སྙིང་པོ་ཡོད་པ་དེ་དམ་པའི་ལྷ་ཆོས་རང་རེད།

文摘   文化   2024-11-16 18:04   青海  


སྙིང་པོ་ཡོད་པ་དེ་དམ་པའི་ལྷ་ཆོས་རང་རེད།

སྐྱབས་རྗེ་གྲུབ་དབང་ནུབ་པ་རིན་པོ་ཆེ་།

         ང་ཚོ་རི་ཁྲོད་ལ་ཡར་ཕེབས། བསྒྲུབ་པ་ཉམས་ལེན་བྱེད་རྒྱུ་ཡོད་པ་འདི་ཧ་ཅང་གི་བསྐལ་པ་བཟང་པོ་ཞིག་རེད་བསམ་གྱི་འདུག། སོ་སོ་རང་ཉིད་ལྟ་བུ་ཡིན་ནའི་མི་ཚེ་ལྷག་མ་འདི་དབེན་པའི་རི་ཁྲོད་ཅིག་ལ་ཕྲ་ལ་ཕྲན་བུའི་སྒོམ་སྒྲུབ་ཉམས་ལེན་ཏོག་ཙམ་བྱེད་པ་འདི། བསོད་ནམས་ཆེན་པོ་ཞིག་དང་བསྐལ་བཟང་པོ་ཞིག་རེད་བསམ་པ་ཞིག་འདུག དེ་འདྲ་ཡིན་དུས། ཆོས་གྲོགས་རྣམ་པ་ཚོ་ཀྱང་དེ་བཞིན་དགོངས་པ་བཞེས་ཀྱི་ཡོད་ཀྱི་རེད། དེ་བཞེས་དགོས་ཀྱི་རེད་བསམ་གྱི་འདུག དེ་རིང་ཁ་སང་ག་བར་བལྟས་པ་ཡིན་ན་ཡང་། ང་ཚོར་སྙིང་པོ་ཡོད་པ་གང་ཡང་མི་འདུག དེར་བརྟེན་སྙིང་པོ་ཡོད་པ་དེ་ནི་དམ་པའི་ལྷ་ཆོས་རང་རེད། དེ་ཡིན་དུས། ཚེ་འདི་ལ་ཕན་པ་དེ་དམ་པའི་ལྷ་ཆོས་རེད། ཚེ་ཕྱི་མ་ལ་ཕན་པ་དེ་ཡང་དམ་པའི་ལྷ་ཆོས་རེད། འདི་ཕྱི་ཐམས་ཅད་ལ་ཕན་པ་འདི་ནི་དམ་པའི་ཆོས་རང་རེད། བྱས་ཙང་ང་ཚོ་ཐོག་མར་རབ་ཏུ་བྱུང། དེ་ནས་རིམ་པ་བཞིན་དུ་ཐོས་བསམ་སློབ་གཉེར་གནང་། དེ་རྗེས་ལ་རིམ་པས་ཀྱི་བསྒྲུབ་པ་ཉམས་ལེན་གནང་པ་དེ་ཚོ་དཔེ་མི་སྲིད་པའི་སྐལ་པ་བཟང་པོ་རེད། 

      ང་ཚོ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་ཟབ་ལམ་ནཱ་རོ་ཆོས་དྲུག་ཉམས་ཞིབ་འདྲ་གནང་། དེ་ཚོ་དཔེ་མི་སྲིད་པའི་ལས་དང་སྐལ་པ་ལྡན་པའི་གང་ཟག་མ་གཏོགས་མི་གང་ཡིན་ཅི་ཡིན་གྱི་ལག་ལེན་ལ་འགྱུར་ཐུབ་པ་ཁག་པོ་ཡོད་རེད། གང་རེད་ཟེར་ན། ང་ཚོ་མཚམས་བསྙེན་བསྒྲུབ་བྱེད་ཟེར་མཁན་དེ། ལས་བསོད་ནམས་ཀྱི་བསགས་པ་ཁྱབ་ཆེན་པོ་ཞིག་མེད་པ་ཡིན་ན། ལམ་སེང་ང་མཚམས་སྡོད་ཀྱི་ཡིན་བྱས་ནས་བསྡད་ཐུབ་པ་ཞིག་ཡོད་མ་རེད། དེ་ཡིན་དུས། སོ་སོར་གང་ས་ཅི་ཐད་ནས་འགལ་རྐྱེན་མང་པོ་ཞིག་ཕྲད་ཡོང་གི་ཡོད་རེད། དེ་ཡིན་དུས་ད་ལྟ་ང་ཚོ་དེ་འདྲ་ཡི་ཉམས་ལེན་གནང་ཐུབ་པ་དང་བཞུགས་ཐུབ་པ་དེ་ཚོ་སོ་སོ་སྐྱེ་བ་སྔོན་མ་མང་པོ་ཞིག་ལ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་ཞིག་བསགས་པའི་ལག་རྗེས་ལ་བརྟེན་ནས་བྱུང་བསྡད་པ་ཞིག་རེད། ད་རེས་ཀྱི་དུས་སྐབས་འདི་ང་ཚོས་ཆུད་ཟོས་སུ་མ་སོང་བ་ཐམས་ཅད་ཀྱིས་བསྒྲུབ་པ་ཉམས་ལེན་གནང་བ་དེ་ཚོ་རང་རྒྱུད་ལ་ཕན་པའི་ཆོས་ཟེར་བ་གཙོ་བོ་ནི་རང་གི་སེམས་རྒྱུད་འདུལ་རྒྱུ་དེ་རང་རེད་བསམ་གྱི་འདུག སེམས་རྒྱུད་ལ་ག་དུས་ཡིན་ན་ཡང་རང་གི་སེམས་དེ་ལ་བརྟག་དཔྱད་བཏང་ནས་རང་གི་སེམས་དེ་ལ་ག་དུས་ཡིན་ནའི་སྡིག་པ་མི་དགེ་བའི་ལས་དེ་འདྲ་གང་ཐུབ་ཅི་ཐུབ་ཀྱིས་སྤང་དགོས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པ་དེ་རང་རེད། 

སྡིག་པ་ཅི་ཡང་མི་བྱ་ཞིང་། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

རང་གི་སེམས་ནི་ཡོངས་སུ་འདུལ། །

འདི་ནི་སངས་རྒྱས་བསྟན་པ་ཡིན། ། 

    གསུངས་པ་དེ་དངོས་གནས་ཀྱི་ང་ཚོའི་ཉམས་ལེན་གྱི་དོན་དག་རྡོག་རྡོག་འདྲ་པོ་ཞིག་དྲིལ་བཞག་ན། ཚིགས་སུ་བཅད་པ་འདི་རང་ནང་ལ་འདུས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་གཙོ་ཆེ་ཤོས་ནི་ང་ཚོས་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་སྡིག་པ་སྤང་བ་དང། གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་དགེ་བ་སྒྲུབ་ཡག དགེ་སྡིག་གི་རྩ་བ་འདྲ་པོ་དེ་ང་ཚོ་རང་གི་སེམས་ལ་ཐུག་གི་ཡོད་པ་ཡིན་དུས། སེམས་འདི་ཡག་པོ་འདུལ་བ་བྱེད་དགོས་ཀྱི་རེད། དེ་ཡིན་དུས། སེམས་འདུལ་བར་བྱེད་པའི་ཐབས་གཙོ་བོ་གང་རེད་ཟེར་ན། 


སྤྱོད་འཇུག་ལས་། སེམས་བསྲུང་འདོད་པ་རྣམས་ལ་ནི། །

དྲན་པ་དང་ནི་ཤེས་བཞིན་དག

ཐམས་ཅད་འབད་པས་སྲུངས་ཞིག་ཅེས། །

བདག་ནི་དེ་ལྟར་ཐལ་མོ་སྦྱོར། ། 

     ཞེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་ནང་བཞིན་རེད། ང་ཚོ་དྲན་པ་དང་ཤེས་བཞིན་སྐྱོང་ཡག་དེ་གལ་ཆེན་པོ་ཞེ་དྲག་རེད། ཉམས་ལེན་གྱི་གནད་བསྡུས་པ་ཡིན་ན། དྲན་པ་དངཤེས་བཞིན་སྐྱོང་དགོས་པ་མདོ་སྔགས་ཀྱི་ཉམས་ལེན་གསུངས་ཡོད་རེད། མདོ་སྔགས་ཀྱི་ཉམས་ལེན་ཐམས་ཅད་ཚུར་གནད་འགག་འདྲ་པོ་འདྲིལ་པ་ཡིན་ན། དྲན་པ་དང་ཤེས་བཞིན་ཀྱི་ཉམས་ལེན་དེ་ལ་འདུས་ཡོད་ཀྱི་རེད། དྲན་ཤེས་ཀྱི་ཐོག་ནས་ཐམས་ཅད་ཀྱིས་སོ་སོའི་ཉམས་ལེན་ག་རེ་གནང་བ་ཡིན་ཡང་། དྲན་ཤེས་བཞིན་རྩལ་དང་མ་འབྲལ་བ་ཞིག་བྱེད་ཀྱི་ཡིན་ན། ང་ཚོའི་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་གང་འདྲ་ཞིག་བྱེད་པ་ཡིན་ཡང་། དེ་ཐམས་ཅད་དགེ་བ་ལ་སྨིན་རྒྱུ་ཞིག་རེད་བསམ་གྱི་འདུག། 

        རྗེ་བཙུན་མི་ལ་རས་པས། རང་གི་སེམས་ལ་བལྟ་བ་ཡིན་ན་ག་དུས་ཡིན་ནའི་དེ་རང་ཉིད་ཀྱི་ཉམས་ལེན་གྱི་གནད་འགག་གཙོ་བོ་ཞིག་ཡིན། ་རྗེ་བཙུན་གྱིས་ཡང་ཡང་དུ་དེ་འདྲ་གསུངས་འདུག ང་ཚོ་རང་གི་སེམས་ལ་ཡང་ཡང་བརྟག་དཔྱད་གནང་རྒྱུ་དེ་གནད་འགག་ཆེན་པོ་ཞིག་རེད་བསམ་གྱི་འདུག སྤྱིར་བཏང་གི་ང་ཚོ་ཐམས་ཅད་ཀྱིས་གང་ལ་གང་ཙམ་གྱི་ཐོས་བསམ་གནང་ཚར་བ་ཤ་སྟག་རེད། གང་ལ་གང་ཙམ་གྱི་གནད་འགག་མཁྱེན་པ་ཤ་སྟག་རེད། རང་གིས་ཤེས་པ་ཙམ་མ་ཡིན་པར་གཙོ་བོ་གལ་ཆེ་ཤོས་དེ་འཚོ་བ་དངོས་ཀྱི་ནང་ལ་ཟུང་འབྲེལ་གནང་ནས་ག་རེ་བྱ་ཡང་ཡག་པོ་ཞེ་དྲག་ཡོང་གི་རེད་བསམ་པ་འདྲ་བོ་འདུག གཉིས་ནས་ང་ཚོའི་ཕྱི་སོ་སོ་ཐར་པའི་སྡོམ་པ་དང་ནང་བྱང་ཆུབ་སེམས་པའི་བསླབ་བྱ། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་གསུམ་དམ་ཚིག་དེ་དག་མ་ཉམས་པར་ཚུལ་བཞིན་དུ་བསྲུང་རྒྱུ་དེ་གནད་དགག་ཆེན་པོ་ཞེ་དྲག་རེད། ང་ཚོ་འདིར་ཕེབས་པའི་ཆོས་གྲོགས་ཐམས་ཅད་ཀྱང་རང་སོ་སོའི་ཆོས་གྲོགས་ཕན་ཚུན་བར་ཡིན་ནའི་རེད། གང་ས་ཅི་ཐད་ཀྱི་ཐོག་ནས་དམ་ཚིག་ཡག་པོ་ཞིག་བསྲུང་རྒྱུ་དེ་དཔེ་གལ་ཆེན་པོ་ཞིག་རེད། 

       ཐམས་ཅད་གཅིག་གིས་གཅིག་ལ་སེམས་པའི་ནང་ལ་སྐབས་རེ་ཡང་ཅུང་ཟད་དེ་འདྲ་ཡོད་པ་ཡིན་ན་ཡང་། ལམ་སེང་སོ་སོས་བཤགས་སྡོམ་བྱེད་རྒྱུ་དེ་ཚོ་གནད་དགག་ཆེན་པོ་ཞིག་རེད་བསམ་པའི་བསམ་བློ་ཞིག་འཁོར་གྱི་འདུག གཙོ་བོ་ཆེ་ཤོས་ནི་ང་ཚོའི་ཕྱག་ཆེན་ལྔ་ལྡན་དང་ཆོས་དྲུག་དེ་ཚོ་ཉམས་ལེན་གནང་རྒྱུ་ལས་ལྷག་པའི་དམིགས་བསལ་ང་ལ་ཞུ་རྒྱུ་གང་ཡང་ཡོད་མ་རེད། ང་རང་གི་མི་ཚེའི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། དྲན་པ་དང་ཤེས་བཞིན་དེ་དཔེ་མི་སྲིད་ཀྱི་གལ་ཆེན་པོ་རེད་བཞག་བསམ་པ་ཞིག་ག་དུས་ཡིན་ནའི་བསམ་གྱི་འདུག རྣམ་པ་ཚོས་གཙོ་བོ་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཆོས་གྲོགས་ལྷན་རྒྱས་ཐམས་ཅད་ད་རེས་སྐུ་ལས་ཁག་པོ་བྱུང་ཡོད་རེད། ཉིན་མ་ཁ་ཤས་ངལ་གསོ་འདྲ་བོ་ག་རེ་གནང་གི་ཡིན་ན་ཡང་གནང་། ཕར་ཐུགས་ལྷོད་ལྷོད་བྱ། གཙོ་ཆེ་ཤོས་དེ་རིང་ཁ་སང་ང་ཚོས་ནད་ཡམས་ཀྱི་གནས་ཚུལ་ཞིག་ཡོད་རེད། དེ་འདྲ་ཡིན་དུས། ཡང་ཕར་ཚུར་ཕེབས་དུས་ཞལ་ཁེབས་སྐྱོན་རྒྱུ་ལ་སོགས་པ་དང་འཕྲོད་བསྟེན་ལ་དམ་པོ་གནང་རྒྱུ་འདི་གལ་ཆེན་པོ་རེད་བསམ་གྱི་འདུག ཅིའི་ཕྱིར་ཞེ་ན། 

      རྗེ་བཙུན་མི་ལ་རས་པས། དྭགས་པོ་ལྷ་རྗེ་ལ་དེ་འདྲ་ཞིག་གསུངས་ཡོད་རེད་། 

གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། །

རྟོག་པ་ཤིན་ཏུ་ཆུང་བར་བྱ།། 

          འདི་གསུངས་དུས་ག་རེ་གསུངས་ཀྱི་ཡོད་རེད་ཟེར་ན། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ་ཟེར་དུས། གཙང་སྦྲ་ཡག་པོ་བྱེད་དགོས་རེད་གསུང་པ་རེད། འདི་ཡིས་ཐོག་ནས་ག་རེ་གསུངས་ཀྱི་ཡོད་རེད་ཟེར་ན། ཀུན་རྫོབ་རྟེན་འབྲེལ་ཀྱི་གནས་ལུགས་དེ་དང་རྟེན་འབྲེལ་ཆོས་ཉིད་དེ་ལ་ག་རེ་ཡིན་ནའང་དོ་སྣང་སྤྲོད་དགོས་རེད། ཡིན་ན་ཡང་། ང་ཚོ་སེམས་ཀྱི་ནང་ནས་རྣམ་རྟོག་ཞེ་དྲག་བྱེད་རྒྱུ་ཡོད་མ་རེད། སེམས་ཀྱི་ནང་ནས་རྣམ་རྟོག་མེད་པ་ཡིན་ན་སྤྱོད་ལམ་གྱི་ཐོག་ནས་ག་རེ་བྱེད་དགོས་ཀྱི་ཡོད་ནའི་བྱེད་རྒྱུ་འདི་རྟེན་འབྲེལ་གྱི་གནད་འགག་ཅིག་རེད། དེ་འདྲ་ཡིན་དུས། ང་ཚོ་མཚམས་པ་ཡིན། ང་ཚོ་ལ་རེ་དོགས་མེད། དགག་སྒྲུབ་མེད། ཞེ་དྲག་གི་ཡིན་མདོག་མདོག་བྱེད་གང་བྱུང་མ་བྱུང་བྱས་པ་ཡིན་ན་དེ་ཏོག་ཙམ་ཁག་པོ་ཡོད་རེད། ཅིའི་ཕྱིར་ཞེ་ན། རྟེན་འབྲེལ་ཟེར་མཁན་དེ་སུས་ཀྱང་ལྡོག་ཐུབ་རྒྱུ་ཡོད་མ་རེད། དེའི་ཕྱིར་ཕན་པའི་རྟེན་འབྲེལ་དེ་དག་ང་ཚོས་ལག་ལེན་ལྟར་དགོས་ཀྱི་ཡོད་རེད། དེ་ལ་ག་རེ་ཡིན་ནའང་གང་ཐུབ་བྱས་ནས་ང་ཚོ་མི་མཐུན་པའི་རྟེན་འབྲེལ་ཟེར་ནའང་མི་འདུག དེ་དག་ཕར་བསལ་རྒྱུར་འབད་བརྩོན་གནང་དགོས་ཀྱི་ཡོད་རེད། དེར་བརྟེན་ཐམས་ཅད་ཀྱི་ཕྱི་ལ་ཕེབས་པ་ཡིན་ན་ཡང་གཙང་སྦྲ་འཕྲོད་བསྟེན་དེའི་ཐོག་ལ་དོ་སྣང་གནང་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ད་ལྟ་ཕན་ཆད་འདིར་ང་ཚོ་བླ་མ་མཆོག་གསུམ་གྱིས་ཐུགས་རྗེའི་བཀའ་དྲིན་གྱི་སྒྲུབ་སྡེའི་ནང་དུ་དེ་འདྲའི་ནད་ཡམས་གང་ཡང་མ་བྱུང་བ་རེད། ང་ཚོ་ཐམས་ཅད་སྐུ་གཟུགས་བདེ་ཐང་བྱུང་། ཐུགས་ལྷོད་ལྷོད་ཐོག་ནས་སོ་སོའི་ཉམས་ལེན་གནང་རྒྱུའི་གོ་སྐབས་འདི་ཧ་ཅང་སྐལ་པ་བཟང་པོ་ཞིག་རེད་བསམ་གྱི་འདུག དེའི་ཕྱིར་ཐམས་ཅད་ཀྱི་འཕྲོད་བསྟེན་ཐོག་ལ་གཟབ་གཟབ་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་བཞིན་ཐམས་ཅད་མདོར་ནས་བཤད་པ་ཡིན་ན། ཐུགས་མཐུན་ཁྲིམས་གཙང་ཟེར་རྒྱུ་འདི་གལ་ཆེན་པོ་ཞེ་དྲག་རེད། ཐམས་ཅད་ཐུགས་མཐུན་པོ་དགོས་ཀྱི་ཡོད་རེད། ཐུགས་མཐུན་ཁྲིམས་གཙང་བྱུང་ན། 

དགེ་འདུན་མཐུན་པ་བདེ་བ་ཡིན། 

          གསུངས་པ་རེད། ང་ཚོ་སྒྲུབ་གྲྭ་བ་ཞིག་ལ་ཡིན་ན་ཡང་ཐམས་ཅད་མཐུན་པོ་དང་། ཐམས་ཅད་ཐུགས་གཤིན་པོ་བྱུང་ན་དཔེ་མི་སྲིད་པའི་སྤྲོ་བོ་ཡག་པོ་ཡོང་གི་ཡོད་རེད། ཆོས་ཀྱི་ཐོག་ལ་ཉམས་ལེན་ག་རེ་བྱས་པ་ཡིན་ནའང་བར་ཆད་མེད་པ་ཇི་བཞིན་དུ་སྒྲུབ་པ་དེ་འདྲ་ཡག་པོ་ཡོང་གི་རེད། དེ་རིང་འདིར་ངས་མང་པོ་ཞུ་རྒྱུ་གང་ཡང་མི་འདུག གཙོ་གལ་ཆེ་ཤོས་ནི་ཆོས་གྲོགས་ལྷན་རྒྱས་ད་རེས་རྣམ་པ་ཚོ་སྐུ་ལས་ཁག་ཡོད་ཀྱི་རེད། དེའང་བསྟན་པ་སེམས་ཅན་ལ་དགོངས་བཞེས་གནང་ནས་སྦྱིན་སྲེག་གནང་ཐུབ་པ་དེ་ཚོ་དཔེ་ཡག་པོ་རེད། དེ་ཡིན་དུས། རྗེས་སུ་ཡི་རང་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་འདྲ་ཡིན། ཆོས་གྲོགས་ལྷན་རྒྱས་ཐམས་ཅད་སྐད་ཆ་མང་པོ་ཞུ་རྒྱུ་གང་ཡང་ཡོད་མ་རེད། སྤྱིར་བཏང་ནས་སོ་སོའི་མཚམས་རེ་ཚར་ནས་ཁྲིད་ཁ་དེ་འདྲ་ལ་ཕེབས་ཀྱི་ཡོད་རེད། དེའི་སྐབས་ལ་ཞུ་པ་དེ་ལས་ལྷག་པ་ཞིག་ཞུ་རྒྱུ་གང་ཡང་ཡོད་མ་རེད། དེ་འདྲ་ཡིན་དུས་ཐམས་ཅད་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།།

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章