【ལམ་སྟོན་བཀའ་སློབ】ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར།

文摘   文化   2024-11-12 21:04   青海  

【ལམ་སྟོན་བཀའ་སློབ།】


ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར།

        དྲི་བ། དེང་སང་འགའ་ཞིག་གིས་གང་སར་ཐེག་པ་ཆེན་པོའི་ཆོས་དེ་ནང་ཆོས་མིན་པ་དང་། གལ་ཏེ་ནང་ཆོས་ཡང་དག་པ་ཡིན་ན་ཐེག་པ་དམན་པའི་ཆོས་དེ་ནང་ཆོས་ངོ་མ་དེ་ཡིན་ཞེས་རྗོད་ཀྱི་འདུག །ཐེག་པ་ཆེ་ཆུང་གི་ནང་ཆོས་ངོ་མ་ཞེས་པ་ཇི་ལྟར་དབྱེ་བ་འབྱེད་དགོས།

         བཀའ་ལན། ཁ་སང་ཞུས་པ་བཞིན་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་དེ་ཡོངས་གྲགས་ཀྱི་སྒོ་ནས་གསུངས་པས་ལོ་རྒྱུས་ཀྱི་ནང་དུ་འཁོད་ཡོད་ཅིང་། དེ་པཱ་ལིའི་གཞུང་ཡིན། དེའི་རྗེས་སུ་འཁོར་ལོ་བར་པ་ལེགས་སྦྱར་གྱི་ཆོས་སྐོར་རམ་གཞུང་བྱུང་བ་རེད། དེ་ཡོངས་གྲགས་བྱས་ཏེ་མ་གསུངས་པས་སྐབས་དེ་དུས་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་ཞེས་རྗོད་མཁན་བྱུང་བར་བརྟེན། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བར་ཐེག་ཆེན་བཀའ་སྒྲུབ་གསུངས་ཡོད། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་པར་འདོད་མཁན་བྱུང་སྟབས་ཀླུ་སྒྲུབ་ཀྱི་གཞུང་དུ་ཐེག་ཆེན་བཀའ་སྒྲུབ་གསུངས་ཤིང་། བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལེའུ་དང་པོ་དེ་ཡང་ཐེག་ཆེན་བཀའ་སྒྲུབ་ཀྱི་གཞུང་ཡིན། དེ་དང་མཚུངས་པར་ཞི་བ་ལྷའི་སྤྱོད་འཇུག་ཏུའང་ཐེག་ཆེན་བཀའ་སྒྲུབ་ཅུང་ཟད་ཅིག་གསུངས་ཡོད་ལ། དབུ་མ་སྙིང་པོ་དང་རང་འགྲེལ་རྟོག་གེ་འབར་བའི་ནང་དུའང་ཐེག་ཆེན་བཀའ་སྒྲུབ་གསུངས་ཡོད། སྐབས་དེ་དུས་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་ཞེས་གསུང་མཁན་ཡོད།

       ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་གསུངས་པའི་རྒྱུ་མཚན་གཅིག་ནི། སྔགས་དར་སྲོལ་ཆེན་པོ་བྱུང་བ་དེ་ཡིན་ལ། རྒྱ་གར་ནང་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྐྱེན་གཅིག་སྔགས་དར་སྲོལ་ཆེན་པོ་བྱུང་ནས་སྤྱོད་པ་འཆལ་བ་དེར་ཐུག་ཡོད། ཁ་སང་ཟུང་འཇུག་གི་སྐོར་བཤད་པ་ལྟར་ཡིན། གྲྭ་པ་ལོག་པ་དེ་དག་རྟོགས་པ་མཐོ་བ་འདུག་གམ། གསུངས་ཏེ་བཞད། ཁ་སང་ཁྱེད་ཚོས་ཟུང་འཇུག་དང་ཟུང་འཇུག་ཅེས་བཤད་པ་ཕོ་མོ་ཟུང་འཇུག་གི་ཐོག་ནས་བཤད་ན་གྲྭ་པ་ལོག་པ་དེ་དག་གཞན་ལ་ལྟོས་ཏེ་རྟོགས་པ་ཧ་ཅང་མཐོ་བ་ཡོད་དགོས་ཀྱང་དེ་ལྟར་མེད། དེས་ན་སྔགས་ཀྱི་ཆོ་ག་ཚད་ལྡན་ཞིག་མ་བྱུང་བར་དེ་འདྲ་དེ་འདྲ་ཞིག་གི་ངང་ལ་ཕྱིན་ན། གུང་ཐང་རིན་པོ་ཆེས། གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་དང་། །ཚེ་དང་ནོར་སྒྲུབ་དབང་སྡུད་མངོན་སྤྱོད་སོགས། །ཚེ་འདིའི་ཆ་ལག་ཁོ་ནར་འཁྱེར་བ་ནི། །ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས། །ཆོས་ཀྱིས་ངན་སོང་སྒྲུབ་པར་མ་བྱེད་ཨང་། །གསུངས་པ་ཤིན་ཏུ་བདེན་པ་ཡིན།

         མདོ་བཀླགས་ནས་ཚེ་རིང་དུ་འགྲོ་བ་དང་མདོ་བཀླགས་ནས་རྒྱུ་ཕྱུག་ཏུ་འགྲོ་བར་མི་ཤོད་ཀྱང་། རང་རེ་མང་པོ་ཞིག་གིས་ཞབས་བརྟན་བསྒྲུབ་པའི་ཆེད་སྔགས་ཀྱི་ཆོ་ག་འདོན་པ་དང་། རྒྱལ་ཆེན་རྣམ་སྲས་བསྒྲུབས་ན་དངུལ་མང་པོ་འབྱུང་ཟེར་བ་དང་། ཚེ་སྒྲུབ་བྱས་ན་ཚེ་རིང་པོ་འོང་བའི་སྐོར་སྔགས་ཀྱི་ཆོ་ག་ཁག་ཏུ་གསུངས་ཡོད། དེ་དག་ཀྱང་ཚེ་འདི་ཁོ་ནའི་ཆེད་དུ་དམིགས་པ་དང་། ད་དུང་ཚབས་ཆེ་ས་ནས་བཤད་ན་མངོན་སྤྱོད་ཀྱི་ལས་ཀྱིས་རང་གི་དགའ་ཉེ་རྣམས་ཀྱི་ཆེད་ཚེ་སྒྲུབ་དང་ནོར་སྒྲུབ། དབང་སྡུད་སོགས་སྒྲུབ་པ་དང་། རང་གི་མི་དགའ་བའི་དགྲ་ལ་དྲག་པོའི་འཕྲིན་ལས་ཀྱི་སྒོ་ནས་མེད་པར་བཟོ་མི་ནུས་ཀྱང་མེད་པར་བཟོ་བའི་དམིགས་པ་བྱས་ཏེ་འགྲོ་བཞིན་ཡོད།

       གང་ལྟར་གསང་སྔགས་ཀྱི་ཆོས་དེ་རྨང་གཞི་ཡག་པོ་ཡོད་པའི་སྒོ་ནས་ཉམས་སུ་ལེན་པ་མ་བྱུང་ན་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན། ཤེས་སོང་ངམ། དེ་ལྟར་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྐྱེན་གཅིག་གསང་སྔགས་དར་སོ་ཆེན་པོ་བྱུང་བ་དེ་ཡིན། དེ་བཞིན་དུ་དགེ་འདུན་པ་རྣམས་ཀྱིས་ཀྱང་རྒྱུ་ལ་དང་དོད་བྱས་པའི་དབང་གིས་རྒྱ་གར་བ་སྤྱི་ཡོངས་ཀྱི་མོས་གུས་བརླགས་ཤིང་། དེའི་ཐོག་རྒྱ་གར་གྱི་རྒྱལ་པོ་དང་སྤྱི་ཚོགས་ནང་གི་གནད་ཡོད་ཁག་མུ་སྟེགས་པའི་ཆོས་ལ་ཞུགས་པ་སོགས། དེ་ལྟ་བུའི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱ་གར་ནང་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་སྐོར་བཤད་པ་སྔར་ངོས་ཀྱིས་དེབ་ཅིག་གི་ནང་མཐོང་མྱོང་། དེ་ལྟར་བཤད་ཀྱི་འདུག །

        གང་ལྟར་གསང་སྔགས་ཀྱི་སྤྱོད་པ་འཆལ་སྤྱོད་ལ་ཕྱིན་ན་ཉེན་ཁ་ཆེན་པོ་ཡིན།གསང་སྔགས་ཀྱི་ཆོས་ཉམས་ལེན་བྱས་པའི་ཕན་ཡོན་དང་གསང་སྔགས་འཆལ་སྤྱོད་ལ་ཕྱིན་པའི་སྐྱོན་གཉིས་པོ་གཏན་ནས་ར་ཐུག་གི་མ་རེད། དེ་ལྟ་བུའི་སྒོ་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་ཞེས་རྗོད་མཁན་ཡོང་གི་ཡོད། ཕལ་ཆེར་ལོ་ངོ་གསུམ་བཞི་ཞིག་གི་གོང་ལ་ཡིན། པཱ་ལིའི་ཆོས་པ་ཚོ་ཁག་ཅིག་དང་ཐུག་ནས་ཕན་ཚུན་སྐད་ཆ་བྱུང་། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་གྱི་ལམ་གྱི་སྐོར་གོ་བསྡུར་བྱས་པ་ཡིན་ལ་དེའིེ་སྐོར་ངེད་ཚོ་ཚང་མ་འདོད་ཚུལ་གཅིག་གྱུར་རེད།

              སྐབས་དེར་ངོས་ཀྱིས། མི་རྟག་སོགས་བཅུ་དྲུག་གསུང་བའི་ཚེ་ལུང་ཙམ་ལ་བརྟེན་གྱི་ཡོད་དམ་རིགས་པས་སྒྲུབ་ཀྱི་ཡོད་ཅེས་བཀའ་འདྲི་ཞུས་པར། ལུང་ཙམ་ལ་བརྟེན་ནས་འཆད་ཀྱི་ཡོད་ཅེས་གསུངས་སོང་། ཚད་མ་རྣམ་འགྲེལ་ལྟ་བུར་མཚོན་ན་ལེགས་སྦྱར་སྐད་དུ་བཞུགས་པའི་ཐེག་ཆེན་གྱི་གཞུང་ཡིན། ཚད་མ་རྣམ་འགྲེལ་ལེའུ་གཉིས་པར་ལེགས་པར་བལྟས་ན། དཔེར་ན། དེ་ནི་གཏན་དུ་བ་མིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །ཞེས་སོགས་གསུངས་ཏེ་བདེན་བཞི་མི་རྟག་སོགས་བཅུ་དྲུག་རིགས་པས་བསྒྲུབས་ཏེ་གསུངས་ཡོད། སངས་རྒྱས་ཀྱི་ཆོས་ལས་དེང་སང་གི་དུས་འདིར་རིགས་པའི་ལམ་ནས་ངེས་པ་འདྲེན་རྒྱུ་ཡོད་པ་ནི་ཕལ་ཆེར་ལེགས་སྦྱར་གྱི་གཞུང་རྣམས་གཙོ་བོ་ཡིན། བོད་དུ་རྒྱན་དྲུག་མཆོག་གཉིས་ཞེས་པའི་བརྩི་སྲོལ་ཞིག་སྔ་མོ་ནས་ཡོད། འོན་ཀྱང་ངོས་ཀྱིས་དེ་ཙམ་གྱིས་འདང་གི་མེད་པར་མཐོང་གི་འདུག །རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་ལེགས་ལྡན་སོགས་མེད་པར་བརྟེན། རྒྱན་དྲུག་མཆོག་གཉིས་ཀྱི་སྟེང་དེ་དག་སྣོན་པ་བརྒྱབ་ནས་པཎ་གྲུབ་བཅུ་བདུན་ཞེས་པའི་གྲངས་འདྲེན་བརྩི་ སྲོལ་ཞིག་བཟོས་པ་ཡིན།

            པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་ཕྱོགས་བསྒྲིགས་བྱས་པ་ཞིག་རིམ་པས་ཐོན་ཡོང་གི་རེད། དེ་དག་ལ་བལྟས་ན་སངས་རྒྱས་ཀྱི་བཀའ་རྣམས་རིགས་པ་དང་ལྡན་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་བརྒྱག་རྒྱུ་ཡོད་པར་མཐོང་ཐུབ་ལ། དེ་ཡང་གཙོ་བོ་ལེགས་སྦྱར་གྱི་ཆོས་བརྒྱུད་ཀྱི་ཐོག་ནས་ཡོང་དགོས། ཐེག་ཆེན་དང་ཐེག་དམན་ཞེས་པའི་མིང་དེར་ངོས་དགའ་པོ་མེད། མིང་དེས་རྙོག་གྲ་བཟོ་བཞིན་ཡོད། ཐེག་ཆེན་པ་རྣམས་ཀྱིས། འོ་འདི་ཐེག་དམན་པ་རེད། ཅེས་མར་དམའ་ས་ལྟ་བུར་བརྩིས་ཏེ་དམའ་འཇོག་བྱེད་པ་དང་། ཐེག་དམན་པ་རྣམས་ཀྱིས་ཀྱང་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་པ་དེར་དགོས་པ་གང་ཡང་མེད། གང་ལྟར་པཱ་ལིའི་གཞུང་ནི་སངས་རྒྱས་ཀྱི་ཆོས་ཀྱི་རྨང་གཞིར་གྱུར་ཡོད། ཁ་སང་ངོས་ཀྱིས་བཤད་ཟིན་པ་ལྟར། བདེན་བཞིའི་མི་རྟག་སོགས་བཅུ་དྲུག་དང་བྱང་ཕྱོགས་སོ་བདུན་སོགས་སངས་རྒྱས་ཀྱི་ཆོས་ཀྱི་རྨང་གཞི་ཡིན་ཞིང་། དེའི་སྟེང་དུ་སྣོན་པ་བརྒྱབ་ནས་མུ་མཐུད་ནས་ཡར་རྒྱས་གོང་འཕེལ་གཏོང་བ་ལ་ལེགས་སྦྱར་གྱི་ཆོས་བརྒྱུད་དུ་གཏོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་དུ་སྟོང་ཉིད་ཀྱི་ལྟ་བ་དང་ས་བཅུ་དང་ཕྱིན་དྲུག་གི་ཉམས་ལེན་སོགས་ཤིན་ཏུ་རྒྱས་པར་གསུངས་ཡོད། པཱ་ལིའི་གཞུང་ནས་གསུངས་པའི་རྨང་གཞི་རྣམས་མེད་པར་དེ་དག་མི་འོང་།

           དེང་སང་གི་ཤོད་ཚུལ་ལྟར་བྱས་ན་ཕལ་ཆེར་འཕེལ་འགྱུར་རིག་པའི་Evolution འདོད་ཚུལ་ལྟར་ཡར་རྒྱས་ཕྱིན་པ་ཞིག་ཡིན། འོན་ཀྱང་འདི་དག་ཐོག་མར་སངས་རྒྱས་ཀྱིས་གསུངས་པ་ཞིག་ཡིན་པ་ལས་ཕྱིས་སུ་གསར་དུ་བྱུང་བ་མིན། མགོན་པོ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པའི་ནང་ལུང་མང་པོ་དྲངས་ཡོད་ལ། ཞི་བ་ལྷའི་བསླབ་བཏུས་སུ་ཡང་ལུང་མང་པོ་དྲངས་ཡོད་པས་དེ་དག་ཀྱང་ཐེག་ཆེན་བཀའ་སྒྲུབ་ཀྱི་གཞུང་ཡིན། ངོས་ལྟ་བུར་མཚོན་ན། གལ་ཏེ་ཐེག་པ་ཆེན་པོའི་གཞུང་རྣམས་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་དགོས་བྱུང་ན། སངས་རྒྱས་བཅོམ་ལྡན་འདས་ལས་ཀྱང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཁས་པ་ཡིན་ཞེས་བརྗོད་ས་རེད། གསུངས་ཏེ་བཞད། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ལས་ཀྱང་ལྷག་པ་དེ་འདྲ་བྱུང་ཡོད་ཅེས་བརྗོད་རྒྱུ་མི་བདེ། མདོར་ན། ཡོངས་གྲགས་ཀྱི་ལོ་རྒྱུས་ཡིག་ཆའི་ནང་དུ་འཁོད་མ་འཁོད་ཙམ་ལས་བཅོམ་ལྡན་འདས་ཀྱིས་མ་གསུངས་པ་ཞིག་མིན།

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章