་འགྱུར་བའི་གཞན་དུ་འགྱུར་བའོ། །དེ་ལ་ཐ་དད་པའི་གཞན་དུ་འགྱུར་བ་ནི་འདུ་བྱེད་རྒྱུན་འདྲ་བར་འཇིག་པ་གང་ཡིན་པའོ། །ཐ་དད་པར་འགྱུར་བའི་གཞན་དུ་འགྱུར་བ་ནི་རྒྱུན་མི་འདྲ་བར་འཇུག་པ་གང་ཡིན་པའོ། །གཞན་དུ་འགྱུར་བའི་ལུས་ནི་གནས་པ་ལས་ལོགས་ཤིག་ན་མེད་དེ་དེ་བས་ན་འདི་གཉིས་གཅིག་ཏུ་བསྡུས་ནས་མཚན་ཉིད་གཅིག་ཏུ་འདོགས་སོ།།ཞེས་སོགས་འབྱུང་བ་ལྟ་བུའོ།།

    དེ་ལ་མི་རྟག་པའི་ངོ་བོ་ནི། སྐད་ཅིག་མའོ། །མི་རྟག་པའི་ངོ་བོར་བཞག་པའི་སྐད་ཅིག་མ་ནི་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་ཡིན་གྱི་ཡུད་ཙམ་ཞིག་ལས་མི་སྡོད་པ་ནི་སྐད་ཅིག་མའི་དོན་མིན་ནོ། །དེ་ལ་ཡུན་རིང་ཐུང་སྣ་ཚོགས་ཡོད་དེ།

   དཔེར་ན། ལོ་གཅིག་ལ་མཚོན་ན། རང་གྲུབ་དུས་དེ་ལ་ཟླ་བ་བཅུ་གཉིས་ཡོད་ཅིང་། ཟླ་བ་བཅུ་གཉིས་འདས་པའི་ཚེ་ལོ་དེ་མི་སྡོད་པ་ཡིན། ཡང་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་དེ་ཉིན་ཞག་གཅིག་དང་ཚོགས་ན་རང་གྲུབ་དུས་དེ་ཆུ་ཚོད་ཉེར་བཞིའི་ཡུན་ཚད་ཅན་དུ་འགྱུར་ལ། དུས་ཀྱི་ཐུང་བ་སྐར་ཆ་གཅིག་གི་ཡུན་ཚད་ཅན་གྱི་དངོས་པོ་དང་ཚོགས་ན་སྐར་ཆ་གཅིག་གི་ཡུན་ཚད་ཅན་དུ་འགྱུར་རོ།།

   འོ་ན་དུས་རབས་གཅིག་ལྟ་བུ་མི་ལོ་བརྒྱ་ཕྲག་གཅིག་མ་རྫོགས་ཀྱི་བར་དུ་གནས་སམ་མི་གནས། མི་གནས་ན་ཟླ་བ་བཅུ་གཉིས་མ་རྫོགས་ཀྱི་བར་དུ་ལོ་གནས་པ་དང་འགལ་ལ། གནས་ན་སྐད་ཅིག་མ་གཅིག་ལས་མི་གནས་པའི་མི་རྟག་པ་ཡིན་པ་དང་འགལ་ལོ་སྙམ་ན། དེ་ནི་རྒྱུན་འཇོག་ཚུལ་ཇི་བཞིན་མི་ཤེས་པའི་སྐྱོན་ཡིན་ཏེ།

    དབུ་མ་བཞི་བརྒྱ་པ་ལས། ཇི་ལྟར་རྒྱུན་ལ་བལྟ་ཉེས་ན། །རྟག་པ་ཡོད་ཅེས་བྱར་འགྱུར་བ།།ཞེས་རྒྱུན་ལ་བལྟ་ཉེས་པ་སྟེ་དེ་ཆ་བཅས་སུ་འཇོག་ཚུལ་མི་ཤེས་ན་རྟག་པར་འཁྲུལ་བར་གསུངས་པ་ལྟ་བུའོ། །དེ་ཡང་ལོ་ལྟ་བུ་ལ་མཚོན་ན་ཟླ་བ་བཅུ་གཉིས་ཀྱི་ཆ་ཅན་ཡིན་ཞིང་། ཆ་དང་ཆ་ཅན་ངོ་བོ་གཅིག་ཡིན་པས། དེའི་ཆ་ཤས་ཟླ་བ་དང་པོ་འཇིག་པས་ཆ་ཅན་ལོ་འཇིག་པ་སོགས་འདུས་བྱས་ཀུན་ལ་འདྲ། འོན་ཀྱང་ལོའ་ཆ་ཤས་ཟླ་བ་གཅིག་འཇིག་པ་ན་ཆ་ཅན་ལོ་འཇིག་པ་ཡིན་ཡང་ཞིག་པ་མིན། མི་སྡོད་པ་ཡིན་ཡང་མ་བསྡད་པ་མིན་པའི་ཁྱད་པར་རྣམས་འབྱེད་དགོས་སོ།།

     སྤྱིར་མི་རྟག་པ་ལ་རྒྱུན་གྱིས་མི་རྟག་པ་དང༌། སྐད་ཅིག་གིས་མི་རྟག་པ་གཉིས་སུ་བྱ་སྟེ། སློབ་དཔོན་པྲཛྙཱ་ཝརྨའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ལས། མི་རྟག་པ་ཡང་རྣམ་པ་གཉིས་ཏེ། རྒྱུན་གྱིས་མི་རྟག་པ་དང༌། སྐད་ཅིག་གིས་མི་རྟག་པ་སྟེ།  ཞེས་འབྱུང་བ་ལྟ་བུ། དེ་གཉིས་ལས་དང་པོ་ལ་རགས་པའི་མི་རྟག་པ་དང༌། གཉིས་པ་ལ་ཕྲ་བའི་མི་རྟག་པ་ཞེས་བྱ་ཞིང་། ལྷས་བྱིན་ལྟ་བུ་ལ་མཚོན་ན། ལྷས་བྱིན་ཤི་བའི་འོག་ཏུ་མི་སྡོད་པ་ནི་གནག་རྫིས་ཀྱང་མངོན་སུམ་གྱིས་ངེས་ནུས་པས་ཤིན་ཏུ་རགས་ལ། དེ་ལས་སྐད་ཅིག་དང་པོའ་དུས་ཀྱི་ལྷས་བྱིན་སྐད་ཅིག་གཉིས་པར་མི་སྡོད་པ་ཕྲ་ཞིང་། དེ་ལས་ཀྱང་སྐད་ཅིག་དང་པོའ་དུས་ཉིད་ནས་འཇིག་པ་ཕྲ་བས། མི་རྟག་པ་ཕྲ་མོ་རྟོགས་པ་ལ་སྤྱིར་རགས་པའི་མི་རྟག་པ་ལ་སྔོན་དུ་གོ་བ་ཆགས་པ་དགོས་སོ།།

    ཡང་སྐད་ཅིག་སྐད་ཅིག་གིས་འཇིག་པའི་ཕྲ་བའི་མི་རྟག་པའི་རང་བཞིན་མེད་ན། རྒྱུན་གྱིས་མི་རྟག་པ་འཇོག་མི་ཤེས་ལ། སྐད་ཅིག་སྐད་ཅིག་གིས་འཇིག་པའི་ཕྲ་བའི་མི་རྟག་པ་དེ་ཡང་གློ་བུར་བའི་རྒྱུ་རྐྱེན་གཞན་ཞིག་གམ། ཕྱིས་འབྱུང་གི་རྒྱུ་གཞན་ཞིག་གིས་འཇིག་པ་མིན་པར་རང་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་འཇིག་པའི་བདག་ཉིད་དུ་བསྐྱེད་པ་ཡིན་ནོ།།

    རྒྱུན་གྱིས་མི་རྟག་པ་ནི། ཕུང་པོ་ལྔའི་བཤད་པ་ལས། རྒྱུན་ཞེས་བྱ་བ་ནི་ ཕུང་པོ་ལྔ་པོ་སྐྱེས་པ་ནས་བརྩམས་ཏེ། མ་ཤི་བའི་བར་དུ་སྐད་ཅིག་མའི་མཚན་ཉིད་བྲེང་མ་ཆད་པ་ལ་རྒྱུན་ཞེས་བྱའོ། །འཇིག་པ་ནི་རིས་མཐུན་པའི་ཕུང་པོ་ལྔའི་སྐད་ཅིག་མའི་རྒྱུན་ཆད་ནས་སྐད་ཅིག་མ་སྔ་མའི་རྗེས་སུ་ཕྱི་མ་མི་འབྲང་བ་བྱུང་སྟེ།

   རིས་མི་མཐུན་པའི་སྐད་ཅིག་མའི་གཞན་སྐྱེས་པ་ལ་འཇིག་པ་ཞེས་བྱ་སྟེ། དེ་ཉིད་ལ་མི་རྟག་པ་ཞེས་གདགས་སོ།། ཞེས་གསུངས་པ་ལྟར་ལོ་དགུ་བཅུར་སླེབས་པའི་མི་རྒས་འཁོགས་དེ་གློ་བུར་དུ་རྒས་འཁོགས་ཆགས་པ་མིན་པར། ཐོག་མར་མངལ་ན་གནས། དེ་ནས་བཙས་པ་དང་། བྱིས་པའི་དུས་སོགས་ནས་རྒན་པོའ་བར་རིམ་བཞིན་འཕོ་འགྱུར་ཕྱིན་ཏེ་མཐར་རྒས་འཁོགས་ཆགས་པ་ལྟ་བུ། དེ་ཡང་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས།

     དུས་བརྒྱད་གང་ཞེ་ན། འདི་ལྟ་སྟེ། མངལ་ན་གནས་པའི་དུས་དང༌། བཙས་པའི་དུས་དང༌། བྱིས་པའི་དུས་དང༌། གཞོན་ནུའི་དུས་དང༌། ལང་ཚོའི་དུས་དང༌། དར་ལ་བབ་པའི་དུས་དང༌། རྒས་པའི་དུས་དང༌། འཁོགས་པའི་དུས་སོ། །དེ་ལ་མངལ་ན་གནས་པའི་དུས་ནི་མེར་མེར་པོ་ལ་སོགས་པའོ། །བཙས་པའི་དུས་ནི་དེ་ཡན་ཆད་དང༌། འཁོགས་པའི་དུས་མན་ཆད་དོ། །བྱིས་པའི་དུས་ནི་འགྲོ་བ་དང་རྩེ་མི་ནུས་པ་མན་ཆད་དོ། །བྱིས་པ་གཞོན་ནུའི་དུས་ནི་དེ་ནུས་པ་ཡིན་ནོ། །ལང་ཚོའི་དུས་ནི་འདོད་པ་སྤྱོད་ནུས་པ་ནས་ལོ་སུམ་ཅུ་མན་ཆད་དོ། །དར་ལ་བབ་པའི་དུས་ནི་ལོ་ལྔ་བཅུ་མན་ཆད་དོ། །རྒས་པའི་དུས་ནི་ལོ་བདུན་ཅུ་མན་ཆད་དོ། །དེ་ཡན་ཆད་ནི་འཁོགས་པའི་དུས་སོ། ། ཞེས་གསུངས་པ་ལྟར་རོ།།

    ཕྲ་བའི་མི་རྟག་པ་ལ་དུས་མཐའི་སྐད་ཅིག་མ་དང། བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་ཡོད་པ་གོང་དུ་བཤད་ཟིན་ཅིང་། སྤྱིར་མི་རྟག་པ་དེ་གཞི་རགས་པ་མར་མེ་སྐད་ཅིག་ཐ་མ་ལྟ་བུ་དང་སྦྱར་ནས་མངོན་སུམ་གྱིས་ངེས་ན་རགས་པའི་མི་རྟག་པར་འགྱུར་ལ། གཞི་ཕྲ་བ་དང་སྦྱར་ནས་རྟགས་ལས་ངེས་དགོས་ན་ཕྲ་བའི་མི་རྟག་པར་འགྱུར་ཏེ། དཔེར་ན། རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་དེ་ཚེས་གཅིག་དང་ཚོགས་ན་རང་གྲུབ་དུས་དེ། ཡུད་ཙམ་སུམ་ཅུའི་ཡུན་ཚད་དུ་འགྱུར་ལ། དུས་ཀྱི་ཐུང་བའི་མཐར་ཐུག་པ་དང་ཚོགས་ན་དུས་མཐའི་སྐད་ཅིག་མའི་ཡུན་ཚད་དུ་འགྱུར་བ་བཞིན་ནོ། །དེས་ན་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་དེ་ལ་ཕྲ་རགས་གཉིས་ཡོད།

     འདུས་བྱས་ཐམས་ཅད་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་འཇིག་པའི་བདག་ཉིད་དུ་གྲུབ་ཅིང། རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་ཡིན་པའི་ཚུལ་ནི། ནམ་མཁའི་མདོག་གིས་འདུལ་བའི་བཟོད་པའི་མདོ་ལས། ཆོས་འདི་དག་ནི་སྐད་ཅིག་མ་དང་པོ་ལ་སྐྱེས་ནས་སྐད་ཅིག་མ་འདི་ཉིད་ལ་འཇིག་སྟེ། སྐད་ཅིག་མ་གཉིས་པ་ལ་གནས་པ་མ་ཡིན་ནོ། ། ཞེས་དང་།

    ཚད་མ་རྣམ་འགྲེལ་ལས་ཀྱང་། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོས་རྗེས་འབྲེལ་ཉིད།།ཅེས་བྱས་པ་རང་གྲུབ་ཙམ་ནས་འཇིག་པ་རང་གི་ངོ་བོ་ཉིད་ཀྱིས་རང་ཆས་སུ་རྗེས་སུ་འབྲེལ་བ་ནི། བྱས་པ་འཇིག་པར་བསྐྱེད་པ་ནི་རང་ཡོད་ཙམ་དུ་སྐྱེད་པའི་རྒྱུ་ལས་རྒྱུ་གཞན་མེད་པར་རང་སྐྱེད་པའི་རྒྱུ་དེ་ཉིད་ཀྱིས་རང་འཇིག་པར་ཡང་བསྐྱེད་པར་གསུངས། སྦྱོར་བ་འགོད་ན། བྱས་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་པའི་བདག་ཉིད་ཅན་ཡིན་ཏེ། ཕྱིས་འབྱུང་གི་རྒྱུ་གཞན་ལ་མི་ལྟོས་པར་འཇིག་པའི་བདག་ཉིད་དུ་རང་རྒྱུ་ལས་སྐྱེ་བའི་ཕྱིར། ཞེས་པའོ།།

     ཡང་ཚད་མ་རྣམ་འགྲེལ་ལས། གལ་ཏེ་རྒྱུ་དེས་འཇིག་པ་གཞན། །བསྐྱེད་པས་དེ་ནི་འཇིག་འགྱུར་ན།།ཞེས་གལ་ཏེ་བུམ་པ་ལྟ་བུ་སྐྱེད་བྱེད་ཀྱི་རྒྱུ་ལས་བུམ་པ་རང་གྲུབ་ཙམ་ནས་འཇིག་པ་ངང་གིས་གྲུབ་པ་མིན་པར་ཕྱིས་འབྱུང་གི་འཇིག་པ་དོན་གཞན་ཞིག་བསྐྱེད་པས་བུམ་པ་འཇིག་པར་འགྱུར་བ་ཡིན་ན་ཞེས་ཕྱོགས་སྔའི་འདོད་པ་བཀོད་ནས། དེ་མི་འཐད་པའི་ཚུལ་ཡང་། གཞུང་དེ་ཉིད་ལས། དེ་ནི་བདག་ཉིད་གྲུབ་གྱུར་ན། །བདག་ལ་ཕན་འདོགས་བྱེད་པ་གང༌།།བདག་ལ་ཕན་འདོགས་བྱེད་མིན་ན། །དེ་ཡིས་ལྟོས་བྱ་གང་ཅི་ཞིག། ། ལྟོས་མེད་དངོས་པོ་ནམ་ཡང་ནི། །དེ་ལྟ་མིན་པར་ཅི་ལྟར་འགྱུར།། ཞེས་གཟུགས་སོགས་འདུས་བྱས་རྣམས་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་འཇིག་པའི་བདག་ཉིད་དུ་གྲུབ་པས་ན། ཁྱོད་ཀྱིས་འདོད་པའི་ཕྱིས་འབྱུང་གི་འཇིག་རྒྱུ་དེས། གཟུགས་སོགས་འཇིག་པའི་བདག་ཉིད་ལ་ཕན་འདོགས་པ་དང། གནོད་པ་གང་ཡང་མི་བྱེད་ཅིང་། ཕྱིས་འབྱུང་གི་འཇིག་རྒྱུ་དེས་གཟུགས་སོགས་ཀྱི་འཇིག་པ་ལ་ཕན་འདོགས་བྱེད་པ་མིན་ན། ཕྱིས་འབྱུང་གི་འཇིག་རྒྱུ་དང་། གཟུགས་སོགས་འཇིག་པ་གཉིས་ལྟོས་བྱ་ལྟོས་བྱེད་དུ་མི་འཐད་པར་གསུངས་སོ།།

      འདུས་བྱས་སྐད་ཅིག་མར་སྒྲུབ་པ་འདི་ནང་པའི་གཞུང་སྤྱི་དང་། ཁྱད་པར་ཚད་མ་རིག་པའི་གཞུང་རྣམས་སུ་གཙིགས་ཆེ་བར་མཛད་སྣང་ལ། དེ་ལ་གནད་ཤིན་ཏུ་ཆེ་བ་ནི་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པར་སྒྲུབ་པ་དེ་ཡིན་པས་འདིར་ནི་ངོ་སྤྲོད་ཀྱི་ཚུལ་དུ་མདོ་ཙམ་བཤད་པ་ལས། ཞིབ་ཏུ་ཤེས་འདོད་པ་རྣམས། གཙོ་བོར་སློབ་དཔོན་ཆོས་གྲགས་ཉིད་ཀྱི་ཚད་མ་རྣམ་འགྲེལ་རང་དོན་ལེའུའི་སྨད་དུ་བྱུང་བའི་གཞུང་གོང་དུ་དྲངས་པའི་ཚིགས་བཅད། རྒྱུ་མེད་ཕྱིར་ན་འཇིག་པ་ཉིད། །ཅེས་པའི་ཐད་ཀྱི་རྩ་འགྲེལ་དང་། ལྷག་པར་ཚད་མ་རྣམ་ངེས་རང་དོན་ལེའུར། ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱི་བྱས་པ་མི་རྟག་པ་ཉིད་སྒྲུབ་པའི་ཕྱིར་སྐྱོན་མེད་དོ། ། ཞེས་སོགས་ཀྱིས་འདུས་བྱས་ངོས་གཟུང་བ་དང་། དེ་མི་རྟག་པར་སྒྲུབ་པ། འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་མེད་པ་ལ་རྩོད་པ་སྤོང་བ། དེ་ལྟ་ནའང་འཇིག་པ་རྒྱུ་མེད་དུ་མི་ཐལ་བ་དང་། དེས་ན་འཇིག་པ་དངོས་པོའ་ངོ་བོ་ ཉིད་དུ་གྲུབ་པ་སོགས་རྒྱས་པར་གཏན་ལ་ཕབ་པ་ལས་ཤེས་ནུས།

         གཞུང་དེ་གཉིས་ཀྱི་རྒྱབ་རྟེན་དུ་ཞི་བ་འཚོའི་དེ་ཁོ་ན་ཉིད་བསྡུས་པ་དང་། དེའི་དཀའ་འགྲེལ་ཀ་མ་ལ་ཤཱི་ལས་མཛད་པ་ལས་ལེའུ་བཅུ་གསུམ་པ་བརྟན་པའི་དངོས་པོ་བརྟག་པ་དང་། ཆོས་མཆོག་གི་སྐད་ཅིག་མ་གྲུབ་པ་དང་། དེའི་འགྲེལ་པ་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་སོགས་ཀྱང་ཡོད་པས་གཞུང་དེ་རྣམས་ལས་ནང་པའི་རིགས་པ་སྨྲ་བ་རྣམས་ནས་འདུས་བྱས་སྐད་ཅིག་མར་སྒྲུབ་པའི་རིགས་པའི་གནད་ཕྲ་ཞིང་ཞིབ་པ་ལེགས་པར་གཏན་ལ་ཕབ་པར་མཛད་དོ།། །།  

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章