༈ དྲི་བ་དྲིས་ལན། སློབ་དཔོན་ཟམ་གདོང་རིན་པོ་ཆེ།
དྲི་བ། གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཞེས་པའི་དོན་གང་ཡིན་ནམ། ཁྱིམ་པ་དང་རབ་བྱུང་ཞིག་གིས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་མཉམ་དུ་བླང་ན་སྡོམ་པ་ལེན་ཚུལ་ལ་ཁྱད་པར་ཡོད་དམ། གསོད་དུ་འཇུག་མཁན་གྱི་གང་ཟག་ལ་སྲོག་གཅོད་པ་པོ་དང་མཚུངས་པར་མི་དགེ་བ་ཡོང་གི་ཡོད་དམ། ཤེས་བཞིན་དུ་མིན་པར་སྣང་མེད་ལ་སྲོག་གཅོད་མཁན་ལ་ཉེས་པ་ཕོག་གི་ཡོད་དམ།
ལན། གཉུག་མ་ནི་གདོད་མ་ཞེས་པའི་དོན་རེད། གདོད་མ་ནས་ཞེ་ན་དང་པོ་ནས་ཟེར་བ་རེད། དང་པོ་ནས་ཞེས་པ་ནི་དང་པོ་མེད་པ་ནས་སམ་ཐོག་མ་མེད་པ་ནས་ཞེས་པའི་དོན་རེད། གདོད་དང་ཀ་སོགས་ནི་བོད་ཀྱི་ཚིག་རྙིང་པ་ཞིག་རེད། ཀ་དག་དང་གདོད་ནས་དག་པ་སོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་རེད། དེས་ན་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་པའི་དོན་གང་རེད་ཅེ་ན། འདི་ལ་བརྗོད་ཀྱི་རེད་ཅེས་ལབ་ཆོག་ཅིག་མེད། གང་ལགས་ཤེ་ན། གཉུག་མ་དང་། ལྷན་ཅིག ཡེ་ཤེས་བཅས་ཀྱི་སྐད་དོད་ནི་བོད་ཀྱི་གཞུང་ལུགས་སྣ་ཚོགས་སུ་བེད་སྤྱོད་མི་འདྲ་བ་བཏང་ཡོད། དཔེར་ན། དགེ་ལུགས་པ་ཞིག་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་རེད་ཅེ་ན། དེའི་བརྗོད་སྟངས་ཕྲན་བུ་མི་འདྲ་བ་རེད། རྫོགས་ཆེན་པ་ཞིག་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་རེད་ཅེ་ན། དེའི་བརྗོད་སྟངས་ཀྱང་ཅུང་ཟད་མི་འདྲ་བ་རེད།
དེ་བཞིན་ཕྱག་ཆེན་པ་ཞིག་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་རེད་ཅེ་ན། དེའི་བརྗོད་སྟངས་ཀྱང་ཏོག་ཙམ་མི་འདྲ་བ་རེད། དེས་ན་ཚང་མ་ངས་མི་ཤེས་ཀྱང་། ང་རང་གིས་ཤེས་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གང་རེད་ཅེ་ན། གཉུག་མ་ཞེས་པ་དེ་དང་པོའམ་ཐོག་མ་མེད་པ་ནས་མཉམ་དུ་ཡོད་པ་དེ་རེད། སེམས་ལྟ་བུ་ཡིན་ན་འདི་ཕན་ཆད་ལ་ཡོད་པ་དང་། འདི་ཕན་ཆད་ལ་མེད་ཅེས་བརྗོད་མི་ཐུབ། དཔེར་ན་ཆོས་སྦྱིན་གྱི་སེམས་དེ་དེའི་སྐྱེ་བ་སྔ་མ་སྔ་མ་ལ་ཡོད་པ་དང་། ཆོས་སྦྱིན་གྱི་ཚེ་འདིའི་ཁྱད་པར་དུ་བྱས་པའི་སེམས་དེ་གཉུག་མའི་སེམས་མིན། དེ་ནི་རགས་པ་གློ་བུར་བའི་སེམས་སམ་ད་ལྟ་ཡོད་པའི་སེམས་ཤིག་ཡིན། གཉུག་མའི་སེམས་ནི་རྒྱུན་ནམ་ཡང་འགགས་མ་མྱོང་བ་ཐོག་མ་མེད་པ་ནས་རྒྱུན་མཐུད་ནས་ཡོང་བའི་སེམས་ཤིག་ལ་ཟེར། འཆིི་བའི་སྐབས་སུ་དབང་ཤེས་རགས་པ་ད་ལྟའི་མིག་གི་ཤེས་པ་དང་། རྣ་བའི་ཤེས་པ། སྣའི་ཤེས་པ། ལྕེའི་ཤེས་པ། ལུས་ཀྱི་ཤེས་པ་རྣམས་དབང་པོ་འགགས་པ་དང་མཉམ་དུ་འགགས་པ་རེད། དེ་བཞིན་ཚེ་འདིའི་སེམས་གློ་བུར་བའམ་རྣམ་རྟོག་རགས་པ་རྣམས་ཀྱང་འགགས་པའི་སྐབས་སུ་ཚེ་འདི་ནས་སྐྱེ་བ་ཕྱི་མར་འགྲོ་མཁན་གྱི་སེམས་དེ་གང་རེེད་ཅེ་ན།
དགེ་ལྡན་པ་ལྟར་ན་ཤིན་ཏུ་ཕྲ་བའི་སེམས་དེ་ཤིན་ཏུ་ཕྲ་བའི་རླུང་དང་མཉམ་དུ་ཡུལ་ལ་བྱ་བ་མི་བྱེད་པར་བསྡད་ཡོད། དེ་འདྲ་བའི་ཤིན་ཏུ་ཕྲ་བའི་སེམས་དང་ཤིན་ཏུ་ཕྲ་བའི་རླུང་གཉིས་ཐབས་ལ་བརྟེན་ནས་སྐྱེ་རུ་བཅུག་མི་ནུས་པ་ཡིན་ཙང་ལྷན་སྐྱེས་རེད། དེ་ནི་ང་ཚོས་འབད་རྩོལ་གྱིས་བཟོས་པ་མིན་པར། རང་བཞིན་གྱིས་འབད་མེད་ལྷུན་གྲུབ་ཏུ་སྐྱེ་བ་ཞིག་ལ་ལྷན་སྐྱེས་ཟེར། དེ་ལ་གཉུག་མའི་སེམས་དང་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཞེས་བརྗོད། གང་ལྟར་གཞིའི་གནས་སྐབས་ལ་ཡུལ་ལ་འཇུག་པའི་བྱ་བ་མི་བྱེད་པ་དང་། འཆི་བའི་གནས་སྐབས་ཁོ་ན་ལ་སྐྱེ་བ་གཅིག་ནས་གཅིག་ཏུ་འཕོ་བའི་བྱ་བ་བྱེད་མཁན་གྱི་ཤིན་ཏུ་ཕྲ་བའི་སེམས་དེའི་མགོ་འཛུགས་འདི་ནས་རེད་ཅེས་བརྗོད་རྒྱུ་མེད། གཉུག་མའི་སེམས་ཀྱི་ངོ་བོ་དེ་གང་ནས་བྱུང་ཞེ་ན། དེ་ནི་སྐྱེ་བ་ཐོག་མ་མེད་པ་ནས་ཡོང་ཞིང་། དེར་བརྟེན་དེ་ནི་གཉུག་མ་དང་། དེ་བཞིན་ང་ཚོས་འབད་རྩོལ་གྱིས་མ་བཟོས་པ་ཡིན་ཙང་ལྷན་སྐྱེས་ཡིན། དེ་ལྟ་བུའི་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་དེ་སྒྲུབ་པ་ཉམས་ལེན་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ངོ་བོར་སོང་ནས་ཉོན་མོངས་པའི་གཉེན་པོ་བྱེད་པའི་རྣམ་བྱང་གིས་བསྡུས་པའི་ཆོས་ཀྱི་ངོ་བོར་གྱུར་པའི་ཡེ་ཤེས་དེ་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟེར། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་པ་དེ་དགེ་ལུགས་པ་ཡིན་ན་སྔགས་ཀྱིི་སྐབས་སུ་བེད་སྤྱོད་བྱེད་ཅིང་། མདོའི་སྐབས་སུ་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་བརྗོད། གང་ལགས་ཤེ་ན། མདོའི་སྐབས་སུ་སེམས་ལ་ཕྲ་རགས་ཀྱི་ཁྱད་པར་མི་ཕྱེ། སྔགས་བླ་མེད་སྐབས་སུ་གཉུག་མའི་སེམས་དེ་སྟོང་ཉིད་རྟོགས་པའི་བློ་ཡི་ངོ་བོར་གྱུར་པའི་ཚེ་ན་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བརྗོད།
ཁྱིམ་པ་དང་རབ་བྱུང་ཞིག་གིས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་མཉམ་དུ་བླང་ན་རྟེན་གྱི་གང་ཟག་གི་ཁྱད་པར་གྱི་དབང་གིས་འཐོབ་བྱ་ལ་ཁྱད་པར་མེད། དེ་ནི་ཐེག་པ་ཆེན་པོ་བ་ཡིན་གཞི་བཞག་རེད། ཐེག་པ་ཆེན་པོའི་གང་ཟག་ཅིག་གིས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་སྐབས་འཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་རེད། དེ་ནི་ལས་ཀ་ཡག་པོ་འཐོབ་རྒྱུ་དང་སྐད་གྲགས་ཡོང་རྒྱུའི་ཆེད་ཐེག་ཆེན་གསོ་སྦྱོང་བླང་ན་སྐྱེ་རྒྱུའང་མེད། དེ་ནི་ཁྱིམ་པ་དང་རབ་བྱུང་སུས་ལེན་ནའང་རུང་། ཐེག་ཆེན་གསོ་སྦྱོང་གི་སྡོམ་པའི་འཐོབ་བྱ་ལ་བྱང་ཆུབ་ཀྱི་གོ་འཕང་མ་གཏོགས་གཞན་གང་ཡང་གཞག་རྒྱུ་མེད།
ཁྱིམ་པས་བླངས་པ་དང་རབ་བྱུང་གི་བླངས་པ་གཉིས་ལ་ཁྱད་པར་གང་ཡོད་ཅེ་ན། རྟེན་གྱི་ཁྱད་པར་རེད། དེ་ཡང་ཁྱིམ་པས་དགེ་བའི་རྩ་བ་སྟོང་བྱས་པ་ལས་རབ་བྱུང་གི་རྟེན་གྱིས་དགེ་བའི་རྩ་བ་གཅིག་བྱས་པ་དེའི་བསོད་ནམས་ཀྱི་སྟོབས་ཆེ་བ་རེད། ཁྱིམ་པས་བླངས་པའི་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་དང་། རབ་བྱུང་གིས་བླངས་པའི་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལ་ཡག་ཉེས་མེད། དེ་ནི་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ཡིན་པ་གཅིག་པ་རེད། འོན་ཀྱང་སྡོམ་པ་དེ་ལ་བརྟེན་ནས་སྐྱེ་བའི་བསོད་ནམས་ལ་ཆེ་ཆུང་ཡོད། རབ་ཏུ་བྱུང་བ་དེ་དགེ་ཚུལ་ཡིན་ན་དགེ་ཚུལ་གྱི་སྡོམ་པའི་རྟེན་ཡོད་རེད། དགེ་སློང་ཡིན་ན་དགེ་སློང་གི་སྡོམ་པའི་རྟེན་ཡོད་རེད། དེའི་དབང་གིས་སྡོམ་པ་གཞན་རྣམས་ཁྱད་པར་འཕགས་པ་གྱུར་པ་རེད། ཁྱིམ་པ་རྡོ་རྗེ་འཛིན་པ་ལས་རབ་བྱུང་རྡོ་རྗེ་འཛིན་པ་ཁྱད་པར་དུ་འཕགས་ཚུལ་ནི་སྔགས་ཀྱི་ཉམས་ལེན་ཡོད་པའི་ཆ་ནས་མིན་པར། སྡོམ་པའི་དབང་གིས་རེད། དེས་ན་སྡོམ་པ་ལ་ཁྱད་པར་མེད་པ་དང་། སྡོམ་པ་ལེན་སྟངས་ལའང་ཁྱད་པར་མེད་ཀྱང་། སྡོམ་པ་དེ་ལ་བརྟེན་པའི་བསོད་ནམས་གྲུབ་སྟངས་ཀྱི་ཁྱད་པར་རེད།
གང་ཟག་གཞན་ལ་གསོད་དུ་འཇུག་པ་ཡིན་ན་གཉིས་ཀ་ལ་སྡིག་པ་གཅིག་མཚུངས་ཡོང་ཞིང་། ཇི་སྐད་དུ་མངོན་པ་མཛོད་ལས། དམག་ལ་སོགས་པར་དོན་གཅིག་ཕྱིར།། ཐམས་ཅད་བྱེད་པ་པོ་བཞིན་ལྡན།། ཞེས་པ་དེ་ནི་ཐེག་པ་ཐམས་ཅད་ཀྱིས་གཅིག་མཚུངས་སུ་ཁང་བླངས་པ་རེད། དེ་ཡང་དམག་ལྟ་བུ་ཡིན་ན་དབང་ཆ་ལྡན་པའི་རྒྱལ་པོས་དམག་གི་བཀའ་བཏང་སྟེ་རང་ཉིད་ཕོ་བྲང་ནང་ཉལ་ཡོད་ནའང་དམག་གི་ནང་མི་ཇི་ཙམ་བསད་པ་དེའི་སྲོག་གཅོད་ཀྱི་སྡིག་པ་དེ་རྒྱལ་པོ་དེ་ལ་བྱུང་བ་མ་ཟད། སྲོག་གཅོད་མཁན་དེ་ལའང་མཉམ་པར་བྱུང་། དེས་ན་ང་ཚོའི་དཔེ་ཆ་མང་པོའི་ནང་བགྱིས་པའམ་བགྱིད་དུ་བསྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རངས་པ་བཅས་གསུམ་རེ་བརྗོད་པ་རེད། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རངས་པ་བྱེད་ནའང་སྲོག་གཅོད་དང་ཆ་འདྲ་བའི་ཉེས་པ་ཐོབ། སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་སྒྲུབ་པ་ལ་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་བཅས་ཚང་དགོས། དཔེར་ན་སྲོག་གཅོད་ལྟ་བུ་ཡིན་ན། སྲོག་གཅད་སའི་གཞི་དེ་ཕ་རོལ་པོ་སྲོག་ལྡན་ཞིག་དང་། བསམ་པ་ནི་གསོད་འདོད་ཀྱི་ཀུན་སློང་སྟེ། དུག་གསུམ་གྱིིས་མི་འདྲ་བ་གསུམ་རེད། སྦྱོར་བ་ནི་སྲོག་གཅོད་ནུས་ཀྱི་ལས། སྲོག་གཅོད་པ་པོ་དེ་སྲོག་གཅད་སའི་གང་ཟག་དེ་ལས་རྒྱུད་ཐ་དད་པ་ཞིག་དགོས། མཐར་ཐུག་ནི་སྲོག་གི་དབང་པོ་འགགས་པ་དེ་རེད། གསད་ས་དེ་ལས་སོ་སོ་སྔོན་དུ་འཆི་ན་སྲོག་གཅོད་ཀྱི་ལས་དངོས་གཞི་མ་རྫོགས་པའམ་མཐར་ཐུག་དེ་མ་གྲུབ་པ་རེད། དེ་ལྟ་བུའི་ལས་ཆ་ཚང་བ་དེ་རང་གིས་ལག་བསྟར་ནས་བྱས་པའམ། གཞན་དུ་བྱེད་དུ་འཇུག་ནའང་གཅིག་པ་རེད། གཞན་ལ་བྱེད་དུ་འཇུག་ནའང་སྲོག་གཅོད་ཀྱི་ལས་ལམ་མཐར་ཐུག་ནི་མི་དེ་ཤི་བ་དང་གྲུབ་པ་རེད། གང་ལྟར་ལས་ཀྱི་ལམ་དེ་སོ་སོའི་རྒྱུད་ཐོག་ཏུ་ཕ་རོལ་པོའི་སྲོག་གི་དབང་པོ་འགགས་པ་དང་ཆབས་ཅིག་ཏུ་དངོས་སུ་ལག་བསྟར་ནས་གསོད་མཁན་དང་གསོད་དུ་འཇུག་མཁན་གཉིས་ཀར་མཚུངས་པར་ཐོབ་ཟིན།
བག་མེད་པའི་དབང་གིས་སྲོག་བཅད་པ་ལ་ཉེས་པ་ཡོད་ཀྱང་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་ཚང་གི་མེད། དཔེར་ན་ཕར་ཚུར་འགྲོ་བའི་སྐབས་སུ་རྐང་པའི་འོག་ཏུ་འབུ་སོགས་ཤི་བ་ལྟ་བུ་ལ་སྲོག་གཅོད་ཀྱི་ལས་ལམ་གྱི་ཉེས་པ་མི་ཡོང་། དེ་ལ་ཉེས་པ་མི་ཡོང་བ་དེ་ཇི་ལྟར་ཡིན་ཞེ་ན། བག་མེད་པའི་བསམ་བློ་མེད་པ་དང་ཡལ་བར་འདོར་བའི་བསམ་བློ་མེད་པ་ཞིག་དགོས། དཔེར་ན། འབུ་གྲོག་མ་མང་པོ་ཡོད་ས་ལ་དོ་སྣང་མ་བྱས་པར་སུ་ཤི་ནའང་ཤི་ང་ནི་གོམ་པ་སྤོས་ནས་འགྲོ་གི་ཡིན་སྙམ་པའི་ཡལ་བར་འདོར་བའི་བློ་ཞིག་ཡོད་ན་སྲོག་གཅོད་ཀྱི་ཉེས་པ་ཡོང་རྒྱུ་རེད། དེ་ནི་སྲོག་གཅོད་འདོད་མེད་ནའང་སྲོག་གཅོད་འདོད་དང་མཚུངས་པ་རེད། གང་ལྟར་འབུ་དེའི་སྲོག་ལ་བརྩེ་བ་མེད་པ་ཞིག་ཆགས་པ་རེད། དེ་ནས་འབུ་གསོད་རྒྱུའི་བསམ་བློ་མེད་པར་སོ་སོ་འགྲོ་རྒྱུ་གཅིག་པུའི་ཆེད་དང་། གལ་ཏེ་ལམ་དུ་འབུ་ཞིག་མཐོང་ན་དེའི་ཐོག་རྡོག་བརྫི་གཏོང་རྒྱུ་མིན་བསམ་པའི་བློ་ཞིག་ཡོད་ཀྱང་། མ་ཤེས་པར་རྐང་པའི་འོག་ཏུ་ཤི་ན་དེ་ལ་ཁ་ན་མ་ཐོ་བའི་ལས་དེ་མེད། ཁ་ན་མ་ཐོ་བའི་ལས་ཡོང་བ་ལ་བག་མེད་པའམ་ཡལ་བར་འདོར་བའི་བློ་དེ་དགོས། གལ་ཏེ་བག་མེད་པའམ་ཡལ་བར་འདོར་བའི་བློ་ཞིག་བྱུང་ན་གཉིད་ཁུག་སྐབས་སུའང་དུག་སྦྲང་བསད་པ་ལའང་སྲོག་གཅོད་ཀྱི་ལས་བསགས་པ་རེད། འོན་ཀྱང་གཉིད་ཁུག་སྐབས་སུའང་དུག་སྦྲང་སོགས་མ་ཤི་བའི་ཆེད་དུ་གཟབ་གཟབ་བྱེད་ཀྱི་ཡིན་སྙམ་པའི་བློ་ཞིག་ཡོད་ན་དུག་སྦྲང་སོགས་ཤི་ན་དེ་ལ་ཉེས་པ་མེད། ད་གཏན་འབེབས་ཀྱི་དུས་ཚོད་དེ་རྫོགས་སོང་། ཞེས་གསུངས།། །།