བྱ་དེ་གསོས་ནས་གྲོང་གསེབ་དར་སྤེལ་གྱི་ལམ་ལ་ཆས་པ།

文摘   2024-11-12 14:31   青海  







བྱ་དེ་གསོས་ནས་གྲོང་གསེབ་དར་སྤེལ་གྱི་ལམ་ལ་ཆས་པ།


ཟླ10པའི་ཚེས21ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་སྡོང་སྐམ་སྡེ་བར་ཡོད་པའི་མཚོ་སྔོན་ཧྲེང་ཏ་སྐྱེ་ཁམས་ཞིང་ཕྱུགས་ལས་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིའི་ནང་དུ་ཐོན་པ་ན། ཚད་ལྡན་ཅན་གྱི་བྱ་དེ་གསོ་སྤེལ་འཁོར་ཁང་དུ་བྱ་དེ་མང་པོས་སྐད་སྒྲ་སྒྲོག་བཞིན་འདུག གྲལ་ཕྲེང་འགྲིག་མོའི་བྱ་ཚང་ནང་དུ་བྱ་དེ་ཁ་ཤས་ཀྱིས་རྒུམ་བུ་འཐུ་བ་དང་ཁ་ཤས་ཀྱིས་སྒོ་ང་གཏོང་བཞིན་ཡོད། ཡུད་ཙམ་གྱི་རིང་ལ་འོད་ཀྲིག་ཀྲིག་སྒོ་ང་རེ་རེ་འདྲེན་ཆས་སྟེང་དུ་ལྷུང་།

སྐབས་དེར་སྒོ་ང་ཐུམ་རྒྱག་འཁོར་ཁང་དུ་བུད་མེད་བཟོ་བ་འགའ་ཡིས་རང་འགུལ་གྱིས་བཀར་ནས་ཐོན་པའི་སྒོ་ངར་རྣམ་རིག་བསྒྲིམས་ནས་ལྟ་བ་དང་། བུད་མེད་ལས་བཟོ་པ་ཚོས་ཆེ་ཆུང་འདྲ་མཚུངས་ཡིན་ཞིང་སྒོང་ཤུན་ལ་འོད་ཁྲུག་པ། གས་ཤུལ་དང་ཆག་སྐྱོན་མེད་པའི་སྒོ་ངར་ཕྱི་ཐུམ་བརྒྱབ་སྟེ། ཚོང་རར་འདྲེན་པར་ཁག་ཐེག་བྱེད་བཞིན་ཡོད།

“ལྟོས་དང་།ང་ཚོའི་འཕྲུལ་ཆས་དབྱེ་འབྱེད་ཐོན་སྐྱེད་གོ་རིམ་ནི་ཅི་འདྲའི་སྟབས་བདེ་ཞིག་རེད་ཨང་།”ཞེས་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ཧྲའན་ཀྲིན་པའོ་ལ་སྤོབས་པས་ཁེངས་ཡོད། “འདི་ནི་ང་ཚོས་ནང་འདྲེན་བྱས་པའི་རྒྱལ་ནང་གི་སྔོན་ཐོན་ཐོན་སྐྱེད་ལག་ཆ་ཡིན། འདིས་རང་འགུལ་ཅན་གྱི་ལག་རྩལ་དང་རིག་ནུས་ཅན་གྱི་ཚོད་འཛིན་མ་ལག་བཀོལ་ནས། སྒོ་ང་རང་འགུལ་གྱིས་དབྱེ་འབྱེད་དང་སྐྱེལ་བ། ཁག་བགོས། སྣོད་འཇུག་བཅས་བྱེད་ཐུབ། མིས་གས་ཤུལ་དང་ཆག་སྐྱོན་ཡོད་པའི་སྒོ་ང་བསལ་བས་ཆོག་པ་དང་། སྔོན་ཆད་ལྟར་སྒོ་ང་དབྱེ་འབྱེད་དང་སྣོད་དུ་འཇུག་པར་བྲེལ་མི་དགོས་པས་མིའི་ཁུར་པོ་ཇེ་ཡང་དུ་སོང་ཞིང་བྱ་བའི་ཕན་འབྲས་ཀྱང་མཐོར་འདེགས་བྱུང་ཡོད།”

སྔོན་ཐོན་གྱི་སྒོ་ང་དབྱེ་འབྱེད་འཕྲུལ་འཁོར་གྱི་འགྲམ་དུ་བསྡད་ན་ཚན་རྩལ་གྱི་སྟོབས་ཤུགས་ཚོར་ཐུབ་ལ། ཧྲའན་ཀྲིན་པའོ་ཡིས་སྒོ་ང་ཐོན་ལས་ཀྱི་ཐོག་མའི་བསམ་འདུན་གླེང་རྒྱུར། མཚོ་སྔོན་གྱི་སྐམས་ལུག་ཤའི་ཐོན་ལས་ག་ས་གང་དུ་ཁྱབ་ཡོད་ལ། ཚོང་ཁྲོམ་སྟེང་དུའང་འདང་ཡོད་པས། འགྲན་རྩོད་ཇེ་ཆེ་ནས་ཇེ་ཆེ་རེད། དེ་ལྟ་བུའི་ཁོར་ཡུག་ཏུ་ད་རུང་སྐམས་ལུག་ཤའི་ཐོན་ལས་གཉེར་ན། འགྲན་རྩོད་ཀྱི་རྗེས་ཆོད་དཀའ་ལ། གཞན་ལས་ཁྱད་དུ་འཕགས་པའི་ཐུན་མོང་མ་ཡིན་པའི་ཚོང་རའི་དགེ་མཚན་ཀྱང་ཐོབ་དཀའ།

བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་པ་བརྒྱུད། ཧྲའན་ཀྲིན་པའོ་ཡིས་མཚོ་སྔོན་གྱི་སྒོ་ང་མཁོ་མཁན་མང་བ་དང་། མཚོ་སྔོན་རང་སའི་སྒོ་ངས་འདོན་སྤྲོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པས།སྒོ་ང་མང་ཆེ་བ་ཧྲའན་ཞི་དང་ཧྲན་ཞི། ཧོ་ནན་སོགས་ནས་དྲུད་ཡོང་བ་ཤེས།

སྐྱེལ་འདྲེན་གྱི་ལམ་ཐག་རིང་བས་དུས་ཚོད་མང་པོ་འགོར་ཞིང་མ་རྩ་མང་པོ་དགོས་པར་མ་ཟད། ད་རུང་སྒོ་ངའི་རྒྱུ་སྤུས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། སྐྱེལ་འདྲེན་གྱི་གོ་རིམ་ཁྲོད་དུ། རླངས་འཁོར་གཡོ་སྐྱོམ་སོགས་ཀྱི་དབང་གིས་སྒོང་ཤུན་ལ་གས་ཆག་བྱུང་ནས་སྒོང་སྦྲི་ཕྱིར་བཞུར་བ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད། དེ་ལས་གཞན་ད་རུང་སྐྱེལ་འདྲེན་གྱི་དུས་ཡུན་རིང་དྲགས་པས་སྒོ་ང་རྙིང་པར་གྱུར་ནས་འཚོ་བཅུད་ཀྱི་གྲུབ་ཆའང་རིམ་བཞིན་ཤོར་བ་རེད།

ཧྲའན་ཀྲིན་པའོ་ཡིས་དེ་ནི་ཚོང་ཁྲོམ་གྱི་སྟོང་ཆ་ཆེན་པོ་ཞིག་དང་། འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཞིག་ཡིན་ལ། གལ་ཏེ་ཐུན་རིན་གྲོང་ཁྱེར་དུ་དེང་རབས་ཅན་གྱི་སྒོ་ངའི་ཐོན་ལས་ཤིག་བཙུགས་ན། མཚོ་སྔོན་རང་ཡུལ་གྱི་འཛད་སྤྱོད་པ་རྣམས་ལ་གསར་པ་ཡིན་པ་དང་འཚོ་བཅུད་ལྡན་པ། བདེ་ཐང་བཅས་ཀྱི་སྒོ་ང་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། ད་རུང་ཐུན་རིན་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་འཚོ་སྟོབས་གསར་པ་སྩོལ་ཐུབ།

དེ་ནས། ཧྲའན་ཀྲིན་པའོ་དང་ཁོའི་དཔུང་སྡེ་དཀའ་སྡུག་ཆེ་བའི་ལས་སྐྲུན་གྱི་ལམ་ལ་ཆས་འགོ་བརྩམས། ཁོ་ཚོས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཤིང་སྔོན་ཐོན་གྱི་ཐོན་སྐྱེད་སྒྲིག་ཆས་ནང་འདྲེན་བྱས་པའི་ཁར། ཆེད་ལས་ལག་རྩལ་པ་དང་དོ་དམ་འཇོན་མི་གདན་དྲངས་ཏེ། 2020ལོར་ཉིན་ཞ་ཞའོ་མེང་ནས་བྱ་དེ་ཁྲི5ནང་འདྲེན་བྱས། དེའི་རྗེས། ཁོ་ཚོ་བློ་གཅིག་སེམས་གཅིག་གིས་བྱ་དེ་གསོ་སྤེལ་བྱ་བའི་ཁྲོད་དུ་ཞུགས་ནས་བློ་ཞིབ་མོས་བྱ་དེ་རེ་རེར་བདག་སྐྱོང་བྱས།

ཧྲའན་ཀྲིན་པའོ་ཡིས་གསར་འགོད་པར“གླེང་རིན་ཡོད་པ་ཞིག་ནི། ད་ལོར‘བྱ་སྤུ་བཙན་བརྗེ’ཡི་ལག་རྩལ་ནང་འདྲེན་བྱས་པ་སྟེ། དེ་ནི་མིས་བྱ་དེར་ཆུ་དང་རྒུམ་བུ་དགག་པ་དང་ཉི་འོད་ཚོད་འཛིན་བྱེད་པ་སོགས་ཀྱི་ཟུག་ཚོར་རྒྱུ་རྐྱེན་བཀོལ་ནས། བྱ་དེ་དུས་ཚོད་ཐུང་ངུའི་ནང་སྒོ་ང་གཏོང་མཚམས་འཇོག་པ་དང་བྱ་སྤུ་བརྗེ་རུ་བཅུག་ན། སྒོ་ང་གཏོང་ཚད་དང་སྒོ་ངའི་སྤུས་མཚག་མཐོར་འདེགས་བྱས་ཏེ། གསོ་སྤེལ་མ་རྩ་ཇེ་དམའ་རུ་གཏོང་ཐུབ་ལ་དཔལ་འབྱོར་གྱི་ཕན་འབྲས་ཇེ་མཐོར་གཏོང་ཐུབ”ཟེར། གསོ་སྤེལ་གོ་རིམ་ཁྲོད་དུ་རྒུམ་བུའི་གདམ་ག་དང་སྡེབ་སྦྱོར་ནས་བྱ་ཚང་གི་དྲོད་ཚད་དང་བརླན་ཚད། རླུང་གི་རྒྱུ་བ་བཅས་ཚོད་འཛིན་བྱེད་པ། དེ་ནས་རིམས་ནད་ཀྱི་སྔོན་འགོག་དང་སྨན་བཅོས་བར་ཀུང་སིས་ལེགས་ཐོག་ལེགས་འཚོལ་བྱེད་ཅི་ཐུབ་བྱེད་ཀྱིན་ཡོད།

འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བྱ་ཁྱུ་རིམ་བཞིན་ཇེ་ཆེར་སོང་བ་དང་སྒོ་ང་གཏོང་ཚད་རིམ་བཞིན་ཇེ་མང་དུ་གྱུར། “ད་ལྟ། བྱ་དེ་ཁྲི25ཡིས་སྒོ་ང་གཏོང་བཞིན་ཡོད་ལ། ཉིན་རེའི་སྒོ་ང་ཏུན13ལ་སླེབས”ཞེས་ཧྲའན་ཀྲིན་པའོ་ཡིས་དེ་ལྟར་བཤད།

མཚོ་སྔོན་ཧྲེང་ཏ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཧུར་བརྩོན་གྱིས་ལག་ལེན་བྱེད་པ་དང་། བྱེད་ཐབས་མང་པོ་བརྒྱུད་དེ་ཡུལ་དེའི་གྲོང་གསེབ་འཕེལ་རྒྱས་ལ་བྱས་རྗེས་བཞག་ཅིང་སྟོབས་ཤུགས་ཕུལ་དང་འབུལ་བཞིན་ཡོད། སྒོ་ང་ཐོན་ལས་འཕེལ་རྒྱས་ཀྱིས་ཁྱད་ལྡན་ཐོན་ལས་རྒྱ་ཆེར་བཏང་ཞིང་ཐོན་ལས་གྲུབ་ཚུལ་ཕུན་སུམ་ཇེ་ཚོགས་སུ་བཏང་། ཀུང་སིས་ནང་འདྲེན་བྱས་པའི་སྒོ་ང་འཕྲུལ་ཆས་དབྱེ་འབྱེད་ཐོན་སྐྱེད་བྱ་རིམ་དང་བྱ་སྤུ་བཙན་བརྗེ་ལག་རྩལ་སོགས་ཀྱི་སྲོལ་རྒྱུན་གྱི་གསོ་སྟངས་དེ་དེང་རབས་ཅན་དང་ཚན་རྩལ་ཅན་གྱི་ཕྱོགས་སུ་བསྒྱུར་ནས་ཡུལ་དེའི་ཞིང་ལས་ཐོན་ལས་ཀྱི་རིམ་སྤར་ལ་མ་དཔེ་བསྟན།

ཀུང་སིས་བྱ་དེ་གསོ་བའི་གོ་རིམ་ཁྲོད་དུ་བྱུང་བའི་བྱ་རྟུག་མཐའ་འཁོར་གྱི་ཞིང་པར་འཚོང་བཞིན་ཡོད་ལ། དེ་ལྟར་བྱས་ན་བྱ་རྟུག་གིས་ཁོར་ཡུག་ལ་བཟོས་པའི་སྦགས་བཙོག་མེད་པར་བཏང་སྟེ། གད་སྙིགས་ཐོན་ཁུངས་ཅན་དུ་བཀོལ་བ་མངོན་འགྱུར་བྱས་པས། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་ཕན།

དེ་ལས་གཞན། ཀུང་སིས་སྡེ་བའི་ནང་གི་ས་ཞིང་གླས་པར་ལོ་རེར་སྡོང་སྐམ་སྡེ་བར་གླས་ཡོན་སྒོར་ཁྲི40རེ་བྱིན་ཏེ། སྡེ་མི་རྣམས་ལ་གཏན་འཇགས་ཀྱི་ས་ཞིང་གླས་པའི་ཡོང་སྒོ་བསྐྲུན་ཡོད། ཀུང་སིའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ། བྱ་གསོ་ར་བའི་ནང་དུ་ཡུལ་དེའི་སྡེ་མི་དམིགས་བསལ་གྱིས་སྡུད་བཞིན་ཡོད་པར་མ་ཟད། ད་རུང་ཁོ་ཚོར་གསོ་སྦྱོང་དང་སློབ་སྦྱོང་གི་གོ་སྐབས་བསྩལ་ནས་སྡེ་མི་རྣམས་ལ་སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་དང་དོ་དམ་ཉམས་མྱོང་ཁོང་དུ་ཆུད་པར་བྱས་ལ། སྡེ་མི་ཚོ་རིམ་བཞིན་རིག་གནས་ཡོད་པ་དང་ལག་རྩལ་ཤེས་པ། གཉེར་སྐྱོང་ལ་མཁས་པ། དོ་དམ་བྱེད་ཤེས་པའི་ཞིང་པ་གསར་པར་སྐྱེད་སྲིང་བྱས་ཏེ་སྡེ་མི་སྤྱི་ཡོངས་ཀྱི་སྤུས་མཚག་མཐོར་འདེགས་བཏང་།

“ཀུང་སིས་ཚོང་ཁྲོམ་ལ་སྒོ་ང་གསར་པ་དང་གནོད་མེད་སྒོ་ང་ཧུར་བརྩོན་གྱིས་མཁོ་འདོན་བྱེད་བཞིན་ཡོད་པར་མ་ཟད། རློན་པར་ཟ་ཆོག་པའི་ཚད་གཞིའི་ཕྱོགས་སུ་རྒྱུན་ཆད་མེད་པར་ཧུར་བརྩོན་བྱེད་བཞིན་ཡོད”ཅེས་ཧྲའན་ཀྲིན་པའོ་ཡིས་འཛད་སྤྱོད་པའི་བདེ་ཐང་ལ་འགན་འཁུར་བའི་ཐོག་མའི་བསམ་འདུན་བཅངས་ནས། སྤུས་ལེགས་ཐོན་རྫས་འཚོལ་སྙེག་བྱེད་པའི་བགྲོད་ལམ་སྟེང་གོམ་པ་བརྟན་པོས་མདུན་སྐྱོད་བྱེད་བཞིན་ཡོད། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། དཔལ་ཆེན།
སྒྲིག་སྦྱོར་པ། དཔལ་ཆེན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章