འབྲུག་རྒྱལ་པོའི་དབུ་ཞྭ་བྱ་རོག་གདོང་ཅན།

文摘   文化   2024-10-27 17:33   青海  

དབུ་ཞྭ་བྱ་རོག་གདོང་ཅན།

འབྲུག་རྒྱལ་པོའི་དབུ་ཞྭ་བྱ་རོག་གདོང་ཅན།


        དབུ་ཞྭ་བྱ་རོག་གདོང་ཅན་འདི། འབྲུག་བརྒྱུད་འཛིན་པའི་རྒྱལ་པོ་རིམ་བྱོན་ཚོའི་རྒྱལ་ཞྭ་ཡིན། དེ་ཡང་འབྲུག་བརྒྱུད་འཛིན་པའི་རྒྱལ་པོ་དང་པོ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གི་ཡབ། མི་རྗེ་འཇིགས་མེད་རྣམ་རྒྱལ་གྱིས་སྲོལ་བཏོད་གནང་བ་ཡིན། སྤྱིར་བཏང་བྱ་རོག་གི་སྤུ་མདོག་གནག་པོ་ཡིན་རུང་དབུ་ཞྭ་འདིའི་མདོག་ལྗང་གནག་ཡིན་པ་འདི། རང་བྱུང་ལྗོང་ཤིང་དང་སྔོ་ཚལ་སོགས་འཛིན་པའི་ནོར་གྱིས་ཕྱུག་པའི་འབྲུག་རྒྱལ་ཁབ་འདི་དཔལ་ཡེ་ཤེས་མགོན་པོའི་གདུལ་ཞིང་ཐུན་མོང་མ་ཡིན་པ། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆོས་རྒྱལ་རིམ་བྱོན་གྱིས་སྐྱོང་བའི་བརྡ་ཡིན།

      དབུ་ཞྭ་ལ་སྤྱན་གསུམ་པ་དེ། དད་པ་དང་དམ་ཚིག་ལྡན་པའི་མི་རྣམས་ཡི་ཤེས་པའི་ལྷ་ཡིས། ཉིན་མཚན་དུས་དྲུག་གཡེལ་བ་མེད་པར་གཟིགས་ཏེ་སྲུང་སྐྱོབ་གནང་བ་བཞིན་དུ། འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་ཚོས་དུས་རྒྱུན་དུ་འབངས་ཀྱི་མི་སེར་ཚོ་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གཟིགས་པའི་བརྡ་ཡིན།

       དབུ་ཞྭའི་ཐོག་བྱ་ཁྱུང་གི་པར་རིས་ཡོད་པ་འདི་སངས་རྒྱས་ཀྱི་ཐུགས་ཀྱི་སྤྲུལ་པ་བྱ་ཁྱུང་གིས་ཀླུ་གདུག་པ་ཅན་དེ་ཚོ་བཏུལ་ཏེ་འཇིག་རྟེན་ཁམས་བདེ་བར་བཀོད་པ་བཞིན་དུ། འབྲུག་རྒྱལ་པོ་རིམ་བྱོན་ཚོས་འབངས་མི་སེར་ཚོ་ཞི་རྒྱས་དབང་དྲག་གི་འཕྲིན་ལས་བཞིའི་སྒོ་ནས་བདེ་བར་སྐྱོང་བའི་བརྡ་ཡིན།

     བྱ་རོག་གི་མགོའི་ཏོག་ལ་གཙུག་ཕུད་མེ་འབར་དང་ཉི་ཟླའི་གསེར་གྱི་ཏོག་ཡོད་པ་དེས། འབྲུག་རྒྱལ་པོ་རིམ་བྱོན་གྱིས་ཆོས་སྲིད་ལུགས་གཉིས་ཀྱི་དཔལ་བཟང་པོ་ཉི་ཟླའི་སྣང་བ་བཞིན་དུ་ཕྱོགས་མཐར་སྤེལ་བའི་བརྡ་དང་། ཡང་ན་འབྲུག་རྒྱལ་ཁབ་ནང་ན། བཀའ་རྙིང་ཟུང་འབྲེལ་གྱི་བསྟན་པ་སྐྱོང་བའི་བརྡ་ཡིན།

     གསེར་གྱི་ཏོག་ཡོད་པ་ནི། ལེགས་ཚོགས་དཔལ་ཕུན་སུམ་ཚོགས་པ་གང་ལས་འབྱུང་བའི་གཞི་སངས་རྒྱས་ཀྱི་བསྟན་པ་གཅིག་ལ་རག་ལུས་པ་བཞུན་དུ། འབྲུག་རྒྱལ་ཁབ་འདིའི་འབངས་མི་སེར་ཚོའི་སྐྱིད་སྡུག་འབྲུག་རྒྱལ་པོ་གཅིག་ཉིད་ལ་གཏད་པའི་བརྡ་དང་། རྒྱལ་བརྒྱུད་འཛིན་པའི་རིང་ལུགས་འདི་གོང་དུ་བཀུར་ཏེ་འགྱུར་བ་མེད་པར་བརྟན་པའི་བརྡ་ཡིན།

        དབུ་ཞྭའི་བྱ་རོག་ཁ་གདངས་ཏེ་ཡོད་པ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོའི་སྡོང་གྲོགས་ལ་བརྟེན་ནས་རང་དབང་གྱི་རྒྱལ་ཁབ་འདིའི་གཏན་སྙན་གྲགས་དང་འབངས་མི་སེར་གྱི་བདེ་ཐབས་ཁོ་ན་ལ་བརྩོན་པར་ཐུགས་བཞེད་གནང་མཁན་འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་རིམ་བྱོན་ཚོའི་མཚན་བཟང་པོའི་སྙན་གྲགས་དེ་འཛམ་གླིང་ཡོངས་ལ་ཁྱབ་པའི་བརྡོ་མཚོན་པ་ཡིན་ནོ། 

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章