མིའི་ཕུང་པོ། སྟག་ཚ་ལེགས་པ་རྒྱ་མཚོས་དབྱིན་བསྒྱུར་བྱས།

文摘   文化   2024-10-18 09:00   青海  

༈ མིའི་ཕུང་པོ། 


སྟག་ཚ་ལེགས་པ་རྒྱ་མཚོས་དབྱིན་བསྒྱུར་བྱས།


 

      ཁྱོད་ཀྱི་གཟུགས་ཕུང་ནི་ཡ་མཚན་པོ་ཞིག་ཡིན། མིའི་གཟུགས་ཕུང་ནང་ཡོད་པའི་རུས་པའི་རིགས་ཉིས་བརྒྱ་ལྷག་དང་ཤ་གནད་རིགས་དྲུག་བརྒྱ་ལྷག་ཡོད་པ་དེ་དག་ཁྱོད་ཀྱིས་ཤེས་སམ། ཀླད་པའི་བརྡ་ལེན་འཁྱེར་བའི་དབང་རྩ་དེ་དག་གིས་ཤ་གནད་རྣམས་མཉམ་ལས་བྱེད་པའི་ལས་ལ་བསྐོས་ཡོད། དེར་བརྟེན་ཁྱོད་རང་ཡར་ལངས་ཐུབ་པ་དང་ཉེ་འཁོར་དུ་འགུལ་བསྐྱོད་བྱེད་ཐུབ་ཀྱི་ཡོད། ཁྱོད་ཀྱི་ཁྲག་རྩ་དེ་དག་བསྣར་ན་གོ་ལའི་མཐའ་འཁོར་ལ་དཀྲི་སྐོར་ཅིག་རྒྱག་ཐུབ། ཁྲག་གི་ཕྲ་ཕུང་དཀར་པོ་ནི་སྒོ་འགྲམ་དུ་ལངས་པའི་བྱ་ར་བ་ཞིག་དང་འདྲ་བར་བཙན་འཛུལ་བའི་འཇབ་རྒོལ་ལ་སྒུག་བཞིན་ཡོད། ཁྱོད་ཀྱི་སྙིང་དང་གློ་བ་ཕོ་བ་ལ་སོགས་པའི་དབང་པོ་རྣམས་ཀྱིས་ཁྱོད་ཀྱི་མི་ཚེ་ཧྲིལ་པོའི་ནང་ཉིན་རེའི་ཆུ་ཚོད་ཉེར་བཞིའི་རིང་ལས་ལ་ཞུགས་ཡོད། འདིར་ཁྱོད་ཀྱིས་བགྲང་ཐུབ་པའི་ནང་གི་ཆ་ཤས་ཧ་ཅང་མང་པོ་ཞིག་ཡོད། ཡིན་ནའང་དེ་དག་གི་མཉམ་ལས་ལ་བརྟེན་ནས་ཁྱོད་རང་གསོན་པོར་འཚོ་ཐུབ་པ་ཡིན། འཕྲུལ་ཆས་རིགས་དེ་དག་ཀྱང་ཁྱོད་ཀྱི་གཟུགས་ཕུང་འདྲ་བའི་མགོ་རྙོག་པོ་ཞིག་མིན། ཁྱོད་ཀྱི་གཟུགས་པོའི་ཆ་ཤས་མང་པོ་ཞིག་མ་ལག་མི་འདྲ་བ་མང་པོའི་ནང་མཉམ་སྦྲེལ་བྱས་ཡོད། མ་ལག་མི་འདྲ་བ་སོ་སོར་གཟུགས་པོའི་ནང་བྱེད་ལས་མི་འདྲ་བ་ཡོད། མ་ལག་མང་པོའི་མཉམ་ལས་ལ་བརྟེན་ནས་ཁྱོད་ཀྱི་གཟུགས་ཕུང་བདེ་ཐང་ངང་གསོན་པོར་གནས་ཡོད།

རུས་པ་དང་ཤ་གནད།

       ཁྱོད་ཀྱི་ཕུང་པོའི་ནང་གི་ཤ་གནད་དང་རུས་པ་དེ་དག་གིས་ཁྱོད་རང་ཡར་མར་ལ་གཡོ་འགུལ་བྱེད་བཅུག་གི་ཡོད། ལྷུ་ཚིགས་ཞེས་པའི་འཆིང་ཐག་མཁྲེགས་པོ་དེ་དག་གིས་རུས་པ་རྣམས་ཕན་ཚུན་དམ་པོར་སྦྲེལ་ཡོད། མཐུད་མཚམས་དེ་དག་ལ་ཚིགས་ཟེར་གྱི་ཡོད། ཚིགས་ཁ་ཤས་གཡོ་འགུལ་ཆེན་པོ་བྱེད་ཐུབ་ཁྱོད་ཀྱི་ཕྲག་ཚིགས་ལ་བརྟེན་པའི་དཔུང་པ་དེ་ཟླུམ་སྐོར་བྱེད་ཐུབ། ཁྱོད་ཀྱི་པུས་མོའི་ཚིགས་ལ་བརྟེན་པའི་རྐང་བའི་ངར་གདོང་དེ་རྒྱབ་ཕྱོགས་སུ་མ་གཏོགས་གཡོ་འགུལ་བྱེད་མི་ཐུབ། ཁྱོད་ཀྱི་ཀ་པ་ལིའི་ནང་གི་རུས་པ་ལ་ཡོད་པའི་དམིགས་བསལ་ལྷུ་ཚིགས་དེ་དག་ནམ་ཡང་གཡོ་འགུལ་བྱེད་མི་ཐུབ། རུས་པ་འབྲེལ་བའི་ཤ་གནད་དེ་དག་གིས་རུས་པ་རྣམས་འཐེན་དེ་ཁྱོད་ཀྱི་གཟུགས་ཕུང་ལ་གཡོ་འགུལ་བྱེད་བཅུག་གི་ཡོད། ཤ་གནད་དེ་དག་གཡོ་འགུལ་བྱེད་དུ་བཅུག་པའི་བཀའ་ཁྱབ་དེ་ཁྱོད་ཀྱི་ཀླད་པ་དང་དབང་རྩ་རྣམས་ལས་འབྱོར་བ་ཡིན།

དབང་རྩའི་མ་ལག

    དབང་རྩའི་མ་ལག་ཞེས་པ་ནི་ཁྱོད་ཀྱི་ཀླད་པ་དང་དབང་རྩ་བརྟེན་ནས་གྲུབ་པ་ཡིན། ཀླད་པ་ནི་ཁྱོད་ཀྱི་གཟུགས་ཕུང་ནང་གི་བཀོད་འདོམས་ཀྱི་ལྟེ་གནས་ཆགས་ཡོད་ལ་ཀླད་པས་དབང་རྩ་བརྒྱུད་ནས་བརྡ་ལེན་གཏོང་གི་ཡོད། ཀླད་པ་ནས་འབྱོར་བའི་བརྡ་ལེན་ཁ་ཤས་ཀྱིས་ཁྱོད་ཀྱི་ཤ་གནད་དག་སྟངས་འཛིན་བྱེད་ཀྱི་ཡོད། ཁྱོད་རང་སྲང་ལམ་བརྒྱུད་ནས་འགྲོ་འདོད་ཡོད་པར་ཆ་འཇོག་དེའི་སྐབས་སུ་ཁྱོད་ཀྱི་ཀླད་པས་ཤ་གནད་དག་ལ་བརྡ་ལེན་བཏང་སྟེ་རྐང་པ་གཡོ་འགུལ་བྱེད་བཅུག་གི་ཡོད། ཁྱོད་ཀྱི་ཀླད་པས་དབང་རྩ་བརྒྱུད་ནས་ཕྱི་རུ་གཏོང་བའི་བརྡ་ལེན་ཁ་ཤས་ཀྱི་སྐོར་ལ་ངེས་པར་དུ་བསམ་བློ་གཏོང་མི་དགོས། ཁྱོད་རང་གཉིད་བཞིན་པའི་སྐབས་སུའང་དབང་རྩའི་མ་ལག་བརྒྱུད་ནས་སྙིད་འཕར་བ་དང་གློ་བར་དབུགས་གཏོང་ལེན་བྱེད་བཅུག་གི་ཡོད། དབང་རྩ་དག་གིས་ཀྱང་ཀླད་པ་ལ་ཕྱིར་བརྡ་ལེན་སྤྲད་ཀྱི་ཡོད། ཁྱོད་ཀྱི་མིག་གིས་ཅི་ཞིག་མཐོང་བ་དེ་དབང་རྩ་བརྒྱུད་ནས་ཀླད་པ་ལ་གཏོང་གི་ཡོད་ལ་ཁྱོད་རང་སྣ་རྡོ་ཤོར་ཏེ་རྐང་མཛུབ་རྨས་པའི་བརྡ་ལེན་དེ་ཡང་ཀླད་པ་ལ་སྤྲད་ཀྱི་ཡོད།

ཁྲག་གི་འཁོར་སྐྱོད་མ་ལ

    ཁྱོད་ཀྱི་ཁྲག་གི་འཁོར་སྐྱོད་མ་ལག་ནི་སྙིང་དང་ཁྲག་གི་རྩ་སྦུབས་དག་གིས་གྲུབ་ཡོད་ལ་ཁྲག་རྩ་དེ་དག་ནི་ཧ་ཅང་མཉེན་པའི་རྩའི་སྦུབས་སྟོང་ཞིག་ཡིན། ཁྱོད་ཀྱི་སྙིང་གིས་ཕུ་མདའ་བརྒྱབས་ཏེ་ཁྲག་རྩ་བརྒྱུད་ནས་གློ་བ་ལ་འཚོ་རླུང་ལེན་པའི་ཕྱིར་དང་གཟུགས་པོའི་ཆ་ཤས་ཡོངས་ལ་ཁྲག་མཁོ་གཏོང་བྱེད། སྙིང་ནས་གཟུགས་པོའི་ཕྱི་རུ་འཚོ་རླུང་ལྡན་པའི་ཁྲག་འཁྱེར་བའི་རྩ་སྦུབས་དེའི་མིང་ལ་འཕར་རྩ་ཟེར་ལ་གཟུགས་པོ་ནས་སྙིང་ལ་ཕྱིར་ཁྲག་འཁྱེར་བའི་རྩ་སྦུབས་དེ་ནི་སྡོད་རྩ་ཡིན། སྙིང་དང་ཐག་ཉེ་བའི་ཁྲག་རྩ་རྣམས་ནི་སྦོམ་པོ་ཡོད་ལ་སྙིང་དང་ཐག་རིང་བའི་ཁྲག་རྩ་རྣམས་ནི་ཕྲ་མོ་ཡོད། ཤིན་ཏུ་ཕྲ་བའི་ཁྲག་རྩ་དག་ལ་ཁྲག་རྩ་ཕྲ་མོ་ཟེར་ལ་ཁྲག་རྩ་ཕྲ་མོ་དེ་དག་ནི་ཁྱོད་ཀྱི་གཟུགས་པོའི་ཆ་ཤས་ཡོངས་ལ་གྱེས་ཡོད། ཁྲག་རྩ་ཕྲ་མོ་དེ་དག་གིས་ཁྱོད་ཀྱི་གཟུགས་པོ་ལ་མཁོ་བའི་འཚོ་རླུང་དང་འཚོ་བཅུད་དག་སྤྲད་ཀྱི་ཡོད་པ་མ་ཟད་སྙིགས་རོ་དག་ཕར་སྐྱེལ་གྱི་ཡོད།

ནད་འགོག་མ་ལག

         ཁྱོད་ཀྱི་ནད་འགོག་མ་ལག་ཅེས་པ་ནི་ནད་འབུའི་མཚོན་པའི་ན་ཚ་སློང་བྱེད་ཀྱི་རིགས་ལ་ཡ་ལན་ཐུབ་པའི་སྲུང་སྐྱོབ་བྱེད་པའི་མ་ལག་ཡིན། ནད་འགོག་མ་ལག་ནང་གི་ཁྲག་དཀར་ཕྲ་ཕུང་དང་དེ་མིན་རྫས་ཀྱི་གོ་མཚོན་དག་བྲེལ་འཚུབ་ངང་ནད་འབུ་དག་འཚོལ་ཞིང་འཇོམས་པའི་ལས་ལ་ཞུགས་ཡོད། ལྷག་པར་དུ་ཁྲག་དཀར་ཕྲ་ཕུང་དང་རྫས་ཀྱི་བྱ་ར་བར་འབོད་པའི་ནད་འགོག་ཕྲ་གཟུགས་དེ་དག་གིས་འགོག་སྲུང་བྱས་ཡོད། ནད་འགོག་ཕྲ་གཟུགས་དེ་དག་གིས་མཚམས་རེར་ནད་འབུ་དག་གློ་བུར་དུ་བཟུང་སྟེ་མངོན་གསལ་ངང་སྟོན་གྱི་ཡོད། ནད་འབུ་དག་ལ་ཐད་ཀར་རྒོལ་བའི་ཁྲག་དཀར་ཕྲ་ཕུང་དེ་དག་ལ(T)་ཊིའི་དབྱིབས་ཅན་ཀྱི་ཕྲ་ཕུང་ཞེས་ཟེར་གྱི་ཡོད། ཊིའི་དབྱིབས་ཅན་གྱི་ཕྲ་ཕུང་མང་པོ་ཉར་ཚགས་བྱེད་སའི་གཤེར་སྣོད་ཆུང་ངུ་དེའི་མིང་ལ་རྨེན་ཁུའི་ཚིགས་མདུད་ཟེར། རྨེན་ཁུའི་ཚིགས་མདུད་དེ་ཁྱོད་ཀྱི་མཇིང་པ་དང་དེ་མིན་གྱི་གནས་གཞན་ལའང་ཡོད་མཚམས་རེར་ཁྱོད་ཀྱི་གཟུགས་པོས་ནད་འབུ་དག་ཕྱིར་འབུད་གཏོང་སྐབས་གཤེར་རྨེན་དེ་དག་སྐྲང་གི་ཡོད། མི་ལ་ལས་དེ་ལ་སྐྲངས་པའི་རྨེན་བུ་ཞེས་འབོད་ཀྱི་ཡོད།

འབྱིན་རྔུབ་མ་ལག

      དབུགས་འབྱིན་རྔུབ་ནི་དབུགས་གཏོང་ལེན་ལ་ཟེར།ཁྱོད་ཀྱི་གློ་བ་དབུགས་གཏོང་ལེན་བྱེད་པའི་ལས་ལ་བཀོལ་གྱི་ཡོད་ལ་འཚོ་གནས་ལ་མཁོ་བའི་འཚོ་རླུང་ལྡན་པའི་རླུང་དེ་ཁྱོད་ཀྱི་གློ་བ་བརྒྱུད་ནས་རྔུབ་ཀྱི་ཡོད། དེ་བཞིན་དུ་གློ་བའི་ནང་གི་འཚོ་རླུང་མང་བའི་ཁྲག་དེ་གཟུགས་པོ་ཡོངས་ལ་འགྲེམས། གློ་བའི་ནང་ལ་ཕྱིར་སླེབས་པའི་ཁྲག་དེའི་ནང་དུ་ནག་རླུང་ཉིས་འགྱུར་ཟེར་བའི་སྙིགས་རོ་དེ་ཐོན་གྱི་ཡོད་ལ་གློ་བས་དབུགས་ཕྱིར་འབྱིན་པའི་སྐབས་དང་བསྟུན་ནས་སྙིགས་རོ་དེ་དག་ཕྱིར་འབུད་གཏོང་གི་ཡོད།

འཇུ་བྱེད་མ་ལག

     འཇུ་བྱེད་མ་ལག་ཟེར་བ་དེ་ཁྱོད་ཀྱི་གཟུགས་པོའི་ནང་བརྒྱུད་པའི་སྦུབས་ལམ་རིང་མོ་ཞིག་ཡིན་ལ་དེས་ཕོ་བའི་ནང་དུ་ཁ་ཟས་དུམ་བུར་བཟོ་བཞིན་ཡོད། དུམ་བུར་བཏང་བའི་ཟས་རྣམས་གཟུགས་པོའི་ནུས་ཤུགས་ཆེད་བཀོལ་གྱི་ཡོད། ཁྱོད་ཀྱིས་ཁའི་ནང་དུ་སོ་ལ་བརྟེན་ནས་མཆིལ་མ་དང་ལྷན་དུ་ཟས་རྣམས་ཞིབ་ཞིབ་བྱས་རྗེས་འཇུ་བྱེད་ཀྱི་ནུས་པ་ལྷག་པར་ཆེ་བའི་ཕོ་བའི་ནང་དུ་ཁྱུར་མིད་གཏོང་གི་ཡོད། ཟས་དེ་དག་ཕོ་བ་ནས་རྒྱུ་ཆུང་ནང་སླེབས་རྗེས་རྒྱུ་མའི་ནང་ཤ་བརྒྱུད་འཚོ་བཅུད་དག་ཁྲག་གི་ནང་དུ་གཏོང་གི་ཡོད། ཁྲག་གིས་འཚོ་བཅུད་དེ་དག་གཟུགས་པོའི་ཆ་ཤས་ཡོངས་ལ་འགྲེམས་ཀྱི་ཡོད། ཁྱོད་ཀྱི་གཟུགས་པོས་བེད་མེད་ཀྱི་སྙིགས་རོ་མང་པོ་ཞིག་གཙང་བསལ་བྱེད་བཞིན་ཡོད་པ་ནི། གཅིན་པ་ལྟ་བུའི་གཤེར་གཟུགས་ཀྱི་སྙིགས་རོ་རྣམས་མཁལ་མ་བརྒྱུད་ནས་གཙང་བསལ་བྱེད་ལ། བཤང་བ་ལྟ་བུའི་མཁྲེགས་གཟུགས་ཀྱི་སྙིགས་རོ་དག་རྒྱུ་ཆེན་བརྒྱུད་ནས་གཙང་བསལ་བྱེད་ཀྱི་ཡོད།

མ་ལག་གཞན།

ད་དུང་ཁྱོད་ཀྱི་གཟུགས་པོའི་ནང་དུ་མ་ལག་གཞན་ཁག་ཅིག་ཡོད་པའི་ནང་གི་གཅིག་ནི་ཕོ་མོ་སོ་སོར་འབྱེད་པར་བྱེད་པའི་སྐྱེ་འཕེལ་མ་ལག་ཅེས་པ་དེ་ཡིན། ཕོའི་སྐྱེ་འཕེལ་མ་ལག་དེས་ཁུ་བ་སྐྲུན་ལ་མོའི་སྐྱེ་འཕེལ་མ་ལག་དེས་ཁམས་དམར་་སྐྲུན་གྱི་ཡོད། མོའི་ཁམས་དམར་ཞིག་ཁུ་བ་དང་འདྲེས་ཏེ་ཕྲུ་གུ་སྐྱེད་སྤེལ་བྱེད་ཐུབ། རྨེན་བུ་སྐྲུན་པའི་མ་ལག་དེ་ལ་ཟགས་ཐོན་མ་ལག་ཟེར། ཀླད་ཞབས་ཀྱི་པི་ཆུ་ཊེ་རེ་རྨེན་བུ་ཞེས་པ་དེ་ནི་གཟུགས་པོའི་རྨེན་བུའི་ནང་གི་གཙོ་བོ་ཡིན་ལ་དེས་རྨེན་བུ་གཞན་ཀྱི་བྱེད་ལས་ལ་སྟངས་འཛིན་བྱེད་ཀྱི་ཡོད། རྨེན་བུ་དེ་དག་གིས་ཟས་ནུས་ཤུགས་ལ་བསྒྱུར་ཆེད་སྟངས་འཛིན་ཅི་ལྟར་བྱེད་ཀྱི་ཡོད་མེད་དང་། འཚར་ལོངས་མྱུར་བུལ་ཆེད་ཅི་ལྟར་སྟངས་འཛིན་བྱེད་པའི་མཚོན་པའི་གཟུགས་པོའི་ནང་གི་གལ་ཆེ་བའི་གནད་དོན་མང་པོ་ཞིག་ལའང་སྟངས་འཛིན་བྱེད་ཀྱི་ཡོད་དོ།།

ཡོང་ཁུངས།  འབྲས་སྤུངས་སྒོ་མང་ཚན་རིག་ལྟེ་གནས་ཁང་། 

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章