གཅིག གླེང་གཞིའི་རྒྱབ་ལྗོངས།
དེ་སྔ་ང་རང་ཁྲིམས་འཛིན་ཁང་གི་བྱ་བར་འཇུག་དུས། མཚོ་ལས་སྨི་སྟོང་གསུམ་ཡན་གྱི་འབྲོག་ཡུལ་གྱི་ཡུལ་ཚོ་དེ་རུ་མི་གྲངས་སྟོང་གསུམ་ལས་མེད་ཀྱང་ལོ་རེར་གྱོད་དོན་གྲངས་ཀ་ལྔ་བཅུ་ལྷག་ཡོད་ཅིང་། གྱོད་དོན་མང་ཆེ་ཤོས་ནི་གཉེན་འཐོར་སྐོར་གྱི་རྩོད་གཞི་ཤ་སྟག་ཡིན། དེ་དུས་ངས་བཤད་པའི་སྐད་ཆ་ཆེས་མང་ཤོས་དེའང“བྱིས་པ་ཨེ་ཡོད”དང་། “གཙོ་བོ་བྱིས་པ་ལ་འདང་ཞིག་རྒྱོབས།” ཡང་ན“བྱིས་པར་རྒྱུན་དུ་འབྲེལ་འདྲིས་བྱ་དགོས”ཞེས་པ་སོགས་ཡིན་ལ། བཟའ་ཟླ་ཕོ་མོ་ཟུང་གི་རྩོད་གཞིའི་ཁུངས་སྣེ་རེ་རེའང“ཁ་པར་ནང་གི་བཟའ་འདྲེ”ཞེས་པའི་གཟུགས་མེད་ཀྱི་ཕུང་ཀྲོལ་ཞིག་གིས་སྤྲུག་སྤྲུག་བྱེད་ཀྱིན་འདུག
ཉེ་ལམ། སློབ་ལོ་རན་པའི་བྱིས་པ་སྐོར་ཞིག་སློབ་གྲྭར་མི་འོངས་བའི་གནས་ཚུལ་འདུག་ཅིང་ཆེད་དུ་དེའི་སྐོར་ལ་རང་གིས་རྒྱུས་ལོན་རགས་ཙམ་བྱས་པའི་མཇུག་འབྲས་ནི། གཉེན་འཐོར་གྱི་བྱིས་པའམ་གསོན་བྲལ་བཏང་བའི་བྱིས་པའི་ཁ་གྲངས་མང་ཤོས་ཟིན་ཡོད་པ་མ་ཟད། བྱིས་པ་དེ་དག་གི་གཤིས་ཀ་དང་སེམས་ཁམས་ཀྱང་གློག་བརྙན《མེ་ཏོག་དཀར་པོ》ལས་བརྗོད་པ་ཇི་བཞིན་ཆད་ལྷག་དང་སོམ་ཉི། ཧ་ཅང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཞིག་འདུག སྣང་ཚུལ་དེ་དག་གི་ལྟག་རྒྱབ་ཏུ། ང་ལ་བག་ཆགས་ཆེས་ཟབ་པ་ནི་དེ་སྔ་འདུམ་འགྲིག་ཁང་ལ་འོངས་བའི་བཟའ་ཚང་དེ་དག་གི་གམ་ན་སེམས་ཀྱི་སྡུག་གཏམ་སྨྲ་སྒོ་ནས་འགག་ཅིང་། འཚོ་བའི་འདུན་མ་ངེས་སོ་རང་མེད་པར་ལུས་པའི་བྱིས་པ་དེ་ཚོའི་འོད་ཀྲིག་ཀྲིག་གི་མིག་ཟུང་དེ་གཉིས་རེད། མིག་ཟུང་དེ་དག་སྔར་བཞིན“མེ་ཏོག་དཀར་པོའི”མིག་ཟུང་ཇི་བཞིན། ནམ་ཡང་ཕ་འཛོམ་མ་འཛོམ་གྱི་ཁྱིམ་གཞི་ཞིག་མཁོ་བཞིན་འདུག ཕ་མ་དང་གཉེན་ཚན་གྱིས་བསྐོར་བའི་ཕ་ཡུལ་གྱི་དགོད་སྒྲ་ཞིག་ཐོས་འདོད་ཆེ། སེམས་ཀྱི་འདུ་འགོད་སྤྲིན་ལྟར་འཁྲིགས་པའི་ངའི་སྣང་ངོར་ཡང་གློག་བརྙན་འདིའི་སྐོར་གྱི་བརྙན་དཔྱད་ཐུང་ངུ་ཞིག་འབྲི་བའི་ཀུན་སློང་དུ། འོད་ཀྱི་བུ་ཆུང་ངམ་བུ་མོ《མེ་ཏོག་དཀར་པོས》འཚོ་བའི་སྟོང་ཆ་བཙལ་བའི་འགྲུལ་བཞུད་སྐོར་ནས་རགས་ཙམ་གླེང་ན།
གཉིས། གློག་བརྙན་འཚམས་སྦྱོར།
འཁྲབ་ཁྲིད་པ་མཁར་བྱམས་རྒྱལ་ལགས་ཀྱི《མེ་ཏོག་དཀར་པོ》ཞེས་པའི་གློག་བརྙན་ལས་ཕ་མ་འཐོར་བའི་བུ་མོ་ཞིག་གམ་གསོན་བྲལ་བཏང་བའི་མེ་ཏོག་དཀར་པོ་ཞེས་པའི་བུ་མོ་ཆུང་ཆུང་ཞིག་གི་འགྲོ་འདུག་སྤྱོད་གསུམ་བརྒྱུད་དེ། ཁོ་མོའི་ཕ་ཡུལ་གྱི་བཞུད་ལམ་དང་ཕ་ལོ་དྲན་ཚུལ། ཁ་པར་གྱིས་དཀྲོགས་བཞིན་པའི་འབྲོག་རུའི་ལྷིང་འཇགས། གཉེན་འཐོར་གྱིས་བསྐྱལ་འོངས་བའི་བསམ་གཞིག་སོགས་དངོས་བཤུས་ཀྱི་བསྒྱུར་སྟངས་བེད་སྤྱད་དེ་བྱུང་རིམ་ཞིབ་བརྗོད་བྱས་ཡོད་ལ། སྐབས17པའི་ལྷོ་ཁོ་རེ་ཡའིEIDFརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་ཐོབ་མྱོང་།
གསུམ། གློག་བརྙན་གྱི་བརྗོད་དོན།
(1)རང་ཉིད་འཚོལ་བ།
མེ་ཏོག་དཀར་པོ་ནི་ཆུང་དུས་ནས་ཕ་མ་གཉིས་འཐོར་ཞིང་ཨ་མྱེས་དང་ཨ་ཕྱིའི་གམ་དུ་ནར་སོན། རིམ་བཞིན་ད་ཕྲུག་སློབ་གྲྭ་འགྲིམ་པའི་སྐབས་སུ་ད་གཟོད་རང་ཉིད་ཀྱི་ཕ་ཨ་དེ་འཚོལ་འདོད་པ་དང་། རང་ཉིད་ཀྱི་ཕ་ཡུལ་ངོ་མའམ་སྐྱེ་ས་སྐྱེ་ཡུལ་དེ་འཚོལ་འདོད་སྐྱེས། ཁོ་མོའི་རང་ས་རང་ཡུལ་དང་རང་གི་ལམ་རྨི་ཁྲོད་ཀྱི་ཨ་ཕ་བཙལ་བའི་གོ་རིམ་དེ་མ་གཞི་ནས་རང་ཉིད་འཚོལ་བའི་གོ་རིམ་ཞིག་སྟེ། གློག་བརྙན་ལས་མེ་ཏོག་དཀར་པོས་ཕ་མ་བཙལ་བ་བརྒྱུད་དེ་རང་གི་སྐྱེ་ཁུངས་ལ་རྒྱུས་ལོན་དང་རང་ཉིད་ལ་ངོས་ཟིན། གས་ཆགས་ཤོར་བའི་ནང་སེམས་ཀྱི་སྟོང་ཆ་ཞིག་ལ་སླར་ཡང་ཁ་གསབ་བྱས། མེ་ཏོག་དཀར་པོ་ནི་འབྲོག་པའི་རྩྭ་ཐང་ནས་སྐྱེས་པའི་འབྲོག་ཕྲུག་ཅིག་ཡིན་རུང་རྩྭ་ཐང་གི་འཚོ་བ་ལ་ཆ་རྒྱུས་ཆེན་པོ་མེད་པ་འདྲ། ཐ་ན“རྟའི་རྙེད་མདོའི”མིང་ཡང་ཤེས་ཀྱིན་མི་འདུག འོན་ཀྱང་ཁོ་མོར་རྩྭ་ཐང་དུ་སླེབས་མ་ཐག རྟ་བཞོན་པ་དང་བེའུའི་སྐེད་ཐག་ལ་འཐམ་པ། ཨ་ཕའི་རྡུང་ལེན་ལ་ཉན་པ་སོགས་ལས་ཁོ་མོར་སྔར་མེད་ཀྱི་བདེ་སྐྱིད་ཅིག་ཐོབ་འདུག བདེ་སྐྱིད་དེ་དང་ཀུན་སློང་དེ་ནི་གློག་བརྙན་གྱི་སྔ་དུམ་ལས་སྤྲོས་བརྗོད་བྱས་པ་ནང་བཞིན། སློབ་རའི་ནང་དུའང་བྱིས་པ་ཚོས་རང་གི་ལྭ་བ་བཀྲུ་བ་དང་། དགུན་འཁྱགས་ཀྱི་ཁ་བའི་ནང་དུ་རྩེད་མོར་གཡེང་བ། གླུ་ལེན་གར་རྩེད་ལ་མཁས་པ། མཐོ་སྒང་གི་ཁ་ཆར་དང་བུ་ཡུག་ལ་གདོང་གཏོད་ཐུབ་ཅིང་གཟོད་བསྲན་ཆེ་བ། བབ་ཆགས་ཀྱི་འཚོ་བར་གོམས་ཤིང་སྟབས་བདེ་ལ་དགའ་བ་སོགས་ལས་ཁོ་ཚོའི་ཤ་གསེང་རུས་གསེང་ལ་འཐིམས་པའི་འབྲོག་པའི་བྱིས་པ་ཞིག་གི་རང་གཤིས་དེ་དམར་བརྗེན་དུ་མངོན་འདུག དེ་བཞིན་ཆད་ལྷག་ཤོར་བའི་ཁྱིམ་ཚང་ཞིག་གི་ཁོར་ཡུག་འོག་ནར་སོན་པའི་བུ་མོ་མེ་ཏོག་དཀར་པོ་ལ་མཚོན་ནའང་ཨ་ཕ་རྙེད་རྗེས་རང་ཉིད་ལ་ངོས་ཟིན་དང་རྩྭ་ཐང་རྙེད་རྗེས་རང་ཡུལ་ལ་ངོས་འཛིན་ཐོབ། དེའང་ཁོ་མོས་བཤད་པ་ནང་བཞིན“ཨ་ཕར་ངོ་ཐུག་རྗེས་ལྷ་ངོ་འཕྲད་པ་དང་འདྲ”ཞེས་པ་དང“ཨ་ཕའི་འཚོ་བ་སྐྱིད་པོ་རེད་བསམ་ན་རང་གི་སེམས་ཀྱང་བདེ་མོ་རེད”ཟེར་བ་སོགས་ལས་ཀྱང་ཁོ་མོའི་ཁེར་རྐྱང་དང་སོམ་ཉིའི་སེམས་ཁམས་ལ་སྔར་མེད་ཀྱི་བདེ་སྣང་ཐོབ་ཡོད་པ་མཚོན་འདུག
(2)གཉེན་འཐོར་གྱི་ཤུགས་རྐྱེན།
འཁྲབ་ཁྲིད་པས་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་མེ་ཏོག་དཀར་པོའི“རྔ་མ”ཇི་བཞིན་ཁོ་མོའི་ཁྱིམ་ཚང་གི་གནས་བབ་དང་མི་སྣའི་འབྲེལ་བ་སོགས་དངོས་ཐོག་བདེན་འཚོལ་གྱིས་བརྙན་ལམ་དུ་དྲངས་བ་ལས། མེ་ཏོག་དཀར་པོའི་མཐོང་སྣེ་རུ་ཕ་མའི་བརྩེ་དུང་དང་ཁྱིམ་ཚང་གི་འགལ་བ་ལ་ཕྱོགས་གཉིས་ནས་ཚུར་སྣང་བྱས་ཡོད་དེ། ཕྱོགས་གཅིག་ནི་མེ་ཏོག་དཀར་པོའི་ཨ་མྱེས་དང་ཨ་ཕྱི་གཉིས་ཀས་རང་གི་ཚ་མོའམ་མེ་ཏོག་དཀར་པོ་ལ་འདང་རྩིས་ཤིན་ཏུ་ཆེ་མོད། འོན་ཀྱང་འཐོར་ཟིན་པའི་མག་པའམ་མེ་ཏོག་དཀར་པོའི་ཨ་ཕ་ལ་ཟུར་འབུད་གཏོང་གི་ཡོད་པས། མེ་ཏོག་དཀར་པོས་རང་གི་ཨ་ཕར་འབྲེལ་འདྲིས་བྱེད་པར་ཨ་མྱེས་དང་ཨ་ཕྱི་གཉིས་ཀྱི་བཀག་འགོག་ཐེབས་ཀྱི་ཡོད། ཕྱོགས་གཞན་ཞིག་ནི་མེ་ཏོག་དཀར་པོའི་ཕ་མ་གཉིས་ཀྱིས་ཕན་ཚུན་གྱི་བརྩེ་དུང་ལ་རྒྱབ་འགལ་བྱས་ཏེ་བྱིས་པར་མ་ཤི་གསོན་བྲལ་གྱི་སྡུག་བསྔལ་བསྐྱལ་བས། མེ་ཏོག་དཀར་པོ་ལ་མཚོན་ན་ཆེས་དཀོན་པ་ནི་ཕ་འཛོམ་མ་འཛོམ་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་མཁོ་བ་དེ་རེད། འགལ་བ་སོ་སོར་ཇི་ལྟར་སྦྲེལ་ཀྱང་འདྲིས་ཐབས་མེད་པའང་ཆོས་ཉིད་ཞིག་རེད། སྤྱིར་ན་མེ་ཏོག་དཀར་པོ་ལོ14ལོན་རག་བར་དུ་ཨ་ཕའི་ཁ་ངོ་ཙམ་ཡང་མཐོང་མ་མྱོང་མོད། ཁོ་མོས“ཚམ་ཚོམ་མེད་པར་མི་ཞིག་དྲན་འོངས་བ་དེ་ཅི་ཞིག་ཡིན་ནམ”ཞེས་པའི་མཚན་ཉིད་རིག་པའི་བསམ་ཚུལ་ཡང་འདོན་དུས། བརྙན་ལེན་པའང་དྲིས་མེད་དེ། རྒྱུ་མཚན་དྲན་བཞིན་པའི་མི་དེ་ནི་ཁོ་མོས་གཏད་ནས་མཐོང་མ་མྱོང་བའི་རང་གི་ཨ་ཕ་དེ་ཡིན་པས། ཕ་མའི་གཉེན་འཐོར་ནི་བྱིས་པའི་བསམ་ཤེས་མིན་ལ་འབྲེལ་བ་ཆེན་པོ་མེད་པ་མཚོན་ཡོད། དེའང་གློག་བརྙན་གྱི་འཁྲབ་ཚིག་ཞིག་ལས“གཉེན་འཐོར་འདི་རང་ཉིད་ལ་མཚོན་ན་དོན་དག་ཆེན་པོ་ཞིག་མ་རེད་མོད། བྱིས་པར་འདང་རྒྱབ་ན་སེམས་ནས་སྐྱོ་ནི་ཞིག་རེད”ཅེས་པ་ནང་བཞིན། སྐྱོ་སྣང་དེ་ནི་བྱིས་པ་གང་ཞིག་གི་སེམས་ཀྱི་རྨ་ཁའང་ཡིན་ངེས། མེ་ཏོག་དཀར་པོའི་སེམས་ཀྱི་སྐྱོ་སྣང་ངམ་རྨ་ཁ་ནི་འབྲོག་ཕྱོགས་ཀྱི་བྱིས་པ་བརྒྱ་སྟོང་གི་སེམས་ཀྱི་ཚབ་མཚོན་དང་བསྡུས་གཟུགས་ཤིག་སྟེ། ཁ་པར་ལམ་ནས་དགའ་རོགས་འཚོལ་བ་དང་གཉེན་འཐོར་རྒྱུན་འབྱམས་སུ་འགྲོ་བ། བྱིས་པའི་སེམས་ཁམས་ལ་དོ་སྣང་མེད་པ། མདོར་ན་གློག་བརྙན་གྱི་གཉེན་འཐོར་གྱི་བརྗོད་གཞི་འདི་ལས་དེང་རབས་འབྲོག་ཕྱོགས་ཀྱི་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་གནད་དོན་དང་འགལ་བར་ཞིབ་ཕྲའི་ངང་ཐེར་འདོན་བྱས་ཡོད།
(3)རིག་གནས་ཀྱི་རྒྱབ་ལྗོངས་དང་ཐོབ་ཐང་གི་ངོས་འཛིན།
གོ་ལ་ཧྲིལ་པོ་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མི་རྣམས་ཀྱི་ཐོབ་ཐང་ངོས་འཛིན་གྱི་གཅིག་མཐུན་རང་མཐུན་དང་ཕ་ཡུལ་གྱི་ངོས་འཛིན་རང་བཞིན་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད་དེ། དཔེར་ན་གློག་བརྙན་ལས་མེ་ཏོག་དཀར་པོས“ཕ་ཡུལ”ལ་བཟུང་བའི་བལྟ་སྟངས་ནི་ཁོ་མོས་བྲིས་པའི་རི་མོ་ཇི་བཞིན་གངས་རི་དང་རྩྭ་ཐང་། ནོར་ལུག་དང་སྦྲ་གུར། ད་དུང་རང་བྱུང་ཁམས་ན་ཁྲ་ལེམ་མེར་བཞད་པའི་མེ་ཏོག་སོགས་ཡིན་པ་ལས། ཁོ་མོ་གཏན་སྡོད་བྱས་ཡོད་པའི་ཁང་ཁྱིམ་གྲུ་བཞི་དེ་ལ་ཕ་ཡུལ་ཞེས་མི་འབོད་པ་ལྟ་བུ་རེད། ཁོ་མོ་གྲོང་བརྡལ་དུ་འཚོ་བ་རོལ་དུས་ཀྱང་ཨ་མྱེས་ཀྱི་ཁ་ཏོན་དགེ་སྦྱོར་དང་ཨ་ཕྱིས་སྙིང་རྗེ་ཡི་བསམ་པ།(ཙི་གུའང་སྲོག་ཐར་ལ་གཏོང་བ་ལྟ་བུ)ད་དུང་གེ་སར་རྒྱལ་པོའི་སྒྲུང་ལྟ་བུ་སོགས་རིག་གནས་དང་འདུ་ཤེས་ཀྱི་ཤུགས་རྐྱེན་ཟབ་མོ་དང་ཁོར་ཡུག་གི་བབ་ཆགས་འཐུག་པོ་ཞིག་གི་རྐྱེན་ལས། མེ་ཏོག་དཀར་པོའི་ཡང་བོད་ལྭ་གྱོན་པ་དང་བོད་གླུ་ལེན་པ། “ཕ་ནི་ལྷ་འདྲ་བ་ཞིག་རེད”དང་ཡང་ན་“གེ་སར་དང་ཇོ་རུ་གཉིས་ཀ་མི་གཅིག་མིན་ནམ”ལྟ་བུའི་རིག་གནས་ཀྱི་བག་ཆགས་ཤིག་ཟ་ཟུར་ནས་མངོན་འོངས་བ་ལྟ་བུ་རེད། དེ་བས་མེ་ཏོག་དཀར་པོས་ཕ་ཡུལ་འཚོལ་བ་ནི་མདོར་དྲིལ་ན་བས་མཐའི་མི་སྣའི་དུས་རབས་འཕོ་འགྱུར་ཁྲོད་རང་ཉིད་ཀྱི་ཐོབ་ཐང་འཚོལ་ཞིབ་དང་ཕ་ཡུལ་ལ་ཞེན་ཆགས་བྱེད་ཚུལ་གྱི་མཚོན་སྟངས་ཤིག་ཀྱང་རེད།
བཞི། མཇུག་གི་གཏམ།
《མེ་ཏོག་དཀར་པོ》ཞེས་པའི་གློག་བརྙན་འདི་ནི་དངོས་བྱུང་གཏམ་རྒྱུད་ཅིག་སྟེ། ཡང་ན་མིའི་རིགས་ཀྱི་ནང་སེམས་ཀྱི་འཇིག་རྟེན་དང་སྤྱི་ཚོགས་ཀྱི་སྣང་ཚུལ་གཉིས་ལ་བཀོད་སྒྲིག་མེད་པར་རང་བྱུང་གིས་བབས་པའི་དངོས་བཤུས་གློག་བརྙན་ཞིག་རེད། བརྙན་མིག་ལས་བོད་རིགས་བུ་མོ་ཞིག་གི་བབ་ཆགས་ཀྱི་འཚོ་བ་དང་བརྩེ་བའི་མྱོང་བ་ལ་དམིགས་གསལ་གྱི་བརྙན་མིག་སྤྲད་དེ། ཁོ་མོའི་ཁེར་རྐྱང་གི་རྨ་ཁ་ན་རྒྱུ་བའི་སྤྱི་ཚོགས་ཤིག་དང་ཁྱིམ་ཚང་ཞིག་གི་གནད་དོན་བརྗོད་བྱར་བཟུང་ནས། རྒྱ་ཆེ་ལྟད་མོ་བ་ཚོར་བརྩེ་སེམས་ཀྱི་འདུ་འགོད་འཁྲུག་པ། སོམ་ཉིའི་དྲ་བར་ཚུད་པ། བསམ་གཞིག་གི་ཀློངས་སུ་འདྲེན་པའི་ཧ་ཅང་ཕལ་བ་དང་ཡང་ཕལ་བ་མ་ཡིན་པའི་གཏམ་རྒྱུད་ཅིག་མངོན་པར་བྱས་སོ། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།