ལམ་སྟོན་བཀའ་སློབ།
ང་རང་ཚོས་ནམ་རྒྱུན་སྐྱབས་འགྲོ་བཞི་སྐོར་དང༌། ལྔ་སྐོར་དང༌། དྲུག་སྐོར་སོགས་བྱས་ཏེ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་དང༌། མདོར་ན་དེ་ཡང་མང་དུ་འགྲོ་སྐབས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཉན་རང་ཆོས་སྲུང་ཞེས་ང་ཚོར་སྐྱབས་ཧ་ཅང་གི་མང་པོ་ཞིག་བརྩི་རྒྱུ་ཡོད། དེ་དག་དཀོན་མཆོག་གསུམ་གྱི་ནང་དུ་བསྡུ་དགོས་ཤིང༌། སྐྱབས་གནས་ཡང་དག་རྣམས་ནི་དཀོན་མཆོག་གསུམ་གྱི་ནང་དུ་འདུས་ཡོད།
ཡི་དམ་དངོས་དེ་དག་ནི་སངས་རྒྱས་ཀྱི་ཁོངས་དང༌། བླ་མ་ལ་སློབ་པའི་དགེ་འདུན་དང༌། མི་སློབ་པའི་དགེ་འདུན་ཡང་ཡོད། དེ་བཞིན་སོ་སྐྱེ་ཡང་ཡོད། འོན་ཀྱང་རང་རང་སོ་སོར་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཚང་མ་འཇུག་པའི་སྒོ་ལྟ་བུ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་ང་རང་ཚོར་ཐད་ཀར་ངོ་སྤྲོད་གནང་མཁན་གྱི་བླ་མ་དེ་ཆགས་ཡོད་སྟབས། རང་གི་ངོས་ནས་གཙོ་བོ་སངས་རྒྱས་དང་ཆོས་ངོ་སྤྲོད་མཁན་བླ་མ་ཡིན་ལ། དགེ་འདུན་ངོ་སྤྲོད་མཁན་ཡང་བླ་མ་ཡིན། དེའི་ནང་ནས་གཙོ་བོ་ཆོས་ངོ་སྤྲོད་མཁན་དེ་བླ་མ་ཆགས་ཡོད། དེ་འདྲའི་ངོས་ནས་སྐྱབས་གསུམ་ཀུན་འདུས་ཀྱི་ལམ་སྟོན་མཁན་གྱི་ལམ་སྟོན་མཐར་ཐུག་དང༌། རང་ལ་དྲིན་ཆེ་ཤོས་དང་སྙིང་ཉེ་ཤོས། རང་ཉིད་ལ་ལམ་སྟོན་མཁན་བླ་མ་དེ་ཡོད་པའི་དབང་གིས་སངས་རྒྱས་ཆོས་དང་དགེ་འདུན་དེ་དག་ངོ་འཕྲོད་ཀྱི་ཡོད། ལམ་སྟོན་གྱི་བླ་མ་དེ་དང་བྲལ་ན་རང་སྟོབས་ཀྱིས་དེ་ལྟར་ངོ་འཕྲོད་དཀའ་བས་དེ་འདྲའི་ཐོག་ནས་བླ་མའི་ངོ་བོ་གང་ཞིག་ཡིན་ཡང་རང་ངོས་ནས་རྩ་ཆེ་ཤོས་དང༌། བཀའ་དྲིན་ཆེ་ཤོས་ཤིག་ཆགས་ཡོད་སྟབས་བླ་མ་དེ་དང་པོར་སྨོས་ཀྱི་ཡོད། དོན་དངོས་སོ་སྐྱེའི་བླ་མ་དང༌། སློབ་པའི་འཕགས་པ་ཡོང་གི་ཡོད་ལ། མི་སློབ་པའི་འཕགས་པའང་ཡོད།
མདོར་ན་ཡི་དམ་སངས་རྒྱས་དང༌། ཕལ་ཆེར་མཁའ་འགྲོ་ཆོས་སྲུང་ཞེས་པ་དེ་དག་གི་ནང་དུ་སློབ་པ་དང་མི་སློབ་པ་གཉིས་ཀ་ཡོང་གི་མེད་དམ་སྙམ། ངས་ངོ་ཤེས་པའི་འཇར་མན་གྱི་མི་ཞིག་ཡོད། ཁོ་རང་ནང་པ་ཡིན་མིན་མི་ཤེས་ཀྱང༌། ནང་པ་ལ་ཧ་ཅང་གི་དགའ་པོ་ཡོད། ཁོང་ཉིན་ཞིག་འབྲུག་ལ་བསྐྱོད་སྐབས་ཚོགས་ཞིང་ཞིག་མཇལ་འདུག འབྲུག་ནས་མར་འཁོར་ཏེ་ང་ལ་ཧོན་འཐོར་མདོག་གི་ངང་ནས་བླ་མ་དང༌། ཡི་དམ། ཕྱོགས་བཅུའི་སངས་རྒྱས་སྟོང་བཅས། རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་སྟོང་གི་ནང་དུ་ཡོད་པ་དང༌། ཡི་དམ་བརྒྱུད་སྡེ་བཞི་སྟེང་དུ་ཡོད་སྟབས། སངས་རྒྱས་འོག་ཏུ་བཞག་འདུག་དེས་ན་སངས་རྒྱས་ལས་རྩ་ཆེ་བ་ཞིག་འདུག་པས་དེ་འདྲ་ཡོང་ཤེས་ཐབས་མེད་ཅེས་ང་ལ་ཧ་ཅང་ངོ་རྒོལ་བྱས་བྱུང་བས་དེར་ཁག་མེད།
སྐབས་རེ་གནད་འགག་དང་ལམ་གྱི་ཁོག་ཡག་པོ་ཞིག་མ་ཤེས་ན། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་ནང་གསུངས་པ་བཞིན། བཅོམ་ལྡན་འདས་ལ་འདུལ་རྒྱུའི་དགྲ་དང༌། སྐྱོང་རྒྱུའི་གཉེན། གོ་མཚོན་གང་ཡང་མེད་པར་བྱམས་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་ཕམ་པར་མཛད་ཀྱི་ཡོད། དེ་ལས་གཞན་པའི་ལྷ་རྣམས་ནི་རང་ཕྱོགས་སྐྱོང་རྒྱུ་དང༌། གཞན་ཕྱོགས་འདུལ་བའི་མཚོན་ཆ་འདྲ་མིན་འདུག་ཅེས་གསུང་གི་ཡོད།
དེས་ན་ང་རང་ཚོས་གཟབ་ནན་གྱིས་བསམ་བློ་བཏང་ནས་གནད་འགག་ཡག་པོ་མ་ཤེས་ན། བཅོམ་ལྡན་འདས་ཆགས་བྲལ་གྱི་སྤྱོད་པ་ཞི་ཞིང་དུལ་བ་དེ་གཤམ་དུ་ཡོད་པ་དང༌། མཆེ་བ་གཙིགས་ཤིང༌། མཚོན་ཆ་འདྲ་མིན་འཐོགས་པ་དེ་དག་གོང་དུ་ཡོད་སྟབས་གནས་ཚུལ་དེ་ལྟར་ཡོང་ཉེན་ཡོད། དེ་ནི་འཕྲོས་བཤད་ཡིན་ལ། དེ་དག་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ཡིན།
དེ་ནས་བླ་མ་ཞེས་བརྗོད་སྐབས། ཁྱེད་རང་ཚོའི་རྒྱ་སྐད་ཀྱི་མིང་ཚིག་ཧོའོ་ཕོའོ་ཞེས་པ་དེས་མགོ་ལོག་ལུང་པ་གང་རྩེད་ཡོད། མགོ་ལོག་གང་ཞིག་རྩེད་ཡོད་ཅེ་ན། རྒྱ་སྐད་ཀྱི་ཧོའོ་ཕོའོ་ཞེས་པའི་མིང་ཚིག་དེ་ནི་སངས་རྒྱས་གསོན་པ་ཞེས་པའི་དོན་ལ་གོ་གི་ཡོད། དེ་ནི་ལེགས་སྦྱར་སྐད་ཀྱི་གུ་རུ་ཞེས་པའི་གོ་བ་ནོར་ཡོད་ལ། བོད་སྐད་ཀྱི་བླ་མ་ཞེས་པའི་གོ་བ་ཡང་ནོར་ཡོད། ལེགས་སྦྱར་སྐད་དུ་གུ་རུ་དང༌། བོད་སྐད་དུ་བླ་མ་ཞེས་པ་གཉིས་ནི། ཡོན་ཏན་གྱི་ལྕི་བའི་གོང་ན་མེད་པ་སྟེ། གང་གི་ཐོག་ནས་གོང་ན་མེད་པ་རེད་ཅེ་ན། ཡོན་ཏན་གྱི་ཆ་ནས་ལྕི་བ་དང༌། དྲིན་གྱི་ཆ་ནས་ལྕི་བ། དྲིན་དང་ཡོན་ཏན་གྱི་ངོས་ནས་དེ་ལས་གོང་ན་མེད་པས་བླ་མ་ཞེས་བརྗོད་པ་ཡིན།
བླ་ཞེས་པ་ནི་གོང་མ་དང༌། མ་ནི་དགག་ཚིག་སྟེ་གོང་ན་མེད་པའི་དོན་ཡིན། ལེགས་སྦྱར་སྐད་དུ་གུ་རུ་ཞེས་པ་དེ་ཡང་ལྕི་བ་ལ་འགྲོ་གི་ཡོད། ཧོའོ་ཕོའོ་ཞེས་པའི་སྐད་ཆ་ནི་དེའི་ནང་དུ་མེད་ཅིང༌། དེ་ནི་རྒྱ་སྐད་དུ་དད་པ་ཡིན་ལས་ཆེ། འོན་ཀྱང་མིང་ཚིག་དེ་བེད་སྤྱོད་བྱས་པའི་རྐྱེན་གྱིས། དེང་སྐབས་དབྱིན་ཇིའི་སྐད་དུ་སངས་རྒྱས་གསོན་པ་ཞེས་པ་དེས་མགོ་ལོག་ཆེན་པོ་རྩེད་ཀྱི་འདུག བླ་མ་ཞེས་སངས་རྒྱས་ཆོས་དང་དགེ་འདུན་ལས་ལོགས་སུ་ཕྱེ་བ་ནི། ཕལ་ཆེར་སྔགས་ཀྱི་རྣལ་འབྱོར་དང་འབྲེལ་ནས་ཡོང་གི་མེད་དམ་སྙམ། དཔེར་ན། ང་རང་ཚོའི་ལམ་རིམ་གྱི་དབུར་བཤེས་གཉེན་བསྟེན་ཚུལ་ཐོན་པ་ལྟར་ལམ་རིམ་ནི་ཚེ་འདིའི་སྣང་ཞེན་ལྡོག་པ་ནས་མར་ཁྲིད་ཀྱི་ཡོད་ཀྱང༌། མཐར་སྔགས་བླ་མེད་ཀྱི་ལམ་ལ་འཇུག་པ་གཞིར་བཞག་ནས་ཁྲིད་ཡོང་གི་ཡོད། དེ་ལྟར་མིན་པར་མདོ་རྐྱང་པའི་དབང་དུ་བྱས་ནས་ཁྲིད་ན། བྱང་ཕྱོགས་སོ་བདུན་ལྟ་བུའི་ལམ་གྱི་རྣམ་གཞག་ཅིག་གསུངས་དགོས་ཀྱང༌། དེ་ལྟར་མ་གསུངས་བར་ཕྱི་མའི་སྣང་ཞེན་ལྡོག་པའི་མཚམས་སུ་བྱང་ཆུབ་སེམས་སྦྱོང་དང༌། དེ་ནས་ཕྱིན་དྲུག་གི་ལམ་དང༌། དེའི་ནང་ནས་ཞི་ལྷག་གཉིས་སླེབས་པ་ཞིག་ཡོང་གི་ཡོད།
མདོར་ན། སྔགས་བླ་མེད་ཀྱི་ལམ་ལ་ཁྲིད་ཀྱི་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན། དེར་བརྟེན་སྔགས་བླ་མེད་ཀྱི་ལམ་ལ་དཀྲི་བའི་སྔོན་འགྲོ་ལྟ་བུར་ལམ་རིམ་ཐོན་ཡོང་གི་ཡོད་པས། སྔགས་བླ་མེད་ཀྱི་བླ་མའི་རྣལ་འབྱོར་དང་འབྲེལ་ནས་བཤེས་གཉེན་བསྟེན་ཚུལ་དེ་ཡོང་གི་ཡོད། དེ་ཡང་སྔགས་ལམ་དང་འབྲེལ་བའི་ཐོག་ནས་ང་རང་ཚོས་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་དཀོན་མཆོག་གསུམ་གྱི་དབུར་ལོགས་སུ་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་སྦྱར་བ་དེ་ནི་ཕལ་ཆེར་དེ་ལྟར་མིན་ནམ་སྙམ། ད་དུང་རྒྱས་སུ་བཏང་སྐབས་ཡི་དམ་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྲུང་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ཐོན་ཡོང་གི་ཡོད།
དེ་ནས་ང་ཚོར་རྙོག་དྲ་གཅིག་ཡོད་པ་ནི། བླ་མ་དང་སྤྲུལ་སྐུ་སྟེ། བླ་མ་ནི་གོང་དུ་ཞུས་པ་ལྟར་རྒྱ་གར་མཁས་པའི་གཞུང་དུ་ཡོད་ལ། འདུལ་བའི་སྐབས་སུ་འདུལ་བའི་གནད་ཀྱི་བླ་མ་ནས་བཟུང་བླ་མའི་མཚན་ཉིད་ཀྱང་གསུངས་ཡོད། སྤྲུལ་སྐུ་ཞེས་པ་ནི་བར་དུ་མིང་གསར་པ་ཆགས་པ་ཞིག་ཡིན། བོད་ཀྱི་སྤྱི་ཚོགས་ནང་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་ཧ་ལམ་མི་ཐོག་ནས་མི་ཐོག་ཏུ་ཕ་ཤུལ་བུ་འཛིན་ལྟར་སླེབས་ཡོད།
སྤྲུལ་སྐུ་ཞེས་བརྗོད་ན་ཁྱིམ་ཚང་གཅིག་གི་ལུགས་སྲོལ་ལྟ་བུ་ཆགས་གྲབ་བྱེད་ཀྱི་འདུག དེ་ཡང་ཕ་མ་བུ་ཕྲུག་ལྟ་བུ་མིན་ན་ཡང༌། སྤྱིར་བཏང་མི་རབས་ནས་མི་རབས་བྱས་ཏེ་འདི་ལྟར་བརྟེན་པ་ཞིག་ཆགས་ཡོང་གི་ཡོད། དེ་འདྲའི་གནས་ཚུལ་གྱི་འོག་ནས་དེང་སྐབས་སྤྲུལ་སྐུ་དང༌། བླ་མ་གཉིས་དངོས་གནས་བྱས་ན་དབྱེ་བ་ཕྱེ་དགོས་པ་ཞིག་འདུག བླ་མ་ཞེས་བརྗོད་ན་དངོས་གནས་ཚད་དང་ལྡན་ཞིང༌། བླ་མའི་མཚན་ཉིད་ཚང་བ་དང༌། བླ་མའི་འོས་ཆོས་ཚང་བའི་ཐོག་ནས་བླ་མ་ཆགས་དགོས་པ་ཡིན།
སྤྲུལ་སྐུ་ཞེས་བརྗོད་ན་བྱ་བ་ལེགས་ཉེས་གང་ཞིག་བྱས་ཀྱང་སྤྲུལ་སྐུའི་མིང་དེ་སྡོད་ཀྱི་ཡོད། དེས་ན་ནམ་རྒྱུན་ངས་བླ་མ་དང་སྤྲུལ་སྐུར་མུ་བཞི་བཞག་གི་ཡོད། བོད་པའི་སྤྱི་ཚོགས་ནང་དུ་སྐབས་རེ་བླ་མ་དང་སྤྲུལ་སྐུ་ཕེབས་སྐབས་རྟ་ཧྲག་ཇི་ཙམ་མང་བ་ཡོད་པ་དེ་བླ་མ་རྩ་ཆེ་བར་བརྩི་སྲོལ་ཡོད། དེ་རིང་བླ་མ་ཞིག་རྟ་ཧྲག་མང་པོ་སྒྲིག་ནས་ཕེབས་ཀྱི་འདུག་ཅེས་སྐྱབས་འཇུག་ཞུ་བ་དང༌། ཕྱག་འཚལ་བ་ལྟ་བུ་བྱེད་ཀྱི་ཡོད།
དངོས་གནས་ངེས་པ་དོན་གྱི་བླ་མ་རྒྱུགས་ཁུག་བསྣམས་ཏེ་ཕེབས་མཁན་ཞིག་བྱུང་ན། སྤྲང་པོ་ཞིག་སླེབས་བྱུང་ཞེས་རྩམ་པ་ཞིག་སྤྲད་ན་ཨང་དང་པོ་ཡིན། དེ་མིན་ཚོར་སྣང་དེ་ཙམ་མེད་པ་ལྟ་བུ་བྱེད་ཀྱི་འདུག་པ་ནི་ནོར་འཁྲུལ་ཡིན། ངས་རྟག་པར་ཤོད་ཀྱི་ཡོད། ཇོ་བོ་རྗེ་དངོས་གནས་སྡེ་སྣོད་འཛིན་པ་བསམ་གྱིས་མི་ཁྱབ་པ་མདོ་སྔགས་རབ་འབྱམས་ལ་མཁས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཆགས་ཡོད་ཅིང༌། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་སྟོད་ཀྱི་ས་སྣེར་ཕེབས་འབྱོར་ཟིན་སྐབས། ཇོ་བོ་རྗེ་ཕེབས་ཀྱི་ཡོད་པས་བོད་ཀྱི་བླ་ཆེན་རྣམ་པ་ཕེབས་བསུར་ཕེབས་རོགས་ཞེས་ཞུ་སྐབས། བོད་ཀྱི་བླ་ཆེན་དག་གིས་བོད་ཀྱི་དམིགས་བསལ་ཕོ་རོག་མིག་ཅེས་པ་ལ་སོགས་པའི་གྱོན་གོས་རྫིག་པོ་གྱོན་རྒྱུ་ཡོད་པ་རྣམས་གྱོན་པ་དང༌། རྟ་རྫིག་པོར་ཞོན། རྟ་ལ་གཟབ་མཆོར་གྱིས་བརྒྱན་པ་དང༌། གྲྭ་ཆས་ཀྱི་སྟེང་དུ་གྱོན་གོས་འདྲ་མིན་གྱོན་རྒྱུ་ཡོད་པ་རྣམས་གྱོན་ནས་ཕེབས་སྟབས་ཇོ་བོ་རྗེས་ཁྱད་གསོད་གནང་སྟེ། བོད་པའི་འདྲེ་ཡོང་གི་འདུག་ཅེས་དབུ་བཏུམ་ནས་བཞུགས་པ་ཡིན། གང་ཞིག་བྱས་སམ་ཇོ་བོ་མ་མཉེས་པ་གནང་སོང་ཞེས་བརྗོད་སྐབས། གཞི་ནས་བོད་ཀྱི་བླ་མ་རྣམས་རྟ་ཐོག་ནས་བབས་ཤིང༌། གྱོན་གོས་འདྲ་མིན་གྱོན་པ་རྣམས་ཕུད་ནས་ཆོས་གོས་རྣམ་སྦྱར་བཞེས་ཏེ་ཕེབས་པས་གཞི་ནས་ཇོ་བོ་རྗེ་ཐུགས་མཉེས་པོ་བྱུང་བའི་ལོ་རྒྱུས་ཡོད། དེ་ནི་ང་ཚོའི་བསླབ་བྱ་ཡིན་ལ། ང་ཚོས་བསླབ་བྱ་དེ་རྟག་ཏུ་ཤོད་ཀྱི་ཡོད་ཀྱང༌། སྐབས་རེ་ལག་ལེན་དུ་ཏག་ཏག་འཁྱོལ་གྱི་མེད་པ་ལྟ་བུ་ཞིག་འདུག
ཡང་ཨ་མདོའི་བླ་མའམ་ཕལ་ཆེར་སོག་པོ་འདྲེས་མ་མིན་ནམ། ཐོ་ཡོན་བླ་མ་ནི་ཐད་ཀར་གསུངས་མཁན་ཞིག་ཡིན་ཞིང༌། ཁོང་གིས་དབུས་གཙང་གི་བླ་མར་གསུང་གི་མེད་དམ། དེང་སང་བོད་ཀྱི་བླ་མ་ཚོའི་མཚན་ཧ་ཅང་གི་རིང་པོ། ཡོན་ཏན་ཐུང་ཐུང་རེད་ཅེས་གསུངས་ཡོད། དེང་སྐབས་བོད་ཀྱི་ཆོས་ལ་དོ་སྣང་གསར་པ་སླེབས་སྐབས་ཁྱེད་རང་ཚོས་འདི་དག་ཡག་པོ་ཤེས་པ་བྱེད་དགོས། དེ་མིན་ཧ་ལོག་ཅིང་མགོ་སྐོར་ཐེབས་ཉེན་ཡོད། ངས་རྟག་པར་ནུབ་ཕྱོགས་པ་ཚོར་ཤོད་ཀྱི་ཡོད། བླ་མའི་ཆོས་ཞེས་བརྗོད་པ་ནི་ནོར་བ་ཡིན། ང་ཚོ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ནི་ཀླུ་སྒྲུབ་ཡབ་སྲས་དང༌། ཐོགས་མེད་སྐུ་མཆེད་ཡབ་སྲས་ལ་གཏུགས་པ་ཞིག་དང༌།ད་དུང་ཡར་དེད་ན་མཐར་བཅོམ་ལྡན་འདས་ལ་ཐུག་པ་ཞིག་ཡིན། མདོར་ན། མདོ་སྔགས་གང་གི་སྐབས་སུ་ཡིན་ཡང༌། དོན་དག་གལ་ཆེ་གང་ཞིག་བྱུང་ཡང་རྒྱ་གར་མཁས་པ་ཚད་ཐུབ་ཀྱི་གཞུང་ལ་གཏུགས་པ་ཤ་སྟག་ཡིན་ཞེས་ཤོད་ཀྱི་ཡོད། དེ་ལྟར་སྤོབས་པ་ཆེན་པོས་བཤད་ཐུབ་ཀྱི་འདུག དེར་བརྟེན་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་འདི་རྒྱ་གར་མཁས་པ་ཚད་ཐུབ་ཀྱི་གཞུང་ལ་གཏུགས་པ་ཞིག་ཆགས་ཡོད།
བར་སྐབས་ང་རང་ཚོའི་སྤྱི་ཚོགས་ནང་ཅུང་ཟད་ཉམས་ཆག་ཏུ་ཕྱིན་པ་རྣམས་ང་ཚོས་སྔར་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པ་རྣམས་ཀྱི་གནང་སྟངས་གང་ཞིག་ཡིན་པ་དེའི་སྟེང་དུ་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་བཅས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་ནི་ང་ཚོ་སངས་རྒྱས་པའི་ཆོས་པ་ཚང་མས་དེ་འདྲའི་སྐྱབས་འགྲོ་དེ་ཇེ་ཟབ་ཇེ་བརྟན་ལ་གཏོང་དགོས་པ་ཡིན། དེ་ནས་གཏོང་དང་ཞེས་པ་ནི་གཏོང་ཕོད་ཆེན་པོ་སྟེ། འདི་ནི་སྐབས་དེར་རྒྱལ་པོ་བདེ་སྤྱོད་ལ་གསུང་གི་ཡོད་ལ། རྒྱལ་པོས་མཚོན་པའི་ང་རང་ཚོར་ཡོ་བྱད་ཡོད་ན་ངན་སློང་ལ་སྦྱིན་པ་གཏོང་རྒྱུས་མཚོན། གཞན་ཕན་གྱིས་རོགས་རམ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་པ་ཡིན།