ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་གྱི་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཟླ11པའི་ཚེས11ཉིན་གྱི་དགོང་མོར། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་ཞང་ཀྲོའུ་ཆུས་ཀྱི་ལུས་རྩལ་ལྟེ་གནས་སུ་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་དོན་ཞིག་བྱུང་བ་དང་། མིག་སྔའི་བར་དུ། མི35རྐྱེན་ལམ་དུ་ཤོར་བ་དང་མི43ལ་རྨས་སྐྱོན་ཚབས་ཆེན་ཕོག
གྱོད་དོན་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་གནང་སྟེ་མཛུབ་སྟོན་གལ་ཆེན་གནང་དོན། ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་ཞང་ཀྲོའུ་ཆུས་ལུས་རྩལ་ལྟེ་གནས་སུ་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་དོན་གྱིས་མི་སྣར་ཤི་རྨས་ཚབས་ཆེན་བཏང་བ་དེ་ནི་ངོ་བོ་ཧ་ཅང་ཐ་ཤལ་ཡིན་པས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་། ཤི་རྨས་བྱུང་བའི་མི་སྣ་དང་དེ་དག་གི་ནང་མིར་སེམས་གསོ་དང་རྗེས་འཇུག་བྱ་བ་ཡག་པོ་བསྒྲུབ་དགོས། ལག་དམར་ལ་ཁྲིམས་ལྟར་ཉེས་ཆད་དྲག་པོ་གཅོད་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསླབ་བྱ་གཏིང་ཟབ་བླངས་ནས་གཅིག་ཤེས་ཀུན་གྲོལ་གྱིས་ཉེན་ཁའི་འབྱུང་རྩ་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དང་། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་སེལ་བ། ཐལ་དྲག་པའི་གྱོད་གཞི་འབྱུང་བར་སྔོན་འགོག་ནན་མོ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་བསྟན་དོན། རྨས་མ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་པ་དང་རྗེས་འཇུག་ལས་དོན་ཡག་པོར་བསྒྲུབས་ཏེ། གྱོད་དོན་གནས་ཚུལ་མགྱོགས་མྱུར་གྱིས་རྩད་གཅོད་དང་འབྲེལ་ལག་དམར་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། སྔོན་འགོག་དང་ཚོད་འཛིན་ཟུང་འབྲེལ་བྱས་ནས། དངོས་གནས་ཉེན་ཁ་དང་བྱུར་རྐྱེན། སྤྱི་ཚོགས་ཀྱི་འགལ་བ་གྲལ་བཤེར་དང་སེལ་བཅོས་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལྟར། ཀྲུང་དབྱང་གིས་ལས་དོན་ཚོགས་ཆུང་ས་གནས་དེ་གར་བྱ་བར་མཛུབ་ཁྲིད་དང་བཀོད་སྒྲིག་བྱེད་པར་མངགས་པ་དང་། ཀོང་ཏུང་ཞིང་ཆེན་དང་ཀྲུའུ་ཧའེ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། གྱོད་གཞི་རྩད་ཞིབ། སྤྱི་ཚོགས་ངོས་ཀྱི་སྔོན་འགོག་ཚོད་འཛིན་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། མིག་སྔར། བྱ་བ་སོ་སོ་སྒྲུབ་བཞིན་པའི་སྒང་ཡིན། །
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།