ཁེར་རྐྱང་དང་བསམ་གཞིག གཡང་སྐྱབས་རྒྱལ།

文摘   2024-11-13 11:57   青海  




ཁེར་རྐྱང་དང་བསམ་གཞིག 

གཡང་སྐྱབས་རྒྱལ། ཟི་ལིང་།

སྐབས་ལ་ལར། ཁེར་རྐྱང་ངང་འཚོ་བའི་ལོགས་ཤིག་ཏུ་བུད་ནས་བསམ་བློ་རེ་བཏང་ན། རང་ཉིད་ནི་ཁ་ཕྱོགས་ཅི་ཡང་མེད་པའི་སྨུག་ཀློང་ཁྲོད་ཀྱི་མགྲོན་པོ་མགོ་འཁོར་ཞིག་དང་མཚུངས་ལ། ཡང་ཞིབ་ཏུ་བསམས་ན། དེ་ནི་སྨུག་ཀློང་དེའི་ཁྲོད་ནས་ཁ་ཕྱོགས་རྙེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པ་འདྲ།
བལྟས་ན་ཧ་ཅང་རྒྱུན་ལྡན་ལྟར་སྣང་བའི་བསྐྱར་ཟློས་ཀྱི་འཚོ་བ་འདི་ལ། རང་ཉིད་གཅིག་པུས་ལྷིང་འཇགས་ངང་བསམས་ཤིང་དཔྱད་ན།རང་ཉིད་ནི་ནམ་ཡང་སུ་ཞིག་གི་བཀོད་སྒྲིག་ལྟར་འཚོ་བཞིན་འདུག་ལ། ཉེ་འཁོར་གྱི་མི་ཐམས་ཅད་ཀྱང་མཛེས་སྡུག་གི་གདོང་འབག་རེའི་ཕག་ཏུ་ཡིབ་འདུག་པ་འདྲ།ངའི་བསམ་པ་ཞིག་ལ། མི་ཚེ་ནི་གར་སྟེགས་ཤིག་རེད་ལ་འཚོ་བ་ནི་དེའི་སྟེང་གི་མུ་འབྲེལ་ཟློས་གར་ཞིག་རེད། ཟློས་གར་དེའི་ཁྱད་ཆོས་གཙོ་བོ་ནི་སྐད་ཆ་རེ་རེའང་ཡུལ་དངོས་སུ་འདོན་སྤེལ་བྱེད་པ་ལས་གྲ་སྒྲིག་བྱེད་པའི་གོ་སྐབས་ཤིག་ཡེ་ནས་མེད། ལྷིང་འཇགས་དང་ཁེར་རྐྱང་ངང་སྡོད་དུས་ཀྱི་རང་ཉིད་རྣལ་མ་དེས་འདི་ལྟར་རང་ཉིད་ཀྱི་ཟློས་གར་ལྟ་བུའི་འཚོ་བ་ལ་ལྟད་མོར་ལྟ་ཞིང་།རེ་ཞིག་ནས་དངོས་སུ་ཟློས་གར་དེར་ཞུགས་དགོས་པར་བསམས་ན་སེམས་ནང་དུ་སྨྲ་བརྗོད་ལས་འདས་པའི་ཚོར་བ་ཞིག་ཀྱང་སྟེར། ཁེར་རྐྱང་ངང་སྡོད་པའི་སྐབས་དག་ནི་འཚོ་བའི་ཟློས་གར་ལས་ལོགས་སུ་བུད་པ་དང་མཚུངས་ལ། དེའི་ཁྲོད་ཀྱི་འཁྲབ་ཚན་ཞིག་མིན་པའི་ངེས་པའང་མེད།མཚམས་ཤིག་ལ་ང་རང་འདི་ལྟར་ཁེར་རྐྱང་ལ་དགའ་བའི་མི་ཞིག་ཏུ་གྱུར་ཅིང་།དུས་རྒྱུན་ཁེར་རྐྱང་ངང་འཚོ་བའི་ཟུར་ཞིག་ཏུ་བུད་ནས་རང་ཉིད་ཀྱི་ཟློས་གར་ལྟ་བུའི་འཚོ་བ་ལ་ལྟད་མོ་བལྟ་རྒྱུར་ལོབས། དེ་ལྟར་སྡོད་པའི་དུས་དག་ཏུ། མཚམས་རེར་དགོད་ཁ་འཆོར་ལ། ལན་རེར་ངུ་ཁ་ཡང་ལུག་འགྲོ། དགའ་སྐྱོ་ཟུང་དུ་འདྲེས་པའི་མི་ལོ་ཉི་ཤུའི་དུས་ཚོད་ལ་ཕྱིར་མིག་རེ་འཕངས་ན།ནག་ནོག་གི་དྲི་མས་མ་གོས་པའི་བྱིས་དུས་ཀྱི་ལོ་ཟླ་དག་ནི་ཅི་འདྲའི་ཡིད་དུ་འོང་བའི་ན་ཚོད་ཅིག་རེད་ཨང་། མདའ་མོ་ལྟོང་ལས་ཤོར་བ་ལྟ་བུའི་མི་ལོ་ཉི་ཤུའི་བཞུར་རྒྱུན་ཁྲོད་ནས། བདག་གི་དྲི་མེད་ཀྱི་རང་གཤིས་ལ་ཡང་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་རླབས་རྒྱུན་གྱིས་ཀུན་ནས་གཙེས་ཏེ།ད་ནི་བྱིས་དུས་ཀྱི་བརྟན་ཅིང་བརླིང་བའི་རང་ཚུགས་ལ་གས་ཆག་ཤོར་བཞིན་འདུག
ལར་ཟོལ་བཅོས་ཀྱི་འཛུམ་མདངས་ཀྱིས་མི་སེམས་འཁྱག་སིབ་བེར་བྱེད་ཅིང་། ཐོལ་བྱུང་གི་གཅམ་གསག་གིས་ཡ་ཆུང་ཚ་བེར་བེར་གཏོང་ན་ཡང་། འདུན་མའམ་འཚོ་གནས་ཀྱི་ཆེད་དུ། ང་ཚོས་འདི་ལྟར་འཁོར་བའི་ཆུ་གཏེར་གྱི་རླབས་ཕྲེང་ཁྲོད་ནས། རང་ཉིད་ལ་དབང་བའི་གྲུ་ཆུང་དེའི་གྲུ་ཁེམ་དམ་པོར་བཅིངས་ནས་ངེས་མེད་དུ་རྒྱུ་བའི་འཐོར་རླུང་གི་དཔུང་ཚོགས་ལ་ཡ་ལན་སྤྲོད་པར་བྱའོ། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། རིག་འཛིན་ཐར།
སྒྲིག་སྦྱོར་པ། རྡོ་རིན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章